
༄༅། ། ཉེ་བ་དང་དྲང་བ། ཕན་པ་དང་བཟོད་པ་བཅས་ཀྱི་མཐའ་སྐོར་ཕྱི་འབྲེལ་ལྟ་བ་རྒྱུན་འཁྱོངས་བྱེད་དགོས།
(2013ལོའི་ཟླ་10ཚེས་24ཉིན།)
མཐའ་སྐོར་ཕྱི་འབྲེལ་ལས་ཀ་ཡག་པོར་བསྒྲུབ་རྒྱུ་ནི་ “ལོ་བརྒྱ་གཉིས་” ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུའི་དགོས་མཁོ་ཡིན་པས། སྔར་ལས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མཐའ་སྐོར་ཕྱི་འབྲེལ་ལ་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་གོང་འཕེལ་ལ་མཐའ་སྐོར་གྱི་ཁོར་ཡུག་བཟང་པོ་ཞིག་བརྩོན་ལེན་དང་། རང་རྒྱལ་གྱི་གོང་འཕེལ་གྱིས་མཐའ་སྐོར་གྱི་རྒྱལ་ཁབ་ཁག་ལ་ཕན་དེ་བས་མང་བ་བཏགས་ནས་ཐུན་མོང་ཐོག་གོང་འཕེལ་ཡོང་བར་བྱེད་དགོས། །
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་དང་པོ་དང་། བློ་མཐུན་ཏེང་ཞའོ་ཕིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གཉིས་པ། བློ་མཐུན་ཅང་ཙེ་རྨིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གསུམ་པ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་བཅས་ཀྱིས་མཐའ་སྐོར་ཕྱི་འབྲེལ་ལ་ཚད་མཐོའི་མཐོང་ཆེན་མཛད་དེ། འཐབ་ཇུས་ཀྱི་བསམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་པ་དང་། རང་རྒྱལ་གྱི་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་མཐའ་སྐོར་གྱི་ཁོར་ཡུག་གསར་འབྱེད་དང་གོང་སྤེལ་བཏང་ཡོད་པས། ང་ཚོས་མུ་མཐུད་མཐའ་སྐོར་ཕྱི་འབྲེལ་གྱི་ལས་ཀ་ཡག་པོར་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཕྱི་འབྲེལ་གྱི་བྱེད་ཕྱོགས་སྲིད་ཇུས་ཆེན་པོའི་རྒྱུན་མཐུད་རང་བཞིན་དང་བརྟན་ཆགས་རང་བཞིན་འཛིན་པའི་རྨང་གཞིའི་ཐོག ཕྱི་འབྲེལ་གྱི་སྤྱི་ཡོངས་གནས་ཚུལ་ཇུས་འགོད་ཧུར་ཐག་དང་། རང་རྒྱལ་གོང་འཕེལ་གྱི་སྤྱི་ཁོག་གནས་བབ་དང་ཕྱི་འབྲེལ་གྱི་སྤྱི་ཡོངས་གནས་ཚུལ་ཐད་མཐའ་སྐོར་ཕྱི་འབྲེལ་གྱིས་ཐོན་པའི་ནུས་པ་གལ་ཆེན་མངོན་གསལ་དོད་སར་བཏོན་ནས། ཕྱི་འབྲེལ་གྱི་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་སྤེལ་ཡོད། །
ཡུལ་གྱི་ཆགས་གནས་དང་རང་བྱུང་ཁོར་ཡུག་ཡིན་ནའང་འདྲ། ཡང་ན་ཕན་ཚུན་བར་གྱི་འབྲེལ་བ་བཅས་ཕྱོགས་གང་ནས་བལྟས་ཀྱང་མཐའ་སྐོར་ནི་རང་རྒྱལ་ལ་ཆ་མཚོན་ན་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་པོ་ལྡན་ཡོད། མཐའ་སྐོར་གྱི་གནད་དོན་ལ་བསམ་གཞིགས་བྱེད་པ་དང་མཐའ་སྐོར་ཕྱི་འབྲེལ་སྤེལ་ན་ལངས་གཟུགས་དང་། སྣེ་མང་། ཡུལ་དུས་ལས་བརྒལ་བ་བཅས་ཀྱི་ལྟ་ཕྱོགས་དགོས། རང་རྒྱལ་གྱི་མཐའ་སྐོར་གནས་བབ་ལ་ལྟ་ཞིབ་བྱས་ཚེ། མཐའ་སྐོར་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང། རང་རྒྱལ་དང་མཐའ་སྐོར་གྱི་རྒྱལ་ཁབ་ཁག་བར་གྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། རང་རྒྱལ་དང་མཐའ་སྐོར་གྱི་རྒྱལ་ཁབ་ཁག་བར་གྱི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྔར་བས་དམ་ཟབ་དང་མཉམ་འགུལ་ཇེ་དམ་དུ་འགྲོ་བཞིན་ཡོད། དེས་ཕྱི་རོལ་ཡུལ་ནས་ང་ཚོར་མཐའ་སྐོར་ཕྱི་འབྲེལ་གྱི་འཐབ་ཇུས་དང་ལས་ཀ་ངེས་པར་དུ་དུས་བསྟུན་མདུན་སྐྱོད་དང་སྔར་བས་རང་འགུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །
རང་རྒྱལ་གྱི་མཐའ་སྐོར་ལ་སྐྱེ་སྟོབས་ཀྱིས་ཁེངས་པ་དང། གོང་འཕེལ་གྱི་དགེ་མཚན་དང་བག་ཉལ་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ལ། རང་རྒྱལ་མཐའ་སྐོར་གྱི་ཁོར་ཡུག་ནི་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ཞིང། ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་མཉམ་ལས་བྱེད་པ་ནི་མཐའ་སྐོར་རྒྱལ་ཁབ་ཁག་གིས་ཀྲུང་གོར་འཛིན་པའི་འབྲེལ་བའི་འཕེལ་ཕྱོགས་གཙོ་བོ་ཡིན། ང་ཚོས་གནས་བབ་ཆེན་པོར་ལྟ་བ་དང། འཐབ་ཇུས་འཛིན་པ། ཐབས་བཀོད་ལ་དོ་སྣང་བཅས་བྱས་ཏེ་མཐའ་སྐོར་ཕྱི་འབྲེལ་ལས་ཀ་སྔར་ལས་ལེགས་པར་སྒྲུབ་དགོས། །
རང་རྒྱལ་གྱི་མཐའ་སྐོར་ཕྱི་འབྲེལ་གྱི་འཐབ་ཇུས་དམིགས་འབེན་ནི། “ལོ་བརྒྱ་གཉིས” ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུར་བརྩི་སྲུང་དང་ཞབས་འདེགས་ཞུ་བ་དང་། མཐའ་སྐོར་རྒྱལ་ཁབ་ཁག་བར་གྱི་འབྲེལ་བ་ཕྱོགསཡོངས་ནས་གོང་སྤེལ། ཁྱིམ་མཚེས་མཛའ་མཐུན་སྲ་བརྟན། གཉིས་ཕན་མཉམ་ལས་ཟབ་སྤེལ། རང་རྒྱལ་གོང་འཕེལ་གྱི་འཐབ་ཇུས་ཀྱི་གོ་སྐབས་བཟང་དུས་གལ་ཆེན་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་གོང་འཕེལ་གྱི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས། མཐའ་སྐོར་དང་རང་རྒྱལ་བར་གྱི་ཆབ་སྲིད་འབྲེལ་བ་སྔར་ལས་མཛའ་མཐུན་དང། དཔལ་འབྱོར་གྱི་སྦྲེལ་ཐག་སྔར་ལས་སྲ་བརྟན། བདེ་འཇགས་ཀྱི་མཉམ་ལས་སྔར་ལས་ཟབ་སྤེལ། རིག་གནས་ཀྱི་འབྲེལ་འདྲིས་སྔར་ལས་དམ་པོ་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པ་དེ་རེད། །
རང་རྒྱལ་གྱི་མཐའ་སྐོར་ཕྱི་འབྲེལ་གྱི་གཞི་རྩའི་བྱེད་ཕྱོགས་ནི། ཁྱིམ་མཚེས་ལ་འཆམ་ཞིང་ཁྱིམ་མཚེས་ལ་འགྲོགས་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱིམ་མཚེས་ལ་མཐུན་ཞིང་ཁྱིམ་མཚེས་བདེ་བར་འགོད་པ། ཁྱིམ་མཚེས་འབྱོར་པ་རྒྱས་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། ཉེ་བ་དང་དྲང་བ། ཕན་པ་དང་བཟོད་པ་བཅས་ཀྱི་ལྟ་བ་མངོན་པར་མཚོན་པ་བཅས་ཡིན། མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་སྤེལ་རྒྱུ་དེ་རང་རྒྱལ་གྱི་མཐའ་སྐོར་ཕྱི་འབྲེལ་གྱི་མགོ་མཇུག་ཀུན་ཏུ་མཐའ་འཁྱོངས་བྱེད་པའི་བྱེད་ཕྱོགས་ཡིན། ཁྱིམ་མཚེས་མཛའ་མཐུན་ཡོང་བ་དང་འགྲོ་རོགས་ལྟ་རོགས་བྱེད་པ་དང་། འདྲ་མཉམ་དང་དུང་སེམས་གཅེས་སུ་འཛིན་པ། རྒྱུན་དུ་འགྲོགས་ཤིང་འདྲིས་པ། མི་སེམས་འགུགས་ཤིང་མི་སེམས་གསོ་བའི་བྱ་བ་མང་ཙམ་སྒྲུབ་པ་བཅས་ཀྱི་ཐོག་ནས། མཐའ་སྐོར་རྒྱལ་ཁབ་ཁག་གིས་ང་ཚོར་སྔར་ལས་མཛའ་ཞིང་བརྩེ་བ་དང་། སྔར་ལས་སྙིང་ཉེ་བ། སྔར་ལས་ཁས་ལེན་པ། སྔར་ལས་རྒྱབ་སྐྱོར་བྱེད་པ་བཅས་དང་། སྙིང་ཉེ་ནུས་དང་། བློ་འགུགས་ནུས། ཤུགས་རྐྱེན་གཏོང་ནུས་བཅས་ཤུགས་ཆེ་རུ་གཏོང་དགོས། མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་ལྷག་བསམ་ཟོལ་མེད་ཀྱིས་འགྲོགས་ཏེ་གྲོགས་པོ་དང་ཟླ་བོ་མང་ཙམ་སྒྲིག་དགོས། གཉིས་ཕན་མཉམ་ཁེའི་རྩ་དོན་བཟུང་ནས་མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་མཉམ་ལས་སྤེལ་བ་དང་། སྔར་ལས་དམ་ཚགས་ཆེ་བའི་ཐུན་མོང་ཁེ་ཕན་གྱི་དྲ་བ་སྦྲེལ་བ། ཕྱོགས་གཉིས་ཀའི་ཁེ་ཕན་མཉམ་སྡེབ་བྱས་ཏེ་སྔར་ལས་མཐོ་བའི་ཆུ་ཚད་ལ་སླེབས་པ། མཐའ་སྐོར་གྱི་རྒྱལ་ཁབ་ཁག་ལ་རང་རྒྱལ་གྱི་གོང་འཕེལ་ལས་ཕན་ཐོགས་འབྱུང་བ། རང་རྒྱལ་ལ་ཡང་མཐའ་སྐོར་གྱི་རྒྱལ་ཁབ་ཁག་ཐུན་མོང་དུ་གོང་འཕེལ་འགྲོ་བའི་ནང་ནས་ཕན་ཐོགས་དང་སྒུལ་ཤུགས་ཐོབ་པ་བཅས་བྱེད་དགོས། ཁོང་ཡངས་བཟོད་སྒོམ་གྱི་བསམ་བློ་དར་སྤེལ་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཞིང་དུ་ཚང་མ་ཐུན་མོང་གོང་འཕེལ་ཡོང་ཐུབ་པ་ནན་བཤད་བྱེད་དགོས་པ་དང་། སྔར་བས་སྒོ་འཕར་ཡངས་པོར་ཕྱེ་བའི་བློ་དཀྱེལ་ཆེན་པོ་དང་སྔར་བས་ཧུར་བརྩོན་གྱི་རྣམ་འགྱུར་བཟུང་ནས་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ལྟ་བ་འདི་དག་ལ་ཆ་བཞག་ན། ཐོག་མར་ང་ཚོ་རང་ཉིད་ཀྱིས་ལྷུར་ལེན་བྱས་ཏེ། དེ་དག་ས་ཁུལ་འདི་གའི་རྒྱལ་ཁབ་ཁག་གིས་སྲུང་ཞིང་འཛིན་པའི་སྤྱི་མཐུན་གྱི་ལྟ་བ་དང་བྱ་སྤྱོད་ཀྱི་ཚད་གཞི་ཆགས་པར་བྱེད་དགོས། །
གནས་བབ་གསར་པའི་འོག་མཐའ་སྐོར་ཕྱི་འབྲེལ་གྱི་ལས་ཀ་ཡག་པོ་སྒྲུབ་པར་འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱས་ཏེ། སྤྱི་ཁོག་ལ་ཁ་ལོ་སྒྱུར་བ་དང་། གཅིག་གྱུར་གྱིས་འཆར་འགོད་བྱེད་པ། བཀོལ་སྤྱོད་ལག་བསྟར་བྱེད་པ་བཅས་ཀྱི་ནུས་སྟོབས་ཆེ་རུ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་མཐའ་སྐོར་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་དགོས། ཤུགས་བརྒྱབ་ནས་མཐའ་སྐོར་གྱི་ཞི་བདེ་དང་བརྟན་ལྷིང་གི་གནས་བབ་ཆེན་པོ་སྲུང་སྐྱོང་བྱེད་དགོས། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ནི་ང་ཚོའི་ཏང་གིས་དུས་རབས་གོང་འཕེལ་གྱི་དར་རྒྱུན་དང་རང་རྒྱལ་གྱི་གཞི་རྩའི་ཁེ་ཕན་གཞིར་བཟུང་ནས་འཐབ་ཇུས་ཀྱི་གདམ་ག་བྱས་པ་ཞིག་ཡིན་ལ། མཐའ་སྐོར་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་ནི་མཐའ་སྐོར་ཕྱི་འབྲེལ་གྱི་དམིགས་འབེན་གལ་ཆེན་ཡིན།།
ཤུགས་བརྒྱབ་ནས་གཉིས་ཕན་མཉམ་ཁེའི་གནས་སྟངས་ཟབ་སྤེལ་བྱེད་དགོས། དཔལ་འབྱོར་དང་། ཉོ་ཚོང་། ཚན་རྩལ། དངུལ་རྩ་སོགས་ཐད་ཀྱི་ཐོན་ཁུངས་སྡེབ་སྒྲིག་དང་། བལྟོས་བཅས་ཀྱི་བཟང་ཆ་བེད་སྤྱོད་ཡག་པོ། མཐའ་སྐོར་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་གནད་ཀ་ཟིན་པ་བཅས་བྱས་ཏེ་ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ལ་ཐེ་ཞུགས་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་དང་ཐུན་མོང་དུ་འབད་བརྩོན་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་གཅིག་ལ་གཅིག་སྦྲེལ་གྱི་བྱེད་འགྲོས་མགྱོགས་སུ་གཏོང་དགོས་པ་དང་། དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་དང་། དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ་འཛུགས་སྐྲུན་ཡག་པོ་བྱེད་དགོས། མཐའ་སྐོར་རྨང་གཞི་བྱས་ཏེ་རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་ལག་བསྟར་མགྱོགས་སུ་བཏང་ནས། ཉོ་ཚོང་དང་མ་རྩ་འཇོག་པའི་མཉམ་ལས་ཀྱི་བར་སྟོང་ཆེ་རུ་སྐྱེད་དགོས་པ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་གནས་སྟངས་གསར་པ་ཆགས་པར་བྱེད་དགོས། རྒྱུན་ཆད་མེད་པར་ས་ཁོངས་ཀྱི་དངུལ་རྩའི་མཉམ་ལས་ཟབ་སྤེལ་བྱས་ཏེ། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་རྩ་འཇོག་པའི་དངུལ་ཁང་གྲབས་འཛུགས་ཧུར་ཐག་བྱེད་དགོས་པ་དང་། ས་ཁོངས་ཀྱི་དངུལ་རྩའི་བདེ་འཇགས་དྲ་བ་འཐུས་ཚང་དུ་གཏོང་དགོས། མཐའ་རྒྱུད་ས་ཁུལ་མགྱོགས་པོར་སྒོ་འབྱེད་བྱས་ནས། མཐའ་རྒྱུད་ཀྱི་ཞིང་ལྗོངས་དག་མཐའ་སྐོར་གྱི་རྒྱལ་ཁབ་ཁག་བར་དང་གཉིས་ཕན་མཉམ་ལས་བྱ་རྒྱུ་ཟབ་སྤེལ་བྱེད་དགོས།།
ཤུགས་བརྒྱབ་ནས་ས་ཁོངས་བདེ་འཇགས་སྐོར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རང་རྒྱལ་ཉིད་མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་ཁྱིམ་མཚེས་སུ་འབྲེལ་ནས་ཡོད་པས། བདེ་འཇགས་སྐོར་གྱི་མཉམ་ལས་སྤེལ་རྒྱུ་ནི་ཐུན་མོང་གི་དགོས་མཁོ་ཡིན། ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། རོགས་རེས་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་གསར་པ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ཀྱི་བདེ་འཇགས་དང་། ཐུན་མོང་གི་བདེ་འཇགས། མཉམ་ལས་ཀྱི་བདེ་འཇགས་བཅས་ཀྱི་ལྟ་བ་དར་སྤེལ་བཏང་ནས། མཐའ་སྐོར་རྒྱལ་ཁབ་དང་བདེ་འཇགས་སྐོར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་དང་། རང་འགུལ་གྱིས་ས་ཁོངས་དང་ས་ཁོངས་ཕལ་བའི་བདེ་འཇགས་སྐོར་གྱི་མཉམ་ལས་ལ་ཞུགས་ནས། འབྲེལ་ཡོད་མཉམ་ལས་ཀྱི་ལམ་སྲོལ་ཟབ་སྤེལ་དང་འཐབ་ཇུས་ཀྱི་ཡིད་ཆེས་ཆེ་རུ་སྐྱེད་དགོས།།
ཤུགས་བརྒྱབ་ནས་མཐའ་སྐོར་གྱི་རྒྱལ་ཁབ་ཁག་ལ་དྲིལ་བསྒྲགས་ལས་ཀ་དང་། སྤྱི་པའི་ཕྱི་འབྲེལ། དམངས་ཁྲོད་ཕྱི་འབྲེལ། རིག་གནས་སྤེལ་རེས་བཅས་ལ་ཤུགས་བསྣན་ཏེ། རང་རྒྱལ་དང་མཐའ་སྐོར་གྱི་རྒྱལ་ཁབ་ཁག་བར་གྱི་འབྲེལ་བ་རྒྱུན་རིང་གོང་འཕེལ་ཡོང་བའི་སྤྱི་ཚོགས་དང་དམངས་སེམས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། འབྲེལ་བ་ཉེ་མི་ཉེ་ནི་དམངས་སེམས་ལ་རག་ལས་ཡོད། རིག་གནས་སྤེལ་རེས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བདང་། ཡུལ་སྐོར་དང་། ཚན་སློབ། ས་གནས་ཀྱི་མཉམ་ལས་སོགས་ཀྱི་མཛའ་མཐུན་འབྲེལ་འདྲིས་གཏིང་ཟབ་སྤེལ་བ། གྲོགས་པོ་མང་དུ་སྒྲིག་དགོས་ཤིང་འབྲེལ་བཟང་མང་དུ་འཛུགས་དགོས། ཕྱི་ཕྱོགས་ལ་རང་རྒྱལ་གྱི་ཕྱི་ནང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་མཚམས་སྦྱོར་ཡག་པོ་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ། ཀྲུང་གོའི་སྐད་སྒྲ་ཡག་པོ་སྒྲོག་པ་བཅས་བྱས་ཏེ། ཀྲུང་གོའི་ཕུགས་འདུན་དེ་མཐའ་སྐོར་གྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཚོ་བ་ཡག་པོ་རོལ་འདོད་ཀྱི་འདུན་པ་དང་ས་ཁུལ་གྱི་གོང་འཕེལ་མདུན་ལམ་དང་སྦྲེལ་མཐུད། ལས་དབང་གཅིག་པའི་ཚོགས་སྡེའི་འདུ་ཤེས་དེ་མཐའ་སྐོར་གྱི་རྒྱལ་ཁབ་ཁག་ཏུ་རྩ་བ་ཚུགས་པ་བཅས་བྱེད་དགོས།།
སྲིད་ཇུས་དང་ཐབས་ཇུས་ནི་ཏང་གི་ཚེ་སྲོག་ཡིན་ལ། ཕྱི་འབྲེལ་ལས་ཀའི་ཚེ་སྲོག་ཀྱང་ཡིན། ཕྱི་འབྲེལ་ལས་ཀ་ཡག་པོར་སྒྲུབ་དགོས་ན། སེམས་ལ་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཆེན་པོ་གཉིས་འཛིན་དགོས། རྒྱལ་ནང་གི་གནས་བབ་ཆེན་པོ་ནི་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན་པ་དང་། རྒྱལ་སྤྱིའི་གནས་བབ་ཆེན་པོ་ནི་རང་རྒྱལ་གྱི་བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་ལ་ཕྱིའི་ཆ་རྐྱེན་ཡག་པོ་ཞིག་བརྩོན་ལེན་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོང་། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་། ཐུན་མོང་ཐོག་གོང་འཕེལ་ལ་སྐུལ་སྤེལ་བཅས་བྱ་རྒྱུ་དེ་ཡིན། ཁེ་ཕན་གྱི་མཐུན་པའི་གནས་དང་བསྣོལ་བའི་གནས་རྙེད་པ་དང་། ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་རྒྱུན་འཁྱོངས། རྩ་དོན་སྲུང་བ། བརྩེ་དུང་འཆང་བ། གནས་ལུགས་འཛིན་པ་བཅས་བྱས་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ནུས་གང་ལྕོགས་ཀྱིས་རོགས་རམ་མང་ཙམ་བྱེད་དགོས། ཕྱི་འབྲེལ་ལས་ཀའི་བསྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་དང་། ཕྱི་འབྲེལ་བྱེད་སྒོའི་བཀོད་པ་དང་ཇུས་གཞི་འགོད་པར་ཤུགས་བརྒྱབ་སྟེ། ཕན་འབྲས་གང་ཆེ་ཆེ་ཡོང་ཐབས་བྱེད་དགོས། ཕྱི་འབྲེལ་ལས་ཀ་སྡེབ་གཅིག་ཏུ་འཛིན་པ་དང་ཕྱོགས་ཀུན་ལ་ལྟ་རྟོག་ཡག་པོ་བྱེད་པ་དང་། ཕྱོགས་གང་ཅི་སྒྲིག་འཛུགས་དང་མཐུན་སྦྱོར་ཡག་པོ་བྱེད་པ། རང་རང་སོ་སོའི་བཟང་ཆ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱེད་པ་བཅས་ཀྱི་ཐོག་ནས་ཕྱི་འབྲེལ་ལས་ཀ་སྔར་ལས་ལྷག་པར་སྒྲུབ་དགོས། །
མཐའ་སྐོར་ཕྱི་འབྲེལ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བས། ཕྱི་འབྲེལ་ལས་ཀ་བྱེད་མཁན་བློ་མཐུན་རྣམས་ཀྱིས་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། དགོས་གཏུགས་ཆེ་སེམས་བཅས་ཆེར་སྐྱེད་དང་། དམིགས་འབེན་བརྟན་འཛིན། འཇོན་ཐང་ཆེར་སྐྱེད། སྤྱོད་ཚུལ་སྦྱོང་བརྡར་བཅས་བྱེད་པ། ལེགས་སྐྱེས་འབུལ་བ་དང་། འཁུར་ལེན་ཕོད་པ། གསར་གཏོད་ཕོད་པ་བཅས་ཀྱིས་སྔར་ལས་ཧུར་བརྩོན་དོན་ལྡན་གྱི་སྒོ་ནས་མཐའ་སྐོར་ཕྱི་འབྲེལ་གྱི་ལས་ཀ་ཡག་པོ་སྒྲུབ་དགོས། །