
༄༅། །བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཨེ་ཞི་འཛུགས་སྐྲུན་བྱེད་དགོས།
(2013ལོའི་ཟླ་10ཚེས་7ཉིན།)
གུས་པར་འོས་པའི་ཀྲུའུ་ཞི་ཝར་ཏ་ན་དང་།
མཁྱེན་ལྡན་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
དེ་རིང་འདི་རུ་ཕྱོགས་ཀྱི་མགྲོན་པོ་གང་ཆེ་གང་དྲག་རྒྱས་འཛོམས་བྱུང་ཡོད་ལ། ལྷ་ཡུལ་ལྟ་བུའི་གླིང་ཕྲན་འདི་རུ་ཨེ་ཞིའི་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་རྣམ་པ་དང་ལྷན་འཛོམས་ཀྱི་གོ་སྐབས་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་། །
ས་ཆ་འདི་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ཡུལ་སྐོར་གནས་མཆོག་རེད་ལ། པ་ལི་སྤེལ་རིམ་དང་། པ་ལི་ལམ་ཐིག་སོགས་ཀྱི་འབྱུང་གནས་ཀྱང་རེད། ཐེངས་འདིའི་ཨེ་ཞི་དཔལ་འབྱོར་མཉམ་ལས་རྩ་འཇུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་པ་ལི་གླིང་ཕྲན་དུ་འཚོགས་པར་ཨེ་ཞི་དང་འཛམ་གླིང་གིས་རེ་ལྟོས་བྱེད་བཞིན་ཡོད། །
མིག་སྔར། འཛམ་གླིང་གི་དཔལ་འབྱོར་སོར་ཆུད་ཡོང་བར་དཀའ་ཚེགས་དང་འཁོན་ཐོགས་ཆེ་བ་དང་། ཨེ་ཞིའི་དཔལ་འབྱོར་འཕེལ་ཕྱོགས་བཟང་པོ་འཛིན་སྐྱོང་བྱས་ཡོད་པ་དང་ཕྱོགས་མཚུངས་འགྲན་སློང་གསར་པ་ཡང་མདུན་དུ་ལྷགས་ཡོད། མི་རྣམས་ཀྱིས་ཐེངས་འདིའི་ཚོགས་འདུ་ནས་འདི་ག་ས་ཁུལ་ཙམ་མ་ཟད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐྱེ་སྟོབས་གསར་པ་སྐྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། །
མཁྱེན་ལྡན་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
འཛམ་གླིང་གི་དཔལ་འབྱོར་སྔར་བཞིན་ལེགས་སྒྲིག་ཟབ་མོ་བྱེད་པའི་དུས་སུ་གནས་ཡོད་པ་དང་། སོར་ཆུད་ཡོང་བའི་རྟགས་ཐོན་ཡོད་ལ། རྨང་གཞི་བརྟན་པོ་མེད་པ་དང་། སྒུལ་ཤུགས་མི་འདང་བ། མགྱོགས་ཚད་སྙོམ་པོ་མེད་པ་བཅས་ཀྱི་གནད་དོན་ཡང་གནས་ཡོད། དར་རྒྱས་ཆེ་བའི་དཔལ་འབྱོར་ཚོགས་སྡེ་གཙོ་བོ་ཁག་གི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ད་དུང་ཐག་གཅོད་བྱུང་མེད་པས། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ངེས་ཀྱི་རང་བཞིན་མངོན་གསལ་ཆེ་བ་རེད། གསར་དར་ཚོང་རའི་དཔལ་འབྱོར་ཚོགས་སྡེའི་འཕར་འགྲོས་དལ་དུ་འགྲོ་བ་དང་། ཕྱི་རོལ་གྱི་ཉེན་ཁ་དང་འགྲན་སློང་ཇེ་མང་དུ་འགྲོ་བཞིན་ཡོད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཏོ་ཧེའི་རེས་སྐོར་གྱི་གྲོས་མོལ་དཀའ་ཚེགས་ཆེ་བར་གྱུར་ཡོད་ཅིང་། ཉོ་ཚོང་དང་མ་རྩ་འཇོག་པའི་ཐད་ཀྱི་སྲུང་སྐྱོབ་རིང་ལུགས་ལ་མངོན་ཚུལ་གསར་པ་ཐོན་ཡོད། འཛམ་གླིང་དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་དང་སྐྱོན་བྲལ་ངང་སྐྱེ་འཚར་ཡོང་བར་དུས་ཡུན་རིང་ལ་འཁོན་ཐོགས་ཆེ་བའི་བརྒྱུད་རིམ་ཞིག་བགྲོད་དགོས། །
འཛམ་གླིང་དཔལ་འབྱོར་གྱི་གནས་བབ་ལས་བྱུང་བའི་འགྲན་སློང་གསར་པའི་མདུན་དུ། དར་རྒྱས་ཆེ་བའི་དཔལ་འབྱོར་ཚོགས་སྡེ་ཡིན་ནའང་འདྲ་ལ། ཡར་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་སྡེ་ཡིན་ན་འདྲ། ཚང་མས་འཕར་སྣོན་ཡོང་བའི་སྒུལ་ཤུགས་གསར་པ་ཧུར་བརྩོན་གྱིས་འཚོལ་བཞིན་ཡོད། །
འཕར་སྣོན་ཡོང་བའི་སྒུལ་ཤུགས་གང་ནས་འབྱུང་ངམ་ཞེ་ན། ངས་བལྟས་ན་བསྒྱུར་བཅོས་དང་། ལེགས་སྒྲིག གསར་གཏོད་བཅས་བྱེད་པ་ལས་འབྱུང་གི་རེད། ཨེ་ཞི་ནི་ནམ་ཡང་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་འཕྲུལ་གལ་ཆེན་ཞིག་ཡིན་པས། འཛམ་གླིང་དཔལ་འབྱོར་སོར་ཆུད་ཡོང་བར་སྒུལ་ཤུགས་ཀྱིས་མི་འདང་བའི་གནས་ཚུལ་འོག་ཨེ་ཞིའི་དཔལ་འབྱོར་ཚོགས་སྡེ་ཡིས་ཀུན་གྱི་སྔོན་མ་བྱེད་ཕོད་པའི་བློ་སྟོབས་བསྐྱེད་དེ། གོང་སྤེལ་གསར་གཏོད་དང་། འཕར་སྣོན་སྐུལ་རེས། ཁེ་ཕན་གཅིག་འདྲེས་བཅས་ཡོང་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འཛུགས་རྒྱུར་སྐུལ་འདེད་གཏོང་འོས། དེ་ལྟར་བྱས་ན་གཞི་ནས“ལ་ཀླུང་དགུ་བརྒྱུད་བྱས་མཐར་ལམ་བུ་ཟད་སྙམ་ཡང་། །ལྗོན་སྟུག་མེ་ཏོག་བཞད་ཁྲོད་སླར་ཡང་གྲོང་ཞིག་མཐོང་། །”ཟེར་བ་ལྟ་བུ་ཞིག་བྱུང་ནས། ཨེ་ཞིའི་དཔལ་འབྱོར་གྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བའི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ། །
ཀྲུང་གོས་ད་ལྟ་དེ་འདྲའི་འབད་བརྩོན་བྱེད་བཞིན་ཡོད། ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས7.6%འཕར་ཡོད་པ་དང་། དེ་སྔའི8%ཡན་གྱི་འཕར་ཚད་དང་བསྡུར་ན་དངོས་འབྲེལ་ཅུང་ཟད་དལ་དུ་སོང་ཡོད། གྲོགས་པོ་ལ་ལས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་སེམས་ཁྲལ་བྱུང་ནས་འགའ་ཞིག་གིས་གནད་དོན་འདྲ་མིན་བཏོན་ཡོད་པ་སྟེ། ཀྲུང་གོའི་དཔལ་འབྱོར“ས་ལ་ཧོབ་འབབ” བྱས་མི་ཡོང་ངམ། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་ཨེ་ཐུབ་བམ། ཀྲུང་གོས་དེ་ལ་ཁ་གཏད་ཇི་ལྟར་འཇལ་ཡོང་ངམ། ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་དེས་ཨེ་ཞི་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཡོང་ངམ་ཞེས་སོགས་རེད།
དེའི་ཐད་ང་ལ་ལྟ་ཚུལ་ཁ་ཤས་བཤད་འདོད་ཡོད། །
ཐོག་མར་ངས་ནན་བཤད་ཞུ་རྒྱུ་ནི། ཕྱོགས་གང་ཐད་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ཚེ། ང་ལ་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ཐད་གདེང་ཚོད་ཆེན་པོ་ཡོད། །
དང་པོ། གདེང་ཚོད་དེ་ནི་ཀྲུང་གོའི་དཔལ་འབྱོར་གྱི་འཕར་འགྲོས་དེ་ལུགས་མཐུན་གྱི་བར་མཚམས་དང་སྔོན་དཔག་ཐུབ་པའི་དམིགས་ཚད་དུ་གནས་ཡོད་པ་ལས་བྱུང་བ་ཡིན། ཀྲུང་གོའི་དཔལ་འབྱོར་གྱི་འཕར་འགྲོས་དེ་སྔོན་ཆད་ཀྱི་གྲངས་གནས་གཉིས་ལྡན་ནས་2011ལོར་9.3%དང་། 2012ལོར་7.8%། དེ་ནས་ད་ལོའི་ལོ་སྟོད་དུ་7.6%ལ་བབ་ཡོད་པ་ལ། སྤྱིའི་ཆ་ནས་བར་བརྒལ་བརྟན་པོ་བྱུང་ཡོད། 7.6%གི་འཕར་ཚད་དེས་འཛམ་གླིང་གི་དཔལ་འབྱོར་ཚོགས་སྡེ་གཙོ་གྲས་ཀྱི་ཨང་དང་པོ་ཟིན་ཡོད། ཀྲུང་གོའི་དཔལ་འབྱོར་རྩ་བའི་ཆ་ནས་ཡག་པོ་ཡོད་ཅིང་། དཔལ་འབྱོར་འཕར་སྣོན་དང་དེ་བཞིན་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་གཞན་དག་རྣམས་སྔོན་དཔག་དམིགས་ཚད་ཀྱི་ནང་དུ་ཡོད་པ་དང་། ཚང་མ་བསམ་ཚོད་ནང་ཁོངས་སུ་ཡོད་པ་ལས་བསམ་ཡུལ་ལས་འདས་པ་གང་ཡང་བྱུང་མེད། །
ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་དལ་དུ་སོང་བ་དེ་ནི་ཀྲུང་གོས་རང་འགུལ་གྱིས་སྙོམ་སྒྲིག་བྱས་པའི་འབྲས་བུ་ཡིན། གང་ཡིན་ཟེར་ན། ང་ཚོས་གཏན་འཁེལ་བྱས་པའི་2020ལོར་སླེབས་དུས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམ་ཡོང་འབབ་དེ་2010ལོ་ལས་ལྡབ་གཅིག་འཕར་སྣོན་ཡོང་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན་འཕར་འགྲོས་7%བྱུང་བས་འཐུས། ང་ཚོས་དུས་ཡུན་འབྲིང་རིང་གི་གོང་འཕེལ་དམིགས་འབེན་འདོན་སྐབས་སྔོན་རྩིས་གང་ལེགས་བྱས་ཡོད། ཕྱོགས་མཚུངས་ང་ཚོར་ངོས་ཟིན་བྱུང་དོན། ཀྲུང་གོའི་དཔལ་འབྱོར་ཡུན་རིང་གོང་འཕེལ་འགྲོ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་ན་འཕར་སྣོན་གྱི་མྱུར་ཚད་ཅུང་ཟད་དལ་དུ་གཏོང་དགོས་བྱུང་ནའང་བློ་རྩ་བརྟན་པོས་གྲུབ་ཚུལ་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་རེད། བྱ་གཞག་གང་ཞིག་ཡིན་རུང་འཕྲལ་ཕུགས་གཉིས་ཀར་ལྟ་དགོས་པ་དང་བསམ་བློ་མཐར་ཕྱིན་པ་ཞིག་གཏོང་དགོས་པ་ལས། འཕྲལ་གྱི་ཁེ་ཕན་ལ་བརྔམས་ནས་གཏན་གྱི་ཁེ་ཕན་བརླག་པའི་གོང་འཕེལ་ནི་ཕུགས་མི་བརྟན་པ་ཞིག་རེད། །
གཉིས་པ། གདེང་ཚོད་དེ་ནི་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་དང་ཕན་ནུས་གོམ་སྟབས་བརྟན་པོས་ཇེ་མཐོར་འགྲོ་བ་ལས་བྱུང་བ་ཡིན། ད་ལོའི་ལོ་སྟོད་ཀྱི་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་ཁྱད་ཆོས་ནི་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་བརྟན་པོའི་ངང་ནས་ཡར་རྒྱས་འགྲོ་བ་དེ་རེད། “བརྟན་པོ་”ཞེས་པས་དཔལ་འབྱོར་གྱི་འཕར་སྣོན་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་མཚོན་ཡོད་པ་དང་། “ཡར་རྒྱས་”ཞེས་པས་དཔལ་འབྱོར་གོང་སྤེལ་གཏོང་སྟངས་སྤོ་སྒྱུར་བྱེད་པའི་གོམ་འགྲོས་མགྱོགས་སུ་འགྲོ་བ་མཚོན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་གོང་འཕེལ་དེ་སྔོན་ཚད་ཀྱི་མ་རྩ་འཇོག་པ་དང་ཕྱིར་གཏོང་གིས་སྐུལ་ཁྲིད་བྱ་རྒྱུར་བརྟེན་རྒྱུ་མང་དྲགས་པ་ནས་རྒྱལ་ནང་གི་དགོས་མཁོ་སྤྱི་དང་ལྷག་པར་དུ་འཛད་སྤྱོད་ཀྱི་དགོས་མཁོས་སྐུལ་ཁྲིད་བྱ་རྒྱུར་མང་ཙམ་བརྟེན་པར་འགྱུར་བཞིན་ཡོད། ལོ་སྟོད་ཀྱི་དཔལ་འབྱོར་གཞི་གྲངས་ཐོག་ནས་བལྟས་ན། གྲུབ་ཚུལ་ལེགས་སྒྲིག་བྱས་པའི་སྐུལ་ཁྲིད་ཀྱི་ནུས་པ་རིམ་བཞིན་ཐོན་བཞིན་ཡོད་པ་དང་། ནང་མཁོས་7.5%ཡི་དཔལ་འབྱོར་གྱི་འཕར་སྣོན་སྐུལ་ཁྲིད་བྱས་ཡོད་ཅིང་། དེའི་ནང་ནས་འཛད་སྤྱོད་ཀྱིས་3.4%སྐུལ་ཁྲིད་བྱས་ཡོད། ང་ཚོས་ད་ནས་བཟུང་སླ་བཅོས་ཀྱི་སྒོ་ནས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ཁོ་ནའི་ཐོག་སུ་འཇོན་སུ་དཔའ་ལ་མི་ལྟ་བར། དཔལ་འབྱོར་འཕར་སྣོན་གྱི་སྤུས་ཚད་དང་ཕན་ནུས་མཐོ་རུ་གཏོང་བར་གཞི་ཚུགས་དགོས་པ་ནན་བཤད་བྱེད་ཀྱི་ཡོད། དོན་དངོས་ལས་ར་སྤྲོད་བྱུང་གསལ། སྲིད་ཇུས་འདི་ནི་འགན་འཁྲི་འཁུར་བ་ཞིག་ཡིན་པ་སྟེ། ཀྲུང་གོ་རང་ཉིད་ལ་འགན་འཁྲི་འཁུར་ཡོད་པས་མི་ཚད་འཛམ་གླིང་ལའང་འགན་འཁྲི་འཁུར་ཡོད་པ་ཞིག་རེད། །
གསུམ་པ། གདེང་ཚོད་དེ་ནི་ཀྲུང་གོའི་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་ཆེན་པོ་ལས་བྱུང་བ་ཡིན། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་འགྲོ་བའི་ནང་སྐྱེས་སྒུལ་ཤུགས་དེ་ཇེ་ཆེར་འགྲོ་བཞིན་ཡོད་པར་མ་ཟད་མུ་མཐུད་ཇེ་ཆེར་འགྲོ་རྒྱུ་རེད། བསྟུད་མར་སྤེལ་བཞིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དེས་ཀྲུང་གོ་བ་དུང་ཕྱུར་མང་པོ་གྲོང་གསེབ་ནས་གྲོང་ཁྱེར་དུ་སྐྱོད་པ་དང་། སྔར་ལས་མཐོ་བའི་འཚོ་བའི་ཆུ་ཚད་སྙེག་པར་བར་སྟོང་གསར་པ་བསྐྲུན་རྒྱུ་རེད། ཀྲུང་གོའི་སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ནས་རབས་གསར་པའི་ངལ་རྩོལ་པ་རྣམས་བྱང་ཚད་སྔར་ལས་མཐོ་བ་དང་། མཐོང་རྒྱ་སྔར་ལས་ཆེ་བ། ནུས་རྩལ་སྔར་ལས་འཇོན་པ་བཅས་ཀྱི་དེང་རབས་ཅན་དང་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣར་འཚར་ལོངས་ཡོང་གི་རེད། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་དང་། ཚན་རྩལ་གསར་གཏོད་དང་གསར་དར་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་བྱ་རྒྱུ་ཡིན། ཀྲུང་གོས་ནང་མཁོ་དང་འཛད་སྤྱོད་ཚོང་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏང་རྒྱུ་ཡིན་པས། དགོས་མཁོ་དང་འཛད་སྤྱོད་ཀྱི་ཤིན་ཏུ་ཆེ་བའི་སྒུལ་ཤུགས་ཐོན་ཡོང་གི་རེད། ཀྲུང་གོས་མི་རྩ་བར་འཛིན་པའི་ལྟ་བ་རྒྱུན་འཁྱོངས་བྱས་ནས་གོང་འཕེལ་གྱི་གྲུབ་འབས་དེ་ས་ཁུལ་སྔར་ལས་མང་བ་དང་མི་དམངས་སྔར་ལས་མང་བར་ཕན་པའི་གསོས་སུ་འགྲུབ་པར་སྐུལ་འདེད་གཏོང་གི་ཡིན། དེ་དག་ཚང་མ་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོར་འཕོ་འགྱུར་ཡོང་གི་རེད།
བཞི་པ། གདེང་ཚོད་དེ་ནི་ཨེ་ཞིའི་གོང་འཕེལ་གྱི་མདུན་ལམ་ཡག་པོ་ལས་བྱུང་བ་ཡིན། ཨེ་ཞིའི་དཔལ་འབྱོར་ཚོགས་སྡེ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་འོག་ཨེ་ཞི་ས་ཁུལ་གྱི་གྲོན་དངུལ་དང་། ཆ་འཕྲིན། མི་སྣ་བཅས་ཀྱི་འཁོར་རྒྱུག་དེ་ཆུ་ཚད་མཐོན་པོར་སླེབས་ཡོད་པ་དང་། ཐོན་ལས་ཀྱི་ལས་བགོས་ཉིན་རེ་བཞིན་ཞིབ་གསལ་དུ་འགྲོ་བཞིན་ཡོད་ལ། ཨེ་ཞིའི་ཚོང་ར་ཆེན་པོ་རགས་ཙམ་ཆགས་ཟིན་ཡོད་པ་རེད། ད་ལྟ་གྲབས་གཤོམ་བྱེད་བཞིན་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་གསར་པ་དེས་ཨེ་ཞི་ས་ཁུལ་ལ་དགེ་མཚན་མང་པོ་སྒྲིལ་ཐུབ་ཀྱི་རེད། ཨེ་ཞིའི་དཔལ་འབྱོར་ཚོགས་སྡེ་ཁག་གི་ཉེན་ཁ་འགོག་ནུས་ཆེས་ཆེར་རྒྱས་ཡོད་པ་དང་། དངུལ་བརྗེ་འཛའ་ཐང་གི་ལམ་སྲོལ་སྔར་བས་སྟབས་བསྟུན་ཐུབ་པ་བྱུང་ཡོད་པ། ཕྱི་དངུལ་གསོག་འཇོག་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད་པ། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དངུལ་རྩའི་བཀོད་སྒྲིག་སྣ་ཚོགས་ཀྱིས་སྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་བར་ལམ་སྲོལ་ངོས་ཀྱི་ཁག་ཐེག་འདོན་སྤྲོད་བྱས་ཡོད། ཀྲུང་གོས་ཨེ་ཞིའི་གོང་འཕེལ་གྱི་མདུན་ལམ་ལ་ཡིད་ཆེས་བཅངས་ཡོད། ཨེ་ཞིའི་དཔལ་འབྱོར་འཕར་སྣོན་ཡོང་བའི་ཁོར་ཡུག་ཆེན་པོའི་ཕན་སྐྱེད་ལས་ཀྲུང་གོས་རང་ཉིད་གོང་འཕེལ་ཡོང་རྒྱུ་མངོན་འགྱུར་བྱེད་པ་དང་དུས་མཚུངས་རང་ཉིད་ཀྱི་གོང་འཕེལ་ལ་བརྟེན་ནས་ཨེ་ཞིའི་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་ཕུལ་ཡོད། མཉམ་འགུལ་བྱེད་སྟངས་དེ་རིགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་རྒྱུ་ཡིན་པས། ཨེ་ཞི་ས་ཁུལ་གྱི་གོང་འཕེལ་ལ་གོ་སྐབས་སྔར་ལས་མང་བ་ཞིག་སྐྲུན་ཐུབ་པར་ང་ཡིད་ཆེས་ཡོད། །
ང་རང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། དུས་མཚུངས་དགོས་མཁོ་མར་ཆག་པ་དང་། ཐོན་ནུས་ལྷག་ཐལ་ཆེ་བ། ས་གནས་ཀྱི་བུ་ལོན། གྲིབ་མ་དངུལ་ཁང་སོགས་ཀྱི་གནད་དོན་དང་འགྲན་སློང་ཐད་ངོས་འཛིན་གསལ་པོ་ཡོད་དགོས་པ་མཐའ་འཁྱོངས་དང་། ཕྱི་རོལ་ཁོར་ཡུག་ནས་རྡབ་རྡེག་ཐེབས་སྲིད་པར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁ་གཏད་འཇལ་ཐབས་འོས་འཚམ་སྤྱད་ནས་ཆུ་མ་བྱུང་གོང་ལ་རགས་རྒྱག་བཞིན་ཡོད། །
མཁྱེན་ལྡན་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
ཀྲུང་གོའི་དཔལ་འབྱོར་གོང་འཕེལ་དུས་རིམ་གསར་པ་ཞིག་ཏུ་སླེབས་ཟིན་པ་དང་། ད་ལྟ་སྤེལ་སྟངས་སྤོ་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད་པས། བསྟུད་མར་དཀའ་ལས་ཆེན་པོ་བརྒྱབ་སྟེ་འགག་སྒྲོལ་དཀའ་སེལ་བྱེད་དགོས་ཀྱི་ཡོད། དེས་ན་ལེགས་སྒྲིག་བྱེད་དུས་ཀྱི་ན་ཟུག་དང་། འཚར་ལོངས་ཡོང་དུས་ཀྱི་སེམས་གདུང་ཞར་ལ་མྱོང་ངེས་པ་ཡིན་མོད། འོན་ཀྱང་དེ་དག་ཚང་མ་གཏོང་འོས་པའི་རིན་དོད་ཤ་སྟག་རེད། །
འཇའ་ཚོན་ནི་ནམ་ཡིན་ནའང་ཆར་རླུང་གི་རྗེས་སུ་ཤར་བ་རེད། ཁ་རྒྱུན་དུ་མི་ལས་མཐོ་བའི་རི་མེད། རྐང་པ་ལས་རིང་བའི་ལམ་མེད་ཟེར་བ་དེ་ཅིས་མ་བདེན། རི་བོ་ཇི་ལྟར་མཐོ་བ་དང་ལམ་ཇི་ལྟར་རིང་ནའང་ང་ཚོས་སྙིང་རུས་ལྷོད་མེད་ཀྱིས་མདུན་སྐྱོད་བྱས་པ་ཡིན་ན་དམིགས་ཡུལ་དུ་སླེབས་པའི་དུས་ནི་ཡོད་ངེས་རེད། །
ཀྲུང་གོ་མདུན་དུ་སྐྱོད་དགོས་ན་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་དགོས། མི་དམངས་མང་ཚོགས་ཀྱི་རེ་སྨོན་གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ཡིད་ཆེས་བརྟན་པོ་བསྐྱེད་དེ། ཆབ་སྲིད་ཀྱི་བློ་སྤོབས་དང་བློ་གྲོས་སྔར་ལས་ཆེ་བ་དང་། ཐབས་བཀོད་དང་ཐབས་ཤེས་སྔར་ལས་ནུས་ལྡན་སྤྱད་ནས་བསྒྱུར་བཅོས་སྒོ་འབྱེད་བྱེད་དགོས་པ་དང་། བསམ་བློ་བཅིངས་འགྲོལ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ། སྤྱི་ཚོགས་ཀྱི་གསར་གཏོད་སྐྱེ་སྟོབས་བཅིངས་འགྲོལ་དང་ཆེར་སྐྱེད་བཅས་སྔར་ལས་ལྷག་པ་ཞིག་བྱེད་དགོས། །
ཀྲུང་གོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱི་ཡོངས་ཀྱི་འཆར་གཞི་འགོད་བཞིན་ཡོད་པ་སྟེ། སྤྱིའི་ཆ་ནས་བཤད་ན་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་སྡེབ་གཅིག་ཏུ་བཟུང་ནས། ཧུར་བརྩོན་གྱིས་གོང་སྤེལ་གཏོང་བའི་བརྒྱུད་རིམ་ནང་འབྱུང་བའི་དཀའ་གནད་སེལ་རྒྱུ་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ངོས་ཀྱི་འགལ་རྐྱེན་ཁྱད་གསོད་བྱ་རྒྱུ། བསྒྱུར་བཅོས་བྱས་པ་བརྒྱུད་དེ་དཔལ་འབྱོར་གོང་འཕེལ་ལ་སྒུལ་ཤུགས་གསར་པ་ཁ་སྣོན་བྱ་རྒྱུ་བཅས་ཡིན། །
ང་ཚོས་གཞི་རྩའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་བཏང་སྟེ། ཚོང་རའི་མ་ལག་འཛུགས་པར་ཤུགས་སྣོན་དང་། སྤྱི་ཁོག་སྙོམ་སྒྲིག་དང་། ནོར་ཁྲལ། དངུལ་རྩ། མ་རྩ་འཇོག་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད། སྐྱེད་ཐང་དང་དངུལ་བརྗེ་འཛའ་ཐང་ཚོང་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཟབ་སྤེལ། མི་དམངས་ཤོག་སྒོར་གྱི་འཛའ་ཐང་གི་ལྡེམ་ཆ་ཆེར་སྐྱེད། གོམ་པ་རིམ་བགྲོད་ཀྱིས་མི་དམངས་ཤོག་སྒོར་གྱི་མ་རྩའི་རྣམ་གྲངས་བརྗེ་སྒྱུར་རུང་བ་མངོན་འགྱུར་བཅས་བྱ་རྒྱུ་ཡིན། ང་ཚོས་སྲིད་འཛིན་སྒྲིག་སྲོལ་གྱི་བསྒྱུར་བཅོས་ལ་སྐུལ་འདེད་བྱས་ཏེ། སྲིད་གཞུང་གི་འགན་ནུས་སྤོ་སྒྱུར་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། སྲིད་གཞུང་དང་ཚོང་རའི་འབྲེལ་བ་མཐུན་སྦྱོར་བཅས་སྔར་ལས་ལྷག་པ་བྱས་ཏེ། ཚད་སྔར་ལས་མཐོ་བ་དང་རྒྱ་སྔར་ལས་ཆེ་བའི་སྒོ་ནས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་དུ་ཚོང་རས་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན། ང་ཚོས་ཚན་རྩལ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཚན་རྩལ་གསར་གཏོད་བྱེད་ནུས་ཆེར་སྐྱེད་བྱ་རྒྱུ་དང་། ཁེ་ལས་བྱེད་པོ་ཡིན་པ་དང་ཚོང་རས་ཁྲིད་སྟོན་བྱེད་པ། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱེད་པ་བཅས་ཀྱི་ལག་རྩལ་གསར་གཏོད་ཀྱི་མ་ལག་གསར་པ་ཤུགས་བརྒྱབ་ནས་འཛུགས་རྒྱུ་ཡིན། ང་ཚོས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྐུལ་སྤེལ་དང་། སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་ལ་སྐུལ་འདེད། ཡོང་འབབ་བགོ་བྱའི་ལམ་ལུགས་ཀྱི་བསྒྱུར་བཅོས་ཟབ་སྤེལ། སྤྱི་ཚོགས་འགན་སྲུང་མ་ལག་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་རྒྱུ་ཡིན། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་དང་། ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་ཏན་ཏིག་ངང་སྤེལ་ནས། མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ལེགས་སྐྱེས་གསར་པ་དབུལ་རྒྱུ་ཡིན། །
ང་ཚོས་སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། གཉིས་ཕན་མཉམ་ཁེ་དང་། སྣ་མང་དོ་མཉམ། བདེ་འཇགས་ནུས་ཆེ་བཅས་ཀྱི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཚོ་རྒྱུད་དང་ནང་ས་མཐའ་རྒྱུད་གསུམ་གྱི་སྒོ་འབྱེད་དགེ་མཚན་གསབ་རེས་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ལ་སྣེ་ཁྲིད་བྱེད་པའི་སྒོ་འབྱེད་ས་ཁོངས་ཆགས་པར་བྱེད་པ། ས་ཁོངས་ཀྱི་གོང་འཕེལ་སྐུལ་ཁྲིད་བྱེད་ཐུབ་པའི་སྒོ་འབྱེད་བཙན་ས་སྐྱེད་བསྲིང་བཅས་བྱ་རྒྱུ་ཡིན། ཕྱིར་གཏོང་དང་ནང་འདྲེན་གཉིས་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱི་ཕྱོགས་ཉོ་ཚོང་དོ་མཉམ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བྱ་རྒྱུ་དང་། “ནང་དུ་འདྲེན་པ” དང་ “ཕྱི་རུ་སྐྱོད་པ” གཉིས་གལ་ཆེ་མཉམ་དུ་བཟུང་ནས་རྒྱལ་སྤྱིའི་མ་རྩ་འཇོག་པའི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུ། མ་རྩ་འཇོག་པ་དང་ཉོ་ཚོང་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་བཏང་ནས་ཀྲུང་གོར་ཡོད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་འདྲ་མཉམ་གྱི་ཚོང་གཉེར་བྱེད་པའི་ཁྲིམས་སྐྱོང་གི་ཁོར་ཡུག་བསྐྲུན་རྒྱུ་ཡིན། ང་ཚོས་ཕྱོགས་གཉིས་དང་། ཕྱོགས་མང་། ས་ཁོངས་གཙོ་ཕལ་བཅས་ཀྱི་སྒོ་འབྱེད་དང་མཉམ་ལས་སྡེབ་འཛིན་བྱས་ཏེ། རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་མགྱོགས་པོར་ལག་བསྟར་བྱ་རྒྱུ་དང་། མཐའ་སྐོར་རྒྱལ་ཁབ་ཁག་དང་གཅིག་ལ་གཅིག་སྦྲེལ་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན། །
ང་ཚོར་ངོས་ཟིན་བྱུང་གསལ་ལ། བསྒྱུར་བཅོས་ནི་གསར་བརྗེ་གཏིང་ཟབ་མོ་ཞིག་ཡིན་པས། ཁེ་ཕན་གྱི་འབྲེལ་བ་གནད་ཆེན་ལེགས་སྒྲིག་བྱ་རྒྱུར་ཐུག་ཡོད་པ་དང་། ཕྱོགས་གང་ཅིའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་གཏོང་རྒྱུར་ཐུག་ཡོད། ཀྲུང་གོའི་བསྒྱུར་བཅོས་ནི་འགག་སྒྲོལ་གྱི་དུས་རིམ་དང་ཆུ་གཏིང་ཟབ་སར་སླེབས་ཡོད། རྒྱུ་མཚན་ཅི་ཡིན་ཟེར་ན། ད་ལྟའི་བསྒྱུར་བཅོས་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཧ་ཅང་དཀའ་ཚེགས་ཆེ་བ་དང་། ཚང་མ་འཐོག་དཀའ་བའི་གཉའ་རུས་མཁྲེགས་པོ་ལྟ་བུ་ཤ་སྟག་ཡིན་པས། སྐབས་ཐོག་འདིར་ངར་ཤུགས་ཕུར་ཚུགས་སུ་བསྒྲིམས་ནས་སྒྲུབ་དགོས་པ་ལས། ཚ་མེ་ཚོམ་མེ་དང་བག་འཁུམས་པར་གྱུར་ན་མདུན་དུ་སྐྱོད་མི་ཐུབ་པས་མི་ཚད་རྐང་རྗེས་ལག་བསུབས་བྱས་ཡོང་གི་རེད། །
ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྩ་བའི་རང་བཞིན་གྱི་གནད་དོན་ཐད་དུ་མགོ་རྟིང་གོ་སློག་གི་ནོར་འཁྲུལ་གཏན་ནས་འབྱུང་མི་ཉན་ལ། བྱུང་བའི་དབང་དུ་བཏང་ན་ཟློག་ཐབས་དང་གསབ་ཐབས་ཡོད་པ་མ་རེད། ང་ཚོའི་ལངས་ཕྱོགས་ནི་སྤོབས་པ་ཆེ་ཙམ་དང་གོམ་སྟབས་བརྟན་ཙམ་བྱེད་དགོས་པ་སྟེ། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་སྲོལ་འབྱེད་བྱེད་ཕོད་དགོས་པས་མི་ཚད། བབ་བརླིང་གཟབ་ནན་གྱིས་བསམ་གཞིགས་ཞིབ་མོ་བཏང་རྗེས་གཞི་ནས་སྒྲུབ་ཀྱང་དགོས་པ་རེད། ང་ཚོས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཉའ་རུས་མཁྲེགས་པོ་འཐོག་ཕོད་པ་དང་ཆུ་ཀློང་གཉན་པོ་བརྒལ་ཕོད་པ་བྱས་ཏེ། ལོ་ངོ་མང་པོར་བསགས་པའི་ནད་གཅོང་བཤགས་བཅོས་བྱེད་ཕོད་ཅིང་། བསྒྱུར་བཅོས་དང་སྒོ་འབྱེད་ཀྱི་གོམ་པ་སྤོ་མཚམས་མི་འཇོག་པར་ཏན་ཏིག་བྱེད་དགོས། །
མཁྱེན་ལྡན་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
ཨེ་ཞི་ས་ཁུལ་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོ་ནི་ཁྱིམ་ཚང་ཆེན་པོ་དེའི་ཁོངས་མི་ཞིག་ཡིན། ཀྲུང་གོའི་གོང་འཕེལ་ནི་ཨེ་ཞི་དང་ཁ་འབྲལ་ཐབས་མེད་ལ། ཨེ་ཞི་དར་རྒྱས་ཡོང་བར་ཡང་ཀྲུང་གོ་དང་ཁ་འབྲལ་ཐབས་མེད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དེས་ཨེ་ཞིའི་གོང་འཕེལ་ལ་གོ་སྐབས་སྔར་ལས་ཆེ་བ་ཐོབ་ཀྱི་རེད། །
ཀྲུང་གོས་བློ་རྩ་བརྟན་པོས་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱས་ཏེ་ཨེ་ཞི་མཉམ་ཁེ་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན། ངས་ད་ལོའི་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་སོགས་གནས་ཡུལ་མང་པོར་ཞི་བདེ་ནི་མཁའ་རླུང་དང་ཉི་འོད་ཇི་བཞིན་སྤྱོད་དུས་ཚོར་སྣང་མེད་ཀྱང་མེད་པར་གྱུར་ན་འཚོ་ཐབས་བྲལ་ཞེས་བཤད་མྱོང་ཡོད། ཞི་བདེ་མེད་ན་གོང་འཕེལ་ཞེས་པ་དེ་ཆུ་མགོ་མེད་པའི་ཆུ་མོ་དང་རྩ་བ་མེད་པའི་ཤིང་སྡོང་ལྟ་བུ་རེད། ཁྱིམ་ཚང་མཐུན་ན་དོན་ཀུན་འགྲུབ་ཟེར་བ་ལྟར། ཀྲུང་གོ་ནི་ཨེ་ཞི་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཞིག་ཡིན་པས་ནང་མི་ཡོངས་རྫོགས་དང་འགྲོགས་བདེ་གཤིབ་བདེ་དང་འགྲོ་གྲོགས་སྡོད་གྲོགས་བྱེད་འདོད་ཡོད་ལ། ཨེ་ཞིའི་ཕྱོགས་སོ་སོས་ཀྱང་ཐོབ་དཀའ་བའི་ཞི་བདེ་བརྟན་བརླིང་གི་གནས་བབ་འདི་ལ་གཅེས་སྤྲས་བྱས་ཏེ། ཐུན་མོང་ཐོག་ཡུན་རིང་ཞི་བདེ་དང་མཉམ་དར་མཉམ་རྒྱས་ཡོང་བའི་ཞི་མཐུན་གྱི་ཨེ་ཞི་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད། །
ཀྲུང་གོས་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བྱས་ནས་ཨེ་ཞི་མཉམ་ཁེ་ཡོང་བར་གོ་སྐབས་བསྐྲུན་རྒྱུ་ཡིན། ཀྲུང་གོ་ནི་ཨེ་ཞིའི་དཔལ་འབྱོར་ཚོགས་སྡེ་མང་པོའི་ཉོ་ཚོང་གི་རོགས་ཟླ་ཆེ་ཤོས་དང་། ཕྱིར་གཏོང་གི་ཚོང་ར་ཆེ་ཤོས། མ་རྩ་འཇོག་པའི་འབྱུང་གནས་གལ་ཆེན་བཅས་ཡིན། 2012ལོར་ཀྲུང་གོས་ཨེ་ཤ་ཡའི་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་དེ་50%ལས་བརྒལ་ཡོད། 2012ལོའི་ལོ་མཇུག་བར་དུ་ཀྲུང་གོས་ཕྱི་རྒྱལ་ཚོང་པས་མ་རྩ་བཞག་པའི་ཁེ་ལས་ཁྱོན་བསྡོམས་ཁྲི་ཚོ་76ལྷག་ལ་ཆོག་མཆན་སྤྲད་ཡོད་པ་དང་། ཕྱི་རྒྱལ་ཚོང་པས་ཐད་ཀར་མ་རྩ་བཞག་གྲངས་ཨ་སྒོར་དུང་ཕྱུར་ཁྲི་ཚོ་1.3ལ་སླེབས་ཡོད། ཀུང་གོས་རྒྱལ་ཁབ་དང་ས་ཁུལ་12དང་རང་མོས་ཉོ་ཚོང་སྐོར་གྱི་གྲོས་ཆིངས་བཞག་ཟིན་པ་དང་། ད་ལྟ་གྲོས་མོལ་བྱེད་བཞིན་པ6ཡོད་ལ། དེ་དག་ལས་རང་མོས་ཉོ་ཚོང་གི་རོགས་ཟླ་མང་ཆེ་བ་ནི་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་ཡིན། དེང་ཕྱིན་ལོ་5ཡི་ནང་དུ་ཀྲུང་གོས་ཚོང་ཟོག་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་ཚོ་10ལས་བརྒལ་རྒྱུ་ཡིན་པ་དང་། ཕྱི་ཕྱོགས་ལ་མ་རྩ་འཇོག་ཚད་ཨ་སྒོར་དུང་ཕྱུར་5000ལས་བརྒལ་རྒྱུ་ཡིན་ལ། ཕྱི་རྒྱལ་ལ་ཡུལ་སྐོར་དུ་འགྲོ་ཚད་མི་ཐེངས་དུང་ཕྱུར་4ལས་བརྒལ་རྒྱུ་རེད། ཀྲུང་གོའི་རྒྱལ་ནང་གི་དགོས་མཁོ་སྤྱི་དང་ལྷག་པར་དུ་འཛད་སྤྱོད་དང་མ་རྩ་འཇོག་པའི་དགོས་མཁོ་རྒྱ་ཆེ་རུ་འགྲོ་བ་དེས་ཕྱི་རྒྱལ་གྱི་མ་རྩ་འཇོག་མཁན་ལ་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་བ་སྤྲད་རྒྱུ་རེད། །
ཀྲུང་གོས་ཞི་བདེ་རྒྱ་མཚོའི་ངོགས་གཉིས་ཀར་ཁྱབ་ཅིང་། ཕྱོགས་ཚང་མར་ཕན་ཐོགས་ཡོད་པའི་ས་ཁུལ་མཉམ་ལས་ཀྱི་སྒྲོམ་གཞི་འཛུགས་པར་འབད་བརྩོན་བྱ་རྒྱུ་ཡིན། ཞི་བདེ་རྒྱ་མཚོ་རྒྱ་ཆེན་པོ་ཡོད་ཟེར་དོན་ནི་དེ་ལ་རང་བྱུང་གི་བཀག་བཅད་གང་ཡང་མེད་པས་ཡིན་ལ། ང་ཚོས་ཀྱང་དེ་ལ་རྩོལ་བྱུང་གི་བཀག་བཅད་བཟོ་མི་འོས། ང་ཚོས་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྣེ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ། སྒོ་འབྱེད་ཁོངས་ཡངས་དང་གཉིས་ཕན་མཉམ་ཁེའི་བསམ་པ་བཅངས་ནས་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་སྙོམ་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་ཀྱི་རང་མོས་ཉོ་ཚོང་གི་བཀོད་སྒྲིག་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་གཞི་གཅིག་ཅན་དུ་སྒྱུར་རིམ་ཟབ་སྤེལ་བྱེད་པ། “དབྱི་ཐ་ལིའི་ཐུག་ཕོར་” གྱི་སྣང་ཚུལ་མི་ཐོན་པར་བྱེད་པ། ཞི་བདེ་རྒྱ་མཚོའི་འགྲམ་ངོགས་གཉིས་སུ་སྔར་ལས་དམ་པའི་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཨེ་ཞིའི་ཡུན་རིང་གོང་འཕེལ་མཉམ་གཉེར་བྱེད་དགོས། །
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
“ མུ་མེད་རྒྱ་མཚོར་སྐྱོད་ཅིག་རི་ཁྲོད་པ། །གཡོར་མོ་བཏེགས་ནས་ཡིད་སེམས་རླུང་ལ་རྟོན། །”ཞེས་ཟེར་བ་ལྟར། ཨེ་ཞི་ནི་ང་ཚོ་ཐུན་མོང་དུ་གོང་འཕེལ་ཡོང་བའི་བྱ་བའི་ཡུལ་ཡིན་ལ། ང་ཚོ་ཚང་མ་ཨེ་ཞིའི་རྒྱ་མཚོར་སྐྱོད་བྱེད་ཀྱི་གཡོར་མོ་ཡིན། ཨེ་ཞིའི་མ་འོངས་པའི་གོང་འཕེལ་ནི་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཚང་མའི་ཁེ་ཕན་དང་འབྲེལ་ཡོད། །
ཀྲུང་གོས་ཐེངས་འདིའི་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་རེ་བ་ཆེན་པོ་བཅོལ་ཡོད་ལ། ཨེ་ཞིའི་རོགས་ཟླ་ཚོས་ལག་གདང་སྦྲེལ་ནས་གཅིག་སེམས་གཅིག་གཏད་ཀྱིས་ཐུན་མོང་ཐོག་འཛམ་གླིང་ལ་སྣེ་ཁྲིད་བྱེད་པ་དང་། ཕྱོགས་ཚང་མར་ཕན་ཐོགས་པ། མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཨེ་ཞི་གསར་སྐྲུན་བྱ་རྒྱུའི་རེ་བ་ཡོད། དེའི་ཐད་དུ་ངས་སྨོན་འདུན་4ཞུ་འདོད་ཡོད།
དང་པོ། ཨེ་ཞི་ས་ཁུལ་གྱིས་ཐུན་མོང་ཐོག་གོང་འཕེལ་ཡོང་རྒྱུར་བརྩོན་འོས་པ་རེད། ཨེ་ཞིའི་དཔལ་འབྱོར་ཚོགས་སྡེ་ཁག་ཚང་མ་འབྲེལ་བ་དམ་ཟབ་ཡོད་ལ་ཁེ་ཕན་སྣོལ་མར་འདྲེས་ཡོད་པས། རང་སོ་སོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་ཐོན་ཁུངས་ཀྱི་བགོ་སྒྲིག་ལེགས་སྒྱུར་དང་། ཐོན་ལས་ཀྱི་བཀོད་ཚུལ་འཐུས་ཚང་གཏོང་བ། ཁེ་ཕན་མཉམ་སྤྱོད་བྱེད་པའི་ཨེ་ཞིའི་རིན་ཐང་ཕྲེང་ཐག་འཛུགས་སྐྲུན། ཕྱོགས་ཚང་མར་ཕན་ཐོགས་ཆེ་བའི་ཨེ་ཞིའི་ཚོང་ར་ཆེན་པོ་སྐྱེད་གསོ་བཅས་བྱེད་དགོས། དར་རྒྱས་ཆེ་བའི་དཔལ་འབྱོར་ཚོགས་སྡེ་ཡིས་ཡར་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་སྡེ་ལ་རྒྱབ་སྐྱོར་དང་རོགས་རམ་སྔར་ལས་མང་བ་བྱེད་དགོས་ལ། ཕྱི་མས་ཀྱང་སྔ་རྗེས་སྙེག་གང་ཐུབ་བྱེད་དགོས། གོང་འཕེལ་གྱི་ཧེ་བག་ཆུང་དུ་བཏང་བ་ཡིན་ན་ཨེ་ཞི་ཉིད་གཞི་ནས་ཆུ་རྒྱས་ན་གྲུ་མཐོ་བ་ཡོང་ཐུབ།
གཉིས་པ། ཨེ་ཞི་ས་ཁུལ་གྱིས་སྒོ་མོ་ཕྱེ་བའི་གོང་འཕེལ་རྒྱུན་འཁྱོངས་བྱེད་འོས་པ་རེད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་གྲིལ་རྗེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོགས་སྡེ་13ལོ་ངོ་25ཡི་རིང་ལ་འཕར་སྣོན་མགྱོགས་པོ་བྱུང་ཡོད། དེ་དག་གི་ཐུན་མོང་གི་ཁྱད་ཆོས་ནི་སྒོ་མོ་ཕྱེ་བའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་དེ་རེད། ང་ཚོས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་རང་མོས་དང་། སྒོ་འབྱེད། མཐོང་ཆུང་མེད་པ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས་པ་དང་། རྣམ་པ་སྣ་ཚོགས་ཀྱི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ང་ཚོས་ལག་གདང་སྦྲེལ་ནས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་དང་ས་ཁོངས་མཉམ་ལས་ཀྱི་སྒྲོམ་གཞི་འཛུགས་དགོས་པ་དང་། སྒོ་འབྱེད་དང་ཁོང་ཡངས་ཀྱི་སྙིང་སྟོབས་བསྐྱེད་ནས་ཨེ་ཞིའི་རང་མོས་ཉོ་ཚོང་ཁུལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། །
གསུམ་པ། ཨེ་ཞི་ས་ཁུལ་གྱིས་གསར་གཏོད་ངོས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་འོས་པ་རེད། ནོར་སྲིད་ཀྱི་ངར་སྐུལ་སྲིད་ཇུས་དང་རྒྱུན་ལྡན་མ་ཡིན་པའི་དངུལ་ལོར་སྲིད་ཇུས་གཅིག་པུར་བརྟེན་པའི་འཕར་སྣོན་ནི་ཕུགས་མི་བརྟན་པ་དང་། ཐོན་ཁུངས་འཛད་གྲོན་ཆེ་དྲགས་པ་དང་ཁོར་ཡུག་སྦགས་བཙོག་བྱེད་པའི་རྨང་གཞིའི་སྟེང་གི་འཕར་སྣོན་ནི་ཁེ་གྱོང་གོ་ལྡོག་གི་ལས་རེད། ང་ཚོས་གོང་སྤེལ་གྱི་བསམ་ཕྱོགས་གསར་གཏོད་བྱེད་དགོས་པས་མི་ཚད། གོང་སྤེལ་གཏོང་སྟངས་ཀྱང་གསར་གཏོད་བྱེད་དགོས། བསམ་བློ་གཏོང་སྟངས་རྙིང་པ་དང་སྲོལ་རྙིང་སྣ་ཚོགས་གཏོར་ནས་ལྗང་མདོག་གི་གོང་འཕེལ་དང་། རེས་འཁོར་གྱི་གོང་འཕེལ། ཐཱན་དམའི་གོང་འཕེལ་བཅས་རྒྱུན་འཁྱོངས་བྱེད་དགོས། གསར་གཏོད་ཀྱི་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གསར་གཏོད་ལ་བརྟེན་ནས་གསར་དར་ཐོན་ལས་སྐྱེད་བསྲིང་དང་། གསར་གཏོད་ལ་བརྟེན་ནས་འཕར་སྣོན་གྱི་སྒུལ་ཤུགས་སྔོག་འདོན། གསར་གཏོད་ལ་བརྟེན་ནས་སྲོག་ཤིང་འགྲན་རྩོད་ནུས་པ་ཆེར་སྐྱེད་བཅས་བྱེད་དགོས།
བཞི་པ། ཨེ་ཞི་ས་ཁུལ་གྱིས་སྐུལ་རེས་བྱེད་པའི་གོང་འཕེལ་འཚོལ་སྙེག་བྱེད་འོས་པ་རེད། ཨེ་ཞིའི་དཔལ་འབྱོར་ཚོགས་སྡེ་ཁག་གི་ཁེ་ཕན་སྣོལ་མར་འདྲེས་ཡོད་པས། ལས་དབང་གཅིག་ཏུ་འབྲེལ་ཡོད་ལ། དར་ན་མཉམ་དར་དང་གུད་ན་མཉམ་རྒུད་ཡིན། འགུལ་རྣམ་ཅན་གྱི་དོ་མཉམ་ཕྲེང་ཐག་འདིའི་ནང་དུ་དཔལ་འབྱོར་ཚོགས་སྡེ་རེ་རེའི་གོང་འཕེལ་གྱིས་དཔལ་འབྱོར་ཚོགས་སྡེ་གཞན་དག་ལ་ལྕགས་ཐག་ལག་འབྲེལ་གྱི་ཞོར་འཐེན་བྱེད་ལས་ཐོན་ཡོང་གི་རེད། ང་ཚོས་ཨེ་ཞི་ལས་དབང་གཅིག་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ་རང་ཉིད་ཀྱི་གོང་འཕེལ་ལ་བརྟེན་ནས་གཞན་པའི་གོང་འཕེལ་སྐུལ་ཁྲིད་བྱེད་པ་དང་། མཐུན་སྦྱོར་དང་སྐུལ་རེས་བྱས་ཏེ་རང་རང་སོ་སོའི་དགེ་མཚན་འདོན་སྤེལ་གང་ཆེ་བྱེད་པ། དྲང་ཕྱོགས་ཀྱི་ནུས་སྟོབས་བརྒྱུད་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་གྱི་ཚོགས་སྡེ་ཁག་དགེ་མཚན་ལྡན་པར་སྐུལ་རེས་བྱས་ཏེ། མཐུན་འབྱོར་ངང་གོང་འཕེལ་ཡོང་བའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།
མིག་སྔར། ཨེ་ཤ་ཡའི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་གསར་དར་ཚོང་ར་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་མ་རྩ་བསྡུ་སྒྲུག་གི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ཉེ་དུས་ད་དུང་དཔལ་འབྱོར་མར་ཆག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་དངུལ་རྩའི་ཚོང་ར་ཡོ་ལང་ཆེ་བ་སོགས་ཛ་དྲག་གི་འགྲན་སློང་འཕྲད་ཡོད་པས། གྲོན་དངུལ་སྔར་ལས་མང་བ་སྐུལ་སློང་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་ངང་འཕར་སྣོན་ཡོང་རྒྱུ་མཐའ་འཁྱོངས་དང་། ས་ཁོངས་བར་གཅིག་ལ་གཅིག་སྦྲེལ་བྱ་རྒྱུ་དང་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་དགོས་པ་ཡོད། དེའི་དོན་དུ་ཀྲུང་གོས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་རྩ་འཇོག་པའི་དངུལ་ཁང་གྲབས་འཛུགས་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཚུད་པའི་ས་ཁུལ་འདི་གའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་རྩའི་རྒྱབ་སྐྱོར་བྱེད་འདོད་ཡོད། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་རྩ་འཇོག་པའི་དངུལ་ཁང་གསར་པས་ས་ཁོངས་ཕྱི་ནང་གི་ད་ཡོད་ཕྱོགས་མང་གསར་སྤེལ་དངུལ་ཁང་དང་ལྷན་དུ་མཉམ་ལས་བྱས་ཏེ་ཕན་ཚུན་ཁ་གསབ་བྱེད་རེས་ཀྱི་ཐུན་མོང་ཐོག་ཨེ་ཤ་ཡའི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་ངང་གོང་འཕེལ་ཡོང་བར་སྐུལ་སྤེལ་བྱ་རྒྱུ་ཡིན། །
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
བཟོ་ཚོང་ལས་རིགས་ནི་དཔལ་འབྱོར་དང་ཉོ་ཚོང་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་དཔུང་ཡིན་ལ། ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཡང་རེད། ཀྲུང་གོས་བཟོ་ཚོང་ལས་རིགས་ཀྱི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་ལ། བཟོ་ཚོང་ལས་རིགས་ཀྱི་བསམ་འཆར་དང་གྲོས་གཞི་ཉན་ནས་བཟོ་ཚོང་ལས་རིགས་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་ཕྲ་གསུམ་དཔལ་འབྱོར་གོང་སྤེལ་དང་ས་ཁོངས་མཉམ་ལས་ནང་གཏིང་ཟབ་དང་སྟབས་བདེའི་ངང་ཐེ་ཞུགས་བྱེད་པར་ལམ་དང་ཟམ་པ་སྐྲུན་འདོད་ཡོད། །
ད་ལོའི་ཟླ8པར་ཀྲུང་གོའི་བཟོ་ཚོང་ལས་རིགས་ཀྱིས་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཁོངས་ཀྱི་ཀྲུང་གོའི་བཟོ་ཚོང་ལས་འཛིན་ལྷན་ཚོགས་བཙུགས་ཡོད་པས། ཨེ་ཞིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་གཏན་འབེབས་བྱེད་པའི་ནང་ཟབ་འཇུག་བྱ་རྒྱུར་ལམ་སྲོལ་ངོས་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད་པ་དང་། ཀྲུང་གོའི་བཟོ་ཚོང་ལས་རིགས་ཀྱིས་རྒྱལ་སྤྱིའི་འགན་འཁྲི་འཁུར་བའི་རྣམ་འགྱུར་བཟང་པོ་མཚོན་ཡོད། །
གྲོགས་པོ་མང་ན་ལམ་འགྲོ་ཡོང་ཟེར་བ་ལྟར། འདིར་བཞུགས་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་མང་པོ་ཞིག་ནི་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ནང་ཞུགས་མཁན་རེད་ལ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་རེད། ང་ཚོས་གྲོགས་པོ་རྙིང་པ་བརྗེད་མི་སྲིད་ལ། གྲོགས་པོ་གསར་པའང་སྒྲིག་འདོད་ཡོད། ཀྲུང་གོས་དཔལ་འབྱོར་ཚོགས་སྡེ་ཁག་སྤྱི་དང་ལྷག་པར་དུ་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་ཁེ་ལས་རྣམས་ཀྱིས་ཀྲུང་གོར་མ་རྩ་བཞག་ནས་བྱ་གཞག་སྤེལ་རྒྱུ་དང་། ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ནང་ཧུར་བརྩོན་གྱིས་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་སྐུལ་མ་གཏང་རྒྱུ་ཡིན། གྲོགས་པོ་ཇི་ཙམ་མང་ན་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་བྱ་གཞག་དེ་ཙམ་གྱིས་དར་རྒྱས་ཡོང་ཐུབ་པ་རེད། །
བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་རྣམ་པ་ཚོས་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལས་སྟེགས་འདི་ཉིད་བེད་སྤྱོད་གང་ལེགས་བྱས་ནས། ཨེ་ཞིའི་ཉོ་ཚོང་དང་མ་རྩ་འཇོག་པའི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་རང་ཉིད་ཀྱི་སྐད་སྒྲ་འདོན་པའི་རེ་བ་ཞུ་རྒྱུ་དང་། ཚོང་རའི་ཆ་འཕྲིན་དང་། ལག་རྩལ་སྐྱེད་གསོ། སྐུལ་ཁྲིད་གསར་གཏོད་སོགས་ཀྱི་ཐད་བཟོ་ཚོང་ལས་རིགས་ལ་ཡོད་པའི་དགེ་མཚན་ཧུར་བརྩོན་གྱིས་འདོན་སྤེལ་དང་། འཐབ་ཇུས་རང་བཞིན་དང་སྔོན་ཚོད་རང་བཞིན་གྱི་བསམ་འཆར་འདོན་པ། ཉོ་ཚོང་དང་མ་རྩ་འཇོག་པ་རང་མོས་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་སྒྱུར་བ། ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་གོང་འཕེལ་སོགས་ལ་ཐབས་ཇུས་འདོན་པའི་རེ་བ་ཞུ་རྒྱུ་ཡིན། །
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
2014ལོར་ཀྲུང་གོས་ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་དེར་འབྲེལ་བྱེད་སྒོ་ཁག་གཙོ་གཉེར་བྱ་རྒྱུ་ཡིན། ང་ཚོས་གོ་སྐབས་དེ་དང་བསྟུན་ནས་མ་འོངས་པར་ཁ་ཕྱོགས་ཏེ་སྔར་ལས་དམ་པའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་འཚོལ་ཞིབ་དང་། དོན་འབྲས་ལྡན་པའི་མཉམ་ལས་ཟབ་སྤེལ། ཨེ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་སྔར་ལས་ཆེ་བ་འདོན་པར་སྐུལ་འདེད། ཨེ་ཞི་ཡུན་རིང་གོང་འཕེལ་འགྲོ་བའི་མདུན་ལྗོངས་འཆར་འགོད་བཅས་བྱ་རྒྱུ་ཡིན། །
འདིར་བཞུགས་ཨེ་ཞིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་རྣམ་པ་ཚོ་སྐབས་དེར་པེ་ཅིང་དུ་འཛོམས་ནས་དོན་ཆེན་མཉམ་མོལ་དང་། ལྷན་གཅིག་ཏུ་ཨེ་ཞི་གོང་འཕེལ་ཡོང་བའི་སྐལ་བཟང་གསར་པའི་རྟེན་འབྲེལ་སྒྲིག་ཐུབ་པའི་རེ་བ་ཡོད།
ལྷན་རྒྱས་ཐུགས་རྗེ་ཆེ།