
༄༅། །ཀྲུང་གོ་དང་ཨ་རི་བར་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་དགོས།
(2013ལོའི་ཟླ་6ཚེས་7ཉིན།)
ད་གིན་ངས་ཙུང་ཐུང་ཨོ་པ་མ་དང་ཞལ་མོལ་ཐེངས་དང་པོ་བྱས་ཏེ། རང་རང་རྒྱལ་ཁབ་ཀྱི་ཕྱི་ནང་སྲིད་ཇུས་དང་། ཀྲུང་ཨ་གཉིས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་དང་དེ་བཞིན་ཐུན་མོང་དུ་དོ་འཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་བཅས་ཀྱི་སྐོར་དྲང་པོ་དྲང་གཞག་གིས་བསམ་འཆར་སྤེལ་རེས་བྱས་པ་དང་འབྲེལ། ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་སོང་། །
ངས་ཙུང་ཐུང་ཨོ་པ་མ་ལ་གསལ་པོར་ཞུས་གསལ་ལ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་བསྐྱར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་འབད་བརྩོན་གྱིས་མངོན་འགྱུར་བྱ་རྒྱུ། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་ཡོང་བའི་བླ་མེད་ཀྱི་བྱ་གཞག་ལ་འབད་བརྩོན་གྱིས་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། །
ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་དར་རྒྱས་ཆེ་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་མངོན་འགྱུར་བྱ་རྒྱུ་དེ་ཡིན་པ་དང་། དེ་ནི་ཞི་བདེ་དང་གོང་འཕེལ་ལ་མཉམ་ལས། མཉམ་ཁེ་བཅས་ཀྱི་ཕུགས་འདུན་ཡིན་ལ། ཨ་རིའི་ཕུགས་འདུན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འདུན་བཟང་དང་གཞི་མཐུན་པ་ཡིན། །
ང་དང་ཨོ་པ་མ་གཉིས་ཀའི་ངོས་འཛིན་ལ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་སྟབས་མགྱོགས་སུ་འགྲོ་བ་དང་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་བྱེད་དགོས་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོའི་མདུན་དུ། ཀྲུང་ཨ་གཉིས་ཀས་ལོ་རྒྱུས་སྟེང་གི་རྒྱལ་ཁབ་ཆེན་པོའི་བར་གདོང་གཏུགས་དང་རྒོལ་རེས་བྱེད་པ་དང་མི་འདྲ་བའི་བགྲོད་ལམ་གསར་པ་ཞིག་ཏུ་སྐྱོད་འོས་པར་མ་ཟད་བསྐྱོད་ཀྱང་ཆོག་པ་རེད། ཕྱོགས་གཉིས་ཀ་མོས་མཐུན་བྱུང་དོན་ལ། ཐུན་མོང་ཐོག་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་རྒྱུ་དང་། ཕན་ཚུན་བརྩི་འཇོག་དང་། མཉམ་ལས་མཉམ་ཁེ་བྱ་རྒྱུ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཀྲུང་ཨ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སྒྱུར་དང་གོང་འཕེལ་ཡོང་བར་རེ་ལྟོས་བྱེད་ཀྱི་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་མཉམ་ལས་ཡག་པོ་བྱུང་ཕྱིན། འཛམ་གླིང་བརྟན་བརླིང་ཡོང་བའི་གྲུ་གཟིངས་གནོན་རྡོ་དང་འཛམ་གླིང་ཞི་བདེ་ཡོང་བའི་སྐུལ་འདེད་འཕྲུལ་ཆས་བྱས་ཆོག་པ་རེད།
ཕྱོགས་གཉིས་ཀས་རིམ་པ་ཁག་གི་སྤེལ་རེས་དང་གྲོས་མོལ་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱུན་ཆད་མེད་པར་ཕན་ཚུན་བར་རྒྱུས་ལོན་དང་ཡིད་ཆེས་ཆེ་རུ་གཏོང་རྒྱུའི་མོས་མཐུན་བྱུང་ཡོད། ང་དང་ཙུང་ཐུང་ཨོ་པ་མ་གཉིས་ཀྱིས་མུ་མཐུད་འཚམས་འདྲི་དང་། གྲོས་མོལ། ཁ་པར། འཕྲིན་ཡིག་སོགས་ཀྱི་ཐོག་ནས་འབྲེལ་གཏུགས་དམ་ཟབ་བྱ་རྒྱུ་ཡིན། ངས་ཙུང་ཐུང་ཨོ་པ་མ་སྟབས་འགྲིག་པའི་སྐབས་སུ་ཀྲུང་གོར་ཕེབས་ནས་གྲོས་མོལ་རེས་སྐོར་གསར་པ་གནང་རྒྱུའི་གདན་འདྲེན་ཞུས་པ་ཡིན། ང་དང་ཙུང་ཐུང་ཨོ་པ་མ་གཉིས་སྔ་ཙམ་འཚམས་འདྲིར་འགྲོ་རེས་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀའི་རུ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ། རེས་སྐོར་གསར་པའི་ཀྲུང་ཨའི་འཐབ་ཇུས་ངོས་ཀྱི་དཔལ་འབྱོར་གླེང་མོལ་དང་། རིག་གནས་སྤེལ་རེས་སྐོར་གྱི་མཐོ་རིམ་འདུན་གྲོས་ལ་གྲུབ་འབྲས་བཟང་པོ་ཐོབ་ཐུབ་པའི་ཁག་ཐེག་བྱ་རྒྱུ་དང་། ཀྲུང་གོའི་རྒྱལ་སྲུང་ཕུའུ་ཀྲང་དང་ཕྱི་འབྲེལ་ཕུའུ་ཀྲང་གཉིས་གདན་ཞུས་ལྟར་ཨ་རི་ལ་འཚམས་འདྲིར་འགྲོ་རྒྱུ་རེད།
ཕྱོགས་གཉིས་ཀས་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། ཁོར་ཡུག སྤྱི་ཚོགས་རིག་གནས། ས་གནས་སོགས་ཁྱབ་ཁོངས་རྒྱ་ཆེན་པོར་མཉམ་ལས་བྱེད་པ་དང་། ཕྱོགས་གང་ཅིའི་ཁེ་ཕན་སྣོལ་སྦྲེལ་གྱི་གནས་སྟངས་ཟབ་སྤེལ་བྱེད་པ། དམག་དཔུང་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་གོང་སྤེལ་གཏོང་བ། དམག་དོན་འབྲེལ་བ་དཔེ་གསར་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་གོང་འཕེལ་ཡོང་བའི་མཉམ་ལས་རྒྱ་སྐྱེད་གཏོང་བ། ཨེ་ཞི་ས་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་ཤུགས་ཆེ་བ་དང་། རྒྱུན་མཐུད་ཐུབ་པ། དོ་མཉམ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་ཡོད།
བྱ་བ་མིས་སྒྲུབ་དགོས་པས། ང་རང་ཀྲུང་ཨ་གཉིས་ཀས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་པར་ཡིད་ཆེས་ཡོད་དེ། ཕྱོགས་གཉིས་ཀར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་པའི་འདུན་པ་ཡོད་པ་དང་གཅིག ལོ་ངོ40ལྷག་གི་ཕྱོགས་གཉིས་ཀའི་མཉམ་ལས་ཀྱི་གསོག་འཇོག་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་རྨང་གཞི་ཡག་པོ་བཏིང་ཡོད་པ་དང་གཉིས། ཕྱོགས་གཉིས་ཀས་འཐབ་ཇུས་དང་དཔལ་འབྱོར་ཐད་ཀྱི་གླེང་མོལ་དང་། རིག་གནས་སྤེལ་རེས་ཐད་ཀྱི་མཐོ་རིམ་གྲོས་བསྡུར་སོགས་གླེང་མོལ་དང་འདུན་གྲོས་ཀྱི་ལམ་སྲོལ90ལྷག་བཙུགས་པས། རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་པར་ལམ་སྲོལ་གྱི་འགན་ལེན་འདོན་སྤྲོད་བྱས་ཡོད་པ་དང་གསུམ། ཕྱོགས་གཉིས་ཀས་མཛའ་བརྩེའི་མངའ་སྡེ་དང་ཞིང་ཆེན་དང་། མཛའ་བརྩེའི་གྲོང་ཁྱེར་ཆ220ལྷག་བསྒྲིགས་ཡོད་པ། ཀྲུང་གོའི་སློབ་མ་ཁྲི19ཡིས་ཨ་རིར་སློབ་གཉེར་བྱེད་བཞིན་ཡོད་པ་དང་། ཨ་རིའི་སློབ་མ་ཁྲི2ཀྱིས་ཀྲུང་གོར་སློབ་གཉེར་བྱེད་བཞིན་ཡོད་པ། ཀྲུང་ཨ་གཉིས་ལ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་པའི་དམངས་འདོད་ཀྱི་རྨང་གཞི་ཟབ་རྒྱས་ལྡན་ཡོད་པ་བཅས་དང་བཞི། མ་འོངས་པར་རྒྱལ་ཁབ་གཉིས་ལ་ཁྱབ་ཆེན་པོའི་མཉམ་ལས་ཀྱི་བར་སྟོང་ཡོད་པ་དང་ལྔ་བཅས་ཀྱིས་ཡིན། །
ཀྲུང་ཨ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་པ་ནི་སྔར་བྱུང་མ་མྱོང་ཞིང་རྗེས་མའང་འབྱུང་དཀའ་བ་ཞིག་རེད། ཀྲུང་ཨ་གཉིས་ཀྱིས་གླེང་མོལ་ལ་ཤུགས་སྣོན་དང་གོང་སྤེལ་ཐད་མཉམ་ལས་ཡིད་ཆེས་ལ་ཤུགས་སྣོན། ལྟ་བ་མི་མཐུན་པར་ལྟ་སྡོམ་བཅས་བྱེད་པའི་གོ་རིམ་ནང་དུ། རྒྱུན་ཆད་མེད་པར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། །
ཀྲུང་ཧྭ་མི་རིགས་དང་ཨ་མེ་རི་ཁ་མི་རིགས་གཉིས་ཀ་རླབས་ཆེན་གྱི་མི་རིགས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་ཡིན་པས། ཕྱོགས་གཉིས་ཀས་ཆོད་སེམས་དང་ཡིད་རྟོན་འཛིན་པ་དང་། ངང་རྒྱུད་རིང་ཞིང་ཐབས་ལ་མཁས་པ། ཆེ་སར་དམིགས་ཤིང་རིང་སར་ལྟ་ལ་ཆུང་ས་ནས་སྒྲུབ་ཅིང་ཕྲ་ས་གསོག་པ་བཅས་བྱས་ན། བྱ་གཞག་འདི་ལེགས་འགྲུབ་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ནི་ཧེག་པས་རྒོལ་བའི་གནོད་འཚེ་ཐེབས་ཡུལ་ཡིན། ཀྲུང་གོ་ནི་དྲ་རྒྱའི་བདེ་འཇགས་ཀྱི་བློ་རྩ་བརྟན་པའི་སྲུང་སྐྱོང་བྱེད་མཁན་ཞིག་ཡིན། ཀྲུང་ཨ་ཕྱོགས་གཉིས་ཀར་དྲ་རྒྱའི་བདེ་འཇགས་ཐད་དུ་གཅིག་མཐུན་གྱི་དོ་འཁུར་ཡོད། ཕྱོགས་གཉིས་ཀས་ཀྲུང་ཨུའི་ཐབས་ཇུས་ངོས་ཀྱི་གླེང་མོལ་སྒྲོམ་གཞིའི་ཁོངས་སུ་དྲ་རྒྱའི་ལས་དོན་ཚོ་ཆུང་འཛུགས་རྒྱུའི་སྐོར་གྲོས་ཐག་བཅད་པར་མ་ཟད། གནད་དོན་དེ་གང་མགྱོགས་ཀྱིས་ཞིབ་འཇུག་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་དོགས་གཞི་ཁྱད་གསོད་ཀྱིས་མཉམ་ལས་བྱས་ཏེ། དྲ་རྒྱའི་བདེ་འཇགས་དེ་ཀྲུང་ཨ་མཉམ་ལས་ཀྱི་བཀྲག་ཆེ་ས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས། །