ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ང་དྲུག་པ།༽༄༅། །ཨེ་ཡོར་སྐམ་ས་ཆེན་མོའི་བར་མཛའ་བཤེས་དང་མཉམ་ལས་ཀྱི་གསེར་ཟམ་ཞིག་སྐྲུན་དགོས།

ཁུངས། ཀློག་གྲངས།

༄༅། །ཨེ་ཡོར་སྐམ་ས་ཆེན་མོའི་བར་མཛའ་བཤེས་དང་མཉམ་ལས་ཀྱི་གསེར་ཟམ་ཞིག་སྐྲུན་དགོས།

(2014ལོའི་ཟླ་4ཚེས་1ཉིན།)

ཀྲུང་གོ་དང་ཡོ་རོབ་གཉིས་ལེ་བར་ཁྲི་ཕྲག་གིས་ཆོད་ཡོད་ཀྱང་ཚང་མ་དུས་གཅིག་དང་བར་སྟོང་གཅིག་གི་ནང་དུ་འཚོ་ཞིང་གནས་པས། འཚོ་བའི་ཐད་འབྲེལ་བ་ཆེན་པོ་ཡོད། མིག་སྔར། ཀྲུང་ཡོ་རོབ་གཉིས་ཀ་གོང་འཕེལ་གྱི་གནད་འགག་དུས་སྐབས་ལ་སླེབས་ཡོད་པ་དང་། གཉིས་ཀར་སྔ་ན་མ་མཆིས་པའི་གོ་སྐབས་དང་འགྲན་སྡུར་འཕྲད་ཡོད། ད་གིན་ངས་ང་ཚོས་ཡོ་རོབ་ཀྱི་གྲོགས་པོ་ཚོ་དང་ལྷན་དུ་ཨེ་ཡོར་སྐམ་ས་ཆེན་མོའི་སྟེང་དུ་མཛའ་བཤེས་དང་མཉམ་ལས་ཀྱི་གསེར་ཟམ་ཞིག་བསྐྲུན་རྒྱུའི་སྐོར་གླེང་བ་ཡིན། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཞི་བདེ་དང་། འཕར་སྣོན། བསྒྱུར་བཅོས། ཤེས་དཔལ་བཅས་པའི་གསེར་ཟམ་བཞི་སྐྲུན་དགོས། གོ་ལ་ཧྲིལ་པོར་ཤུགས་རྐྱེན་སྔར་ལས་ཆེ་བའི་ཀྲུང་ཡོར་ཐབས་ཇུས་ངོས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་དགོས། །

——ང་ཚོས་ཞི་བདེ་བརྟན་བརླིང་གི་གསེར་ཟམ་བསྐྲུན་ནས། ཀྲུང་ཡོར་སྟོབས་ཤུགས་ཆེན་པོ་གཉིས་གཅིག་ཏུ་སྤེལ་དགོས། ཀྲུང་གོ་དང་ཡོ་རོབ་མནའ་མཐུན་གྱི་རྒྱུ་ཁྱོན་གྱིས་འཛམ་གླིང་གི་བཅུ་ཆ་གཅིག་ཟིན་ཡོད་པ་དང་། མི་འབོར་གྱིས་འཛམ་གླིང་གི་བཞི་ཆ་གཅིག་ཟིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྔའི་ཚོགས་ནང་དུ་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཀྱི་གདན་ཐོབ3མངའ་ཡོད་པ་རེད། ཞི་བདེ་ལས་དམག་འཁྲུག་མི་དགོས་པ་དང་། ཕྱོགས་མང་ལས་ཕྱོགས་གཅིག་རྐྱང་མི་དགོས་པ། གླེང་མོལ་ལས་རྒོལ་རེས་མི་དགོས་པ་བཅས་ནི་ཕྱོགས་གཉིས་ཀའི་ངོས་འཛིན་གཅིག་མཐུན་ཡིན། ང་ཚོས་གོ་ལ་ཧྲིལ་པོའི་གནད་དོན་ཐད་གླེང་མོལ་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཕྱོགས་སུ་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་དགོས། ཤེས་དཔལ་དང་རིག་གནས་ཁྱབ་སྤེལ་བྱས་ཆོག་ལ། ཞི་བའི་གོང་འཕེལ་ཡང་ཁྱབ་སྤེལ་བྱས་ཆོག་པ་རེད། ཀྲུང་གོར་ཡོ་རོབ་དང་མཉམ་དུ་ཞི་བདེའི་ཉི་འོད་ཀྱིས་དམག་འཁྲུག་གི་མུན་པ་མཐར་སྐྲོད་གཏོང་བ་དང་། ཕུན་ཚོགས་དར་རྒྱས་ཀྱི་མེ་དཔུང་གིས་འཛམ་གླིང་དཔལ་འབྱོར་གྱི་གྲང་ངར་གསོ་བའི་ཐོག་ནས། མིའི་རིགས་ཞི་བའི་གོང་འཕེལ་དང་མཉམ་ལས་མཉམ་ཁེའི་བགྲོད་ལམ་སྟེང་དུ་བསྐྱོད་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད། །

——ང་ཚོས་འཕར་སྣོན་དང་དར་རྒྱས་ཕུན་ཚོགས་ཡོང་བའི་གསེར་ཟམ་བསྐྲུན་ནས། ཀྲུང་ཡོར་གྱི་ཚོང་ར་ཆེན་པོ་གཉིས་གཅིག་ཏུ་སྦྲེལ་དགོས། ཀྲུང་གོ་དང་ཡོ་རོབ་མནའ་མཐུན་གྱི་དཔལ་འབྱོར་སྤྱི་འབོར་གྱིས་འཛམ་གླིང་གི་སུམ་ཆ་གཅིག་ཟིན་པ་དང་། འཛམ་གླིང་གི་གལ་ཆེ་བའི་དཔལ་འབྱོར་གྱི་ཕུང་པོ་ཆེན་པོ་གཉིས་ཡིན། ང་ཚོས་ཐུན་མོང་ཐོག་ཚོང་ར་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མ་རྩ་འཇོག་པའི་གྲོས་ཆིངས་སྐོར་གྱི་གྲོས་མོལ་མགྱོགས་སུ་བྱེད་པ། རང་མོས་ཉོ་ཚོང་ཁུལ་གྱི་འཛུགས་སྐྲུན་སྐོར་ཧུར་བརྩོན་གྱིས་གྲོས་ཞིབ་བྱེད་པ་བཅས་ཀྱི་ཐོག་ནས། 2020ལོར་སླེབས་དུས་ཕྱོགས་གཉིས་ཀྱི་ཉོ་ཚོང་སྤྱི་འབོར་དེ་ཨ་སྒོར་དུང་ཕྱུར10000ཟིན་རྒྱུའི་རླབས་ཆེན་དམིགས་འབེན་འབད་བརྩོན་གྱིས་མངོན་འགྱུར་བྱེད་དགོས། ང་ཚོས་ད་དུང་ཧུར་བརྩོན་གྱིས་ཀྲུང་ཡོ་རོབ་མཉམ་ལས་དང་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འཛུགས་སྐྲུན་ཟུང་འབྲེལ་བྱེད་པའི་སྐོར་འཚོལ་ཞིབ་བྱེད་པ་དང་། ཨེ་ཡོར་ཚོང་རྒྱུ་ཆེན་པོ་འཛུགས་རྒྱུ་དམིགས་ཡུལ་དུ་བྱས་ཏེ། ཨེ་ཡོར་གླིང་ཆེན་གཉིས་ཀྱི་མི་སྣ་དང་། ཁེ་ལས། མ་དངུལ། ལག་རྩལ་བཅས་འཐུག་པོ་བཟོས་ཐོག ཀྲུང་གོ་དང་ཡོ་རོབ་མནའ་མཐུན་གཉིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྐུལ་བྱེད་འཕྲུལ་འཁོར་ཟུང་དུ་འགྱུར་བར་བྱེད་དགོས། །

——ང་ཚོས་བསྒྱུར་བཅོས་དང་ཡར་ཐོན་གྱི་གསེར་ཟམ་བསྐྲུན་ནས། ཀྲུང་ཡོ་རོབ་གཉིས་ཀའི་བསྒྱུར་བཅོས་ཆེན་པོ་གཉིས་གཅིག་ཏུ་སྤེལ་དགོས། ཀྲུང་གོ་དང་ཡོ་རོབ་མནའ་མཐུན་གཉིས་ཀས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་སྔར་བྱུང་མ་མྱོང་བའི་བསྒྱུར་བཅོས་ཀྱི་འཕེལ་རིམ་རྒྱུད་ཀྱིན་ཡོད་ལ། གཉིས་ཀས་སྔོན་རབས་པ་བསྐྱོད་མ་མྱོང་བའི་ལམ་དུ་སྐྱོད་བཞིན་ཡོད། ཕྱོགས་གཉིས་ཀས་སྤྱི་ཁོག་དཔལ་འབྱོར་དང་། སྤྱི་པའི་སྲིད་ཇུས། ས་ཁོངས་གོང་འཕེལ། གྲོང་གསེབ་གོང་འཕེལ། སྤྱི་ཚོགས་དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་སུ་གླེང་མོལ་དང་མཉམ་ལས་བྱེད་དགོས་པ་དང་། ཕྱོགས་གཉིས་ཀའི་བསྒྱུར་བཅོས་ཀྱི་བགྲོད་ལམ་ལ་བརྩི་འཇོག་བྱེད་དགོས་ལ། ཕྱོགས་གཉིས་ཀའི་བསྒྱུར་བཅོས་ཀྱི་ཉམས་མྱོང་དཔེ་ལྟ་བྱས་ཐོག རང་ངོས་བསྒྱུར་བཅོས་ལ་བརྟེན་ནས་འཛམ་གླིང་གི་གོང་འཕེལ་ཡར་རྒྱས་ལ་སྐུལ་འདེད་གཏོང་དགོས། །

——ང་ཚོས་ཤེས་དཔལ་མཉམ་དར་ཡོང་བའི་གསེར་ཟམ་བསྐྲུན་ནས། ཀྲུང་ཡོར་ཤེས་དཔལ་ཆེན་པོ་གཉིས་གཅིག་ཏུ་སྤེལ་དགོས། ཀྲུང་གོ་ནི་ཤར་ཕྱོགས་ཤེས་དཔལ་གྱི་འཐུས་ཚབ་གལ་ཆེན་ཡིན་པ་དང་། ཡོ་རོབ་ནི་ནུབ་ཕྱོགས་ཤེས་དཔལ་གྱི་འབྱུང་གནས་རེད། དེ་ཡང་ཀྲུང་གོ་བ་ཇ་འཐུང་རྒྱུར་དགའ་བ་དང་། པེར་ཀྲེམ་པ་སྦི་རག་འཐུང་རྒྱུར་དགའ་བ་ནང་བཞིན། ཇ་ཡི་འཇམ་ལུགས་དང་སྦི་རག་གི་སྤྲོ་ལུགས་ཀྱིས་ཚེ་སྲོག་གི་མྱོང་བ་དང་འཛམ་གླིང་གོ་བ་ལེན་པའི་སྟངས་སྟབས་གཉིས་མཚོན་ཡོད་པ་རེད། འོན་ཀྱང་ཇ་དང་སྦི་རག་གཉིས་ནི་ཕན་ཚུན་འགྲོགས་ཐབས་གཤིབ་ཐབས་མེད་པ་ཞིག་མ་ཡིན་པར། བདུད་རྩི་ཆང་གིས་གྲོགས་པོའི་ངོ་སོ་བསྟོད་ཆོག་ལ་ཞིམ་པོ་ཇ་ཡིས་སྙིང་གཏམ་གྱི་ངག་སྒོ་ཡང་ཕྱེ་ཆོག་པ་རེད། ཀྲུང་གོས “བསྟན་མཁས་ཀྱང་གཞན་རྗེས་མི་འབྲང་བ”ཞེས་པའི་ལྟ་བ་འཛིན་པ་དང་། ཡོ་རོབ་པས “ཕྱོགས་མང་གཞི་གཅིག” ཅེས་པ་གཙིགས་སུ་འཛིན་པ་རེད། ཀྲུང་ཡོར་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་མེ་ཏོག་སྣ་བརྒྱ་འགྲན་པའི་ཚུལ་གྱིས་བཞད་རྒྱུར་སྐུལ་སྤེལ་གཏོང་དགོས། །

རྒྱལ་སྤྱིའི་རྣམ་པ་རླུང་འཚུབ་ལྟར་ཡོ་ལང་ཆེ་ཡང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་། བརྟན་བརླིང་། དར་རྒྱས་བཅས་ཀྱི་ཡོ་རོབ་ཅིག་གིས་རྒྱལ་སྤྱིའི་ལས་སྒོའི་ནང་དུ་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཉེ་ལམ་ཡོ་རོབ་སྐོར་གྱི་སྲིད་ཇུས་ཀྱི་ཡིག་ཆ་གཉིས་སྤེལ་ཏེ། ཡོ་རོབ་མནའ་མཐུན་དང་ཀྲུང་ཡོར་འབྲེལ་བ་གོང་སྤེལ་གཏོང་བའི་ཕྱོགས་སུ་ཚད་མཐོ་བའི་མཐོང་ཆེན་བྱེད་ལུགས་བསྐྱར་སྒྲོག་བྱ་རྒྱུ་ཡིན། ན་ནིང་ལོར། ཀྲུང་ཡོར་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་ཡོར་མཉམ་ལས་ཀྱི2020ལོའི་འཐབ་ཇུས་འཆར་བཀོད་གཏན་འབེབས་བཟོས་ཏེ། ཁྱབ་ཁོངས་བརྒྱ་ལ་ཉེ་བའི་ནང་དུ་བློ་སྤོབས་ཆེ་བའི་མཉམ་ལས་ཀྱི་དམིགས་འབེན་བཏོན་ཡོད། ཕྱོགས་གཉིས་ཀས་ལག་གདང་སྦྲེལ་ནས་འབད་བརྩོན་གྱིས་འཆར་འགོད་དེ་མངོན་སུམ་དུ་སྒྱུར་གང་ནུས་བྱས་ཏེ། མ་འོངས་ལོ་10ནང་ཀྲུང་ཡོར་འབྲེལ་བ་སྔར་ལས་བཟང་བ་ཞིག་ཡོང་བར་བྱེད་དགོས། །