ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ང་བརྒྱད་པ།༽ དུས་རབས་ཉེར་གཅིག་པའི་“མཚོ་ཐོག་དར་གོས་ཚོང་ལམ་”ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དགོས།

ཁུངས། ཀློག་གྲངས།

༄༅། །དུས་རབས་ཉེར་གཅིག་པའི་“མཚོ་ཐོག་དར་གོས་ཚོང་ལམ་”ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དགོས།

(2013ལོའི་ཟླ་10ཚེས་3ཉིན།)

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་རི་ཆུ་འབྲེལ་ཡོད་པ་དང་མི་རྣམས་ཤ་རུས་ཉེ་བ་ཡིན། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་བར་འཐབ་ཇུས་ངོས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་རེད་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་གནས་ཡོད། །

ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་ནང་གི་ཧིན་རྡུ་ཉི་ཞི་ཡའི་གོ་གནས་དང་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཧིན་རྡུ་ཉི་ཞི་ཡ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་གཞན་དག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཁྲེལ་གྲགས་མཉམ་འཁུར་དང་། བདེ་སྡུག་མཉམ་མྱོང་། ཕྱར་བ་གྲུ་འདེགས་བཅས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཆགས་པར་བྱེད་པ་དང་། ལག་གདང་སྦྲེལ་ནས་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་ལས་དབང་གཅིག་པའི་ཚོགས་སྡེ་བཙུགས་ཐོག ཕྱོགས་གཉིས་ཀ་དང་ས་ཁུལ་འདི་གའི་མི་དམངས་ལ་སྔར་ལས་ཆེ་བའི་བདེ་སྐྱིད་སྐྲུན་འདོད་ཡོད། །

དེའི་དོན་དུ་ང་ཚོས་གཤམ་གསལ་གྱི་ཕྱོགས་འགའ་ནས་འབད་བརྩོན་བྱེད་དགོས། །

དང་པོ། ཡིད་རྟོན་དང་ཞི་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དང་མིའི་འབྲེལ་འདྲིས་ནི་ཁ་དན་ཚིག་ལ་གནས་རྒྱུ་གལ་ཆེ་བ་དང་། རྒྱལ་ཁབ་དང་རྒྱལ་ཁབ་འགྲོགས་ན་ཡིད་རྟོན་རྩ་བར་འཛིན་དགོས་པ་རེད། ཀྲུང་གོར་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་དང་ལྷག་བསམ་རྣམ་དག་དང་མཛའ་མཐུན་མཉམ་གནས་བྱས་ཏེ། ཆབ་སྲིད་དང་འཐབ་ཇུས་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་འདོད་ཡོད། །

འཛམ་གླིང་ཐོག་ཀུན་ལ་འཕྲོད་པའི་གོང་འཕེལ་གྱི་དཔེ་སྲོལ་ཞིག་མེད་ལ། འགྱུར་རྒྱུ་མེད་པའི་གོང་འཕེལ་གྱི་བགྲོད་ལམ་ཞིག་ཀྱང་མེད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གསར་སྒྱུར་དང་གསར་གཏོད་ཕོད་པ་དང་། རྒྱུན་ཆད་མེད་པར་སྲོལ་འབྱེད་ཡར་བརྩོན། དུས་རབས་ཀྱི་འཕེལ་རྒྱུན་དང་མཐུན་ལ་རང་ཉིད་ཀྱི་གནས་ཚུལ་དངོས་དང་མཐུན་པའི་གོང་འཕེལ་གྱི་བགྲོད་ལམ་འཚོལ་ཞིབ་དང་གསར་འབྱེད་བྱེད་པ་བཅས་ཀྱི་ཐོག་ནས།  དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བར་མདུན་ལམ་རྒྱ་ཆེན་པོ་ཕྱེ་ཡོད། །

ང་ཚོས་ཕན་ཚུན་གྱི་སྤྱི་ཚོགས་ལམ་ལུགས་དང་གོང་འཕེལ་བགྲོད་ལམ་རང་བདག་གིས་གདམ་གསེས་བྱེད་པའི་དབང་ཆར་བརྩི་འཇོག་དང་། རང་རང་སོ་སོས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་འཚོལ་ཞིབ་དང་ལག་ལེན་ལ་བརྩི་འཇོག་བྱེད་འོས་པ་དང་། ཕ་རོལ་པོའི་འཐབ་ཇུས་ཀྱི་འགྲོ་ཕྱོགས་ལ་ཡིད་རྟོན་ཆེ་རུ་གཏོང་འོས་པ། ཕ་རོལ་པོའི་དོ་ཁུར་ཆེ་བའི་གནད་དོན་གྱི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འོས་པ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་འཐབ་ཇུས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་བརྟན་པོར་ཟིན་འོས་པ་བཅས་རེད། །

ཀྲུང་གོར་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་དང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག་འདུན་གྲོས་བྱས་ཏེ་འཇོག་པ་དང་། ཐུན་མོང་ཐོག་ཁྱིམ་མཚེས་མཛའ་མཐུན་གྱི་འཆར་འགོད་ཡིད་དུ་འོང་བ་ཞིག་འགོད་པའི་འདོད་མོས་ཡོད། ཀྲུང་གོས་སྔ་མ་ནང་བཞིན་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་དར་རྒྱས་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་ཚོགས་སྡེ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར། ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱིས་ས་ཁོངས་མཉམ་ལས་ནང་གཙོ་ཁྲིད་ཀྱི་ནུས་པ་འདོན་པར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད། །

གཉིས་པ། མཉམ་ལས་མཉམ་ཁེ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “ཁེ་ཕན་གཉེར་ན་ས་སྟེང་གི་ཁེ་ཕན་གཉེར”ཟེར་བ་ལྟར། ཀྲུང་གོར་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། རང་ཉིད་ཀྱི་གོང་འཕེལ་གྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་ལ་ཕན་འདོགས་འདོད་ཡོད། ཀྲུང་གོར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རང་མོས་ཉོ་ཚོང་ཁུལ་གྱི་ཆུ་ཚད་མཐོ་རུ་བཏང་ནས། 2020ལོར་ཕྱོགས་གཉིས་ཀའི་ཉོ་ཚོང་གི་འབོར་ཚད་ཨ་སྒོར་དུང་ཕྱུར་ཁྲི་ཚོ་1ཟིན་ཐུབ་པའི་བརྩོན་ལེན་བྱེད་འདོད་ཡོད། །

ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་དང་གཅིག་ལ་གཅིག་སྦྲེལ་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་བཞིན་ཡོད། ཀྲུང་གོས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་རྩ་འཇོག་པའི་དངུལ་ཁང་གྲབས་འཛུགས་ཀྱི་གྲོས་འགོ་བཏོན་པ་དང་། ས་ཁུལ་འདི་གའི་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཚུད་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་རྨང་གཞིའི་སྒྲིག་བཀོད་ཀྱི་གཅིག་ལ་གཅིག་སྦྲེལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། །

ཨེ་ཤ་ཡ་ཤར་ལྷོ་ནི་གནའ་སྔ་མོ་ནས་བཟུང་“མཚོ་ཐོག་དར་གོས་ཚོང་ལམ་”གྱི་རྒྱུད་ལམ་གཙོ་བོ་ཡིན་པ་དང་། ཀྲུང་གོར་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་དང་མཚོ་ཐོག་མཉམ་ལས་སྤེལ་བ་དང་། ཀྲུང་གོའི་སྲིད་གཞུང་གིས་བཙུགས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་མཚོ་ཐོག་མཉམ་ལས་ཐེབས་རྩ་བེད་སྤྱོད་ཡག་པོ་བྱེད་པ། རྒྱ་མཚོའི་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་སྤེལ་ཡག་པོ་གཏོང་བ་བཅས་བྱས་ཏེ། དུས་རབས་ཉེར་གཅིག་པའི་“མཚོ་ཐོག་དར་གོས་ཚོང་ལམ་”ཐུན་མོང་ཐོག་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་ལ་ཁྱབ་ཁོངས་ཁག་ཏུ་དོན་འབྲས་ལྡན་པའི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། དངོས་ཟོག་བརྗེ་རེས་དང་དགེ་མཚན་གསབ་རེས་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་འགྲན་སློང་མཉམ་འཁུར་བྱས་ཏེ། ཐུན་མོང་ཐོག་གོང་འཕེལ་དང་ཐུན་མོང་ཐོག་དར་རྒྱས་ཡོང་འདོད་ཡོད། །

གསུམ་པ། འགྲོ་རོགས་ལྟ་རོགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་ནི་གཅིག་ལ་གཅིག་རྟེན་ཡིན་པ་དང་། ཕྲག་ཏུ་ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་གོང་འཕེལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་ཡོད། ལོ་རྒྱུས་ཐོག་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མི་རིགས་ཀྱི་ལས་དབང་འཛིན་པའི་འཐབ་རྩོད་ཀྱི་ནང་དུ་དཔུང་པ་མཉམ་གཤིབ་དང་ཕྱར་བ་གྲུ་འདེགས་བྱས་མྱོང་ཡོད། ཉེ་བའི་ལོ་ཤས་ནང་། ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་བཅག་པ་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་བཅག་པ་དང་། ཧིན་རྡུ་རྒྱ་མཚོའི་མཚོ་འབྲུབ་ལ་འགོག་རྒོལ་བྱས་པ་ནས་ཀྲུང་གོའི་ཝུན་ཁྲོན་ས་ཡོམ་དྲག་པོར་འགོག་རྒོལ་བྱས་པའི་བར། ང་ཚོ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་དང་ལག་གདང་སྦྲེལ་ནས་བསྒྲིལ་ཤུགས་ཆེན་པོ་ཆགས་ཡོད། །

ང་ཚོས་འཇམ་འཐབ་ཀྱི་བསམ་ཕྱོགས་སྤངས་ནས་ཕྱོགས་བསྡུས་ཀྱི་བདེ་འཇགས་དང་། ཐུན་མོང་གི་བདེ་འཇགས། མཉམ་ལས་ཀྱི་བདེ་འཇགས་བཅས་ཀྱི་ལྟ་བ་གསར་པ་ཧུར་ཐག་གིས་དར་སྤེལ་གཏོང་དགོས་པ་དང་། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། ང་ཚོས་གནོད་འགོག་གེགས་སེལ་དང་། དྲ་རྒྱའི་བདེ་འཇགས། རྒྱལ་ཁོངས་བརྒལ་བའི་ཉེས་གསོག་མཉམ་འབྲེལ་ཁྲིམས་བསྟར་སོགས་ཀྱི་ཕྱོགས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་འདི་གའི་མི་དམངས་ལ་སྔར་བས་ཞི་བདེ་དང་། སྔར་བས་ལྷིང་འཇགས།  སྔར་བས་བློ་བག་ཕེབས་པ་བཅས་ཀྱི་ཁྱིམ་གཞིས་སྐྲུན་དགོས། །

ཀྲུང་གོར་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཁག་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་སྲུང་པུའུ་ཀྲང་གི་གྲོས་ཚོགས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ས་ཁུལ་གྱི་བདེ་འཇགས་གནད་དོན་སྐོར་དུས་བཅད་ལྟར་གླེང་མོལ་བྱེད་འདོད་ཡོད། །

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁ་ཤས་བར་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ཐད་ལྟ་བ་མི་འདྲ་བ་དང་རྩོད་གཞི་གནས་ཡོད་པར། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཞི་བའི་ཐབས་སྤྱད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདྲ་མཉམ་ངང་གླེང་མོལ་དང་མཛའ་མཐུན་ངང་གྲོས་མོལ་གྱིས་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་འདི་གའི་བརྟན་བརླིང་གི་སྤྱི་ཁོག་གནས་བབ་སྲུང་སྐྱོང་བྱེད་དགོས། །

བཞི་པ། གཅིག་སེམས་གཅིག་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “ཤིང་སྡོང་སྦོམ་པོ་མྱུ་གུ་ཕྲ་མོ་ལས་སྐྱེས། ཁང་བརྩེགས་དགུ་ཐོག་ས་རྡུལ་སྤུངས་པ་ནས་བསྐྲུན།” ཟེར་བ་ལྟར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་མཛའ་བཤེས་ཀྱི་ལྗོན་བཟང་དེ་རྟག་ཏུ་ལྗང་མདོག་རྒྱས་དགོས་ན་ཕྱོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་ཀྱི་ས་གཤིས་གཤིན་པོ་བཟོ་དགོས། ན་ནིང་ལོར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་གི་མི་སྣའི་འགྲོ་འོང་མི་ཐེངས་ཁྲི་ཚོ་1500ཟིན་པ་དང།  གཟའ་འཁོར་རེར་གནམ་གྲུ་འཕུར་ཐེངས་1000ལྷག་རེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་བར་དུ་ཕར་འཕུར་ཚུར་འཕུར་བྱེད་བཞིན་ཡོད། འབྲེལ་འདྲིས་ཆེ་རུ་ཕྱིན་པ་དང་བརྩེ་དུང་ཟབ་ཏུ་ཕྱིན་ན། སེམས་དང་སེམས་སྔར་བས་ཉེ་བར་འགྱུར་ཐུབ། །

ང་ཚོས་གཞོན་ནུ་དང་། བློ་མཛོད། གྲོས་ཁང་། སྲིད་གཞུང་མ་ཡིན་པའི་རྩ་འཛུགས། སྤྱི་ཚོགས་ཚོགས་པ་སོགས་ཀྱི་མཛའ་མཐུན་སྤེལ་རེས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་བར་གྱི་འབྲེལ་བ་གོང་སྤེལ་གཏོང་བར་སྔར་ལས་མང་བའི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་དང། མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཆེ་རུ་གཏོང་དགོས། ཀྲུང་གོར་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་ལ་སྔར་ལས་མང་བའི་དང་བླངས་པ་མངགས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་གི་རིག་གནས་དང། སློབ་གསོ། འཕྲོད་བསྟེན། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་བྱ་གཞག་གོང་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོས2024ལོ་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རིག་གནས་སྤེལ་རེས་ལོར་གཏན་འཁེལ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།  རྗེས་མའི་ལོ་3ནས་5ཡི་ནང་ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་ལ་སྲིད་གཞུང་གི་སློབ་ཡོན་བྱ་དགའི་དངུལ་སྐལ་ཁྲི་1.5གཏོང་རྒྱུ་ཡིན། །

ལྔ་པ། སྒོ་འབྱེད་དང་ཁོང་ཡངས་རྒྱུན་འཁྱོངས་བྱེད་དགོས། “ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ། །དེ་བས་ཆུ་གཏེར་ཞེས་སུ་གྲགས། །” ཞེས་ཟེར་པ་ལྟར། ལོ་རྒྱུས་ཀྱི་འཕེལ་རིམ་རིང་པོའི་ནང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕུན་ཚོགས་རྣམ་པར་བཀྲ་བ་དང་སྐད་གྲགས་འཛམ་གླིང་ལ་ཁྱབ་པའི་ཤེས་དཔལ་གསར་སྐྲུན་བྱས་ཡོད། ཡུལ་གྲུ་འདི་ནི་སྣ་མང་ཅན་གྱི་ས་ཁོངས་ཡིན་པ་དང་། ཤེས་དཔལ་སྣ་ཚོགས་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་ཀྱིས་དར་འཕེལ་བྱུང་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔེ་ལྟ། ཕན་ཚུན་སྐུལ་རེས་བཅས་བྱེད་པར་རིག་གནས་ཀྱི་རྨང་གཞི་གལ་ཆེན་བཞག་ཡོད། །

ང་ཚོས་ས་ཁུལ་གཞན་དག་གི་གོང་སྤེལ་ཉམས་མྱོང་ལ་དཔེ་ལྟ་ཧུར་ཐག་བྱ་རྒྱུ་དང་། ས་ཁོངས་ཕྱིའི་རྒྱལ་ཁབ་ཁག་གིས་ས་ཁུལ་འདི་གའི་གོང་འཕེལ་དང་བརྟན་བརླིང་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་པར་དགའ་བསུ་ཞུ་རྒྱུ་ཡིན། དེ་དང་ལྷན་དུ་ས་ཁོངས་ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་ས་ཁུལ་འདི་གའི་སྣ་མང་ཅན་ལ་བརྩི་འཇོག་བྱས་ཏེ།  ས་ཁུལ་འདི་གའི་གོང་འཕེལ་དང་བརྟན་བརླིང་ལ་ཕན་ཐོགས་ཡོད་པའི་བྱ་བ་མང་ཙམ་སྒྲུབ་འོས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་ལས་དབང་གཅིག་པའི་ཚོགས་སྡེ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་ཚོགས་སྡེ། ཨེ་ཤ་ཡ་ཤར་མའི་ཚོགས་སྡེ་བཅས་ནི་གཅིག་ལ་གཅིག་འབྲེལ་ཡིན་པས། རང་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ། སྣ་མང་མཉམ་གནས་དང་ཁོང་ཡངས་མཉམ་སྐྱོད་ཀྱིས་ཐུན་མོང་ཐོག་ས་ཁུལ་འདི་གའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། །

སྔར་ལས་དམ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་ལས་དབང་གཅིག་པའི་ཚོགས་སྡེ་ནི་ཞི་བདེ་དོན་གཉེར་དང་། གོང་འཕེལ་བརྩོན་ལེན། མཉམ་ལས་སྐུལ་སྤེལ། མཉམ་ཁེ་འཚོལ་སྙེག་བཅས་བྱེད་པའི་དུས་རབས་ཀྱི་དར་རྒྱུན་དང་མཐུན་ཞིང་། ཨེ་ཤ་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པས། གོང་འཕེལ་གྱི་བར་སྟོང་རྒྱ་ཆེན་པོ་དང་གོང་འཕེལ་གྱི་བག་ཉལ་སྟོབས་ཤུགས་ཆེན་པོ་ལྡན་ཡོད། །