ཞི་ཅིན་ཕིང་གིས་རྒྱང་སྐྱོད་སྐབས་ཀྱི་དམར་དམག་དང་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་དག“གཅེན་གཅུང་མིང་སྲིང་ལྟ་བུ་ཡིན”ཞེས་གསུངས།

ཁུངས། ཀློག་གྲངས།

རྒྱང་སྐྱོད་ཀྱི་སྐབས་སུ།   དམར་དམག་གྲངས་ཉུང་མི་རིགས་འཚོ་སྡོད་བྱེད་པའི་ཡུལ་གྲུ་བརྒྱུད་ཅིང་། ང་ཚོའི་གྲངས་ཉུང་མི་རིགས་དང་གཅེན་གཅུང་མིང་སྲིང་ལྟ་བུའི་མི་སེམས་འགུལ་བའི་གཏམ་རྒྱུད་ཡག་པོ་མང་པོ་བཞག་ཡོད་།    

2021ལོའི་ཟླ6པའི་ཚེས8ཉིན།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བར་ཕེབས་དུས།  རྒྱང་སྐྱོད་ལམ་བར་གྱི་དམར་དམག་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བའི་སྐོར་ནས་གསུང་བཤད་གནང་ཡོད།

རྒྱང་སྐྱོད་ཀྱི་ལམ་དུ།     དམར་དམག་དེ་སྔར་མིའོ་རིགས་དང་ཡའོ་རིགས།   ཏུང་རིགས།   ཀྲོང་རིགས།   ཐུའུ་ཅ་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ལྷག་གི་འདུས་སྡོད་ཁུལ་དང་མཉམ་འདྲེས་ཁུལ་བརྒྱུད་ཅིང་། དེས་དམར་དམག་རྒྱང་སྐྱོད་ས་ཁུལ་གྱི50%ཡན་ཟིན་ཡོད་ཅིང་།   ལམ་བར་དུ་གྲངས་ཉུང་མི་རིགས་ཁག་དང་མཐུན་སྒྲིལ་མཛའ་མཐུན་དང་།   ཕན་ཚུན་རོགས་རམ་བྱེད་པའི་གཏམ་རྒྱུད་མང་པོ་བཞག་ཡོད།

མའོ་ཙེ་ཏུང་དང་ཧུའེ་རིགས་ཀྱི་ཨ་ཧོང་མ་ཏི་ཧའེ་ཡི“ཁྱིམ་དུ་མཚན་གཞུང་ལ་སྙིང་གཏམ”གླེང་ནས་ཏང་གི་མི་རིགས་སྲིད་ཇུས་དང་འཇར་འགོག་གི་དགོངས་དོན་གསལ་འགྲེལ་བྱས་ཤིང་། ལིའུ་པོ་ཁྲུན་དང་དབྱི་རིགས་གོ་ཅི་ཁྱིམ་རྒྱུད་ཀྱི་འགོ་པ་ཞའོ་ཡེ་ཏན་གཉིས་ཀྱིས་ཁྲག་བཏུང་མནའ་བཅད་སྤུན་ཟླ་བསྒྲིགས་ཏེ། “དབྱི་ཧའེ་མནའ་འབྲེལ”གྱི་གཏམ་རྒྱུད་ཡག་པོ་བཞག་ཡོད།  མགོ་ལོག་པད་མའི་བོད་རིགས་མང་ཚོགས་ཀྱིས་དམར་དམག་དཔུང་ཁག་ལ་དངོས་ཟོག་གྲབས་གསོག་དང་རི་ལམ་དུ་སྣེ་ཁྲིད་བྱས་ནས། “དམར་དམག་ལུང་བའི”གཏམ་རྒྱུད་བཞག་སྟེ་དམག་དམངས་ཀྱི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཡོད།

རྒྱང་སྐྱོད་ཀྱི་སྐབས་སུ།      དམར་དམག་གིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ།    གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ལ་བརྩི་འཇོག་དང་།    ལྷག་བསམ་རྣམ་དག་གིས་མི་རིགས་སོ་སོའི་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ།   རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པར་རྨང་གཞི་བཏིང་བ་རེད།   དེ་དང་ཆབས་ཅིག་རྒྱང་སྐྱོད་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་གནད་དོན་དང་གཞི་རྩའི་རྒྱལ་ཁབ་གནས་ཚུལ་ལ་ངོས་འཛིན་ཇེ་ཟབ་ཏུ་ཕྱིན་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཕྱོགས་གཏན་འབེབས་དང་ལག་བསྟར་བྱེད་པར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རྨང་གཞི་བཏིང་ཡོད།

དུས་ཀྱི་གཙང་བོ་བར་མེད་རྒྱུགས་ཀྱང་།   རྒྱང་སྐྱོད་ཀྱི་ལམ་དུ་བཞག་པའི་མི་རིགས་མཐུན་སྒྲིལ་གྱི་ཐོག་མའི་སེམམ་འདུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།

འཐབ་ལམ་གསར་པ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་རེད།   “མང་ཚོགས་ལ་སྔར་ལས་ལེགས་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གུང་ཁྲན་ཏང་མིས་འཕེལ་རྒྱས་ཀྱི་གཞི་འཛིན་བྱེད་ཀྱི་ཚད་གཞི་ཡིན།    ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་དུ།  གངས་ལྗོངས་མཐོ་སྒང་ནས་ལྕགས་རི་རིང་པོའི་ཕྱི་རོལ་རྩྭ་ཐང་བར་དང་།   ཐེན་ཧྲན་ལྷོ་བྱང་ནས་ལྷོ་ནུབ་མཐའ་མཚམས་བར་མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ལ།   འགྲོ་འོང་དང་།  སྤེལ་རེས།   མཉམ་འདྲེས་བཅས་ཀྱི་ཟབ་ཚད་དང་ཁྱབ་ཚད་སྔར་ལས་རྒྱ་ཆེ་བ་རེད།    མི་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་ན་གཞོན་གྱིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། གྲོང་གསེབ་དར་སྤེལ་དང་། ཚན་རྩལ་གསར་གཏོད། སྤྱི་ཚོགས་ཞབས་ཞུ།    རྒྱལ་སྲུང་མཐའ་སྲུང་སོགས་གཞི་རིམ་གྱི་ཡུལ་དངོས་དང་པོར་མུ་མཐུད་དུ་ལེའུ་གསར་པ་བྲིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ད་ལོའི་ཟླ3པར།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་ལ་འདེམས་ཤོག་མང་པོ་ཐོབ་ནས་གྲོས་འཆམ་བྱུང་སྟེ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་གནང་།    ཟླ7པའི་ཚེས1ཉིན་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་།    ས་གནས་སོ་སོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་དམ་པོར་དམིགས་ཏེ། ཡུལ་བབ་དང་བསྟུན་ནས་དངོས་སྒྲུབ་བྱེད་ཐབས་བཏོན་ཏེ་བཅའ་ཁྲིམས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་ལ་བསྒྱུར་ཡོད།
རྩེ་རིམ་ཇུས་འགོད་དང་ཁྲིམས་སྐྱོང་སྲུང་སྐྱོབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཤིང་།     དེང་མའི་རྒྱང་སྐྱོད་ཀྱི་ལམ་བུའི་སྟེང་མི་རིགས་མཐུན་སྒྲིལ་གྱི་ས་བོན་གཏོར་བར་ད་ལྟ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྟེ།      མི་རིགས་ས་ཁུལ་འཕེལ་རྒྱས་སུ་ཕྱིན་པའི་དཔང་པོར་གྱུར་ནས། གུང་ཁྲན་ཏང་མིས་མི་དམངས་ལ་བཅངས་པའི་ཐོག་མའི་སེམས་འདུན་མཚོན་པར་བྱས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། “རྒྱལ་ཡོངས་ནས་བལྟས་ན།    མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལས་འགན་གྱི་ཆེས་དཀའ་ཚེགས་ཆེ་ཤོས་དེ་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཁག་ཅིག་ཏུ་ཡོད་ལ།   མཐའ་མཚམས་ཀྱི་མི་རིགས་ས་ཁུལ་འདི་དག་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ལམ་བུའི་སྟེང་རྗེས་སུ་ལུས་མི་རུང་། ལོ་འདི་དག་གི་རིང་ལ། མཚོ་སྔོན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བ་ནས་ཡུན་ནན་ཐིན་ཁྲུང་སི་མོ་ལ་དབའ་རིགས་སྡེ་བ་བར་དང་། བོད་ལྗོངས་ཉིང་ཁྲི་དགའ་ལ་གྲོང་ཚོ་ནས་ཀུའེ་ཀྲོའུ་ལི་ཕིང་ཀྲའོ་ཞིན་ཏུང་རིགས་གྲོང་ཚོ་བར་སོགས་མི་རིགས་གྲོང་ཚོ་རེ་རེར་ཕེབས་ཏེ། སྡེ་མིའི་ཁྱིམ་དུ་བསྡད་དེ་གླེང་མོལ་དང་འཕེལ་རྒྱས་ལ་ཇུས་འགོད་གནང་།

ད་ལྟ།       མི་རིགས་ས་ཁུལ་དུ་གྲོང་གསེབ་དར་སྤེལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།      ཁྱད་ལྡན་ཐོན་ལས་དང་དམངས་འཚོའི་ཞན་ཆ་ཁ་གསབ་བྱ་རྒྱུར་དམིགས་ནས། མི་རིགས་ཁག་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་བཞིན་ཡོད།   གྲོང་ཚོ་མང་པོར་ཉིན་རེ་བཞིན་འགྱུར་ལྡོག་གྱི་རྣམ་པ་གསར་པ་ཐོན་ཏེ། མི་རིགས་ཁག་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་དུས་རབས་ཀྱི་ཞབས་རྗེས་བཀོད་ཡོད།

རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་སྐབས་འདིར་བཞུད་ལམ་ལ་ཕྱིར་མིག་བལྟས་ཚེ། ད་ལྟ་མི་རིགས་ས་ཁུལ་དུ་དོན་དངོས་ཀྱི་དམངས་འཚོར་འཕོ་འགྱུར་བྱུང་བ་དེ་རྒྱང་སྐྱོད་ཀྱི་ལམ་བར་དུ་མི་རིགས་མཐུན་སྒྲིལ་གྱི་འདས་དོན་དང་ཕན་ཚུན་འདྲེས་ཡོད།  ལོ་ངོ་90ཡི་རིང་། མཐུན་སྒྲིལ་དང་མཉམ་འདྲེས་རྒྱུན་མཐུད་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།