
༄༅། །དུས་གཏན་དུ་གྲོགས་པོ་བློས་ཐུབ་དང་རོགས་ཟླ་རྣམ་དག་བྱེད་དགོས།
(2013ལོའི་ཟླ་3ཚེས་25ཉིན།)
གུས་པར་འོས་པའི་ཙུང་ཐུང་ཀེ་ཝེ་ཐེ་དང་། མཁྱེན་ལྡན་མ་རྣམ་པ་དང་སྐུ་ཞབས་རྣམ་པ་ཚོ།
ཧ་པཱ་ལེ། ཧ་པཱ་ལེ། དེ་རིང་ཐན་ཙན་ནི་ཡའི་ཉི་ལེའར་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གྲོགས་པོ་ལྷན་རྒྱས་དང་མཇལ་རྒྱུ་བྱུང་བས། ང་རང་ཧ་ཅང་དགའ་པོ་བྱུང་།
ད་ཐེངས་ནི་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཨ་ཧྥེ་རི་ཁར་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན་ལ། ང་རང་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོར་ཡོང་ཐེངས་དྲུག་པ་དེའང་ཡིན། ཐན་ཙན་ནི་ཡའི་མཛེས་སྡུག་ལྡན་པའི་ས་གཞིའི་སྟེང་སླེབས་ཚེ། ཐན་ཙན་ནི་ཡའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་སྤྲོ་བ་རྒྱས་པའི་མཛའ་བརྩེ་ཚོར་བྱུང་ལ། ཐན་ཙན་ནི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་དམིགས་བསལ་ཆེ་བའི་དགའ་བསུ་མཛད་སྒོ་གཟབ་རྒྱས་བླ་ལྷག་གནང་བྱུང་། འདི་ནི་ང་དང་ཀྲུང་གོའི་འཐུས་ཚབ་ཚོགས་པར་མཐོང་ཆེན་གནང་བ་ཞིག་ཡིན་པར་མ་ཟད། ཐན་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡང་མཚོན་གྱི་ཡོད།
ཐོག་མར། ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་པ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་འདིར་བཞུགས་གྲོགས་པོ་རྣམ་པ་དང་། སྤུན་ལྟར་བརྩེ་བའི་ཐན་ཙན་ནི་ཡའི་མི་དམངས་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། ངས་ད་དུང་ཙུང་ཐུང་ཀེ་ཝེ་ཐེ་དང་ཐན་ཙན་ནི་ཡའི་སྲིད་གཞུང་གིས་ངའི་ད་ཐེངས་ཀྱི་འཚམས་འདྲིར་བཀོད་སྒྲིག་ཞིབ་ཕྲ་དང་སྣེ་ལེན་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཐན་ཙན་ནི་ཡ་ནི་མིའི་རིགས་ཀྱི་འབྱུང་གནས་གྲས་ཤིག་ཡིན། ཐན་ཙན་ནི་ཡའི་མི་དམངས་ལ་གཟི་བརྗིད་ཆེ་བའི་སྲོལ་རྒྱུན་ལྡན་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་མི་རིགས་རང་བཙན་བརྩོན་ལེན་དང་། མི་རྒྱུད་ལོགས་བཀར་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཉེ་བའི་ལོ་ཤས་རིང་། ཙུང་ཐུང་ཀེ་ཝེ་ཐེ་ཡིས་འགོ་ཁྲིད་གནང་བའི་འོག ཐན་ཙན་ནི་ཡའི་སྲིད་དབང་བརྟན་བརླིང་ཡིན་པ་དང་། འཛུགས་སྐྲུན་གྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་པས། ཨ་ཧྥེ་རི་ཁ་དང་རྒྱལ་སྤྱིའི་བྱེད་སྒོའི་ནང་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཚོར་ཐོབ་པའི་གྲུབ་འབས་ལ་ཞེ་ཐག་པ་ནས་དགའ་ཚོར་བྱེད་ཅིང་། སྤུན་ལྟར་བརྩེ་བའི་ཐན་ཙན་ནི་ཡའི་མི་དམངས་ལ་མུ་མཐུད་སྔར་ལས་ཆེ་བའི་གྲུབ་འབས་གསར་པ་ཐོབ་རྒྱུར་ཞེ་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན།
ཨ་ཧྥེ་རི་ཁ་གླིང་དུ་འབྱོར་རིམ་བཞིན་རྟག་ཏུ་ཚོར་སྣང་ཟབ་མོ་གཉིས་སྐྱེས་ཡོང་གི་འདུག གཅིག་ནི་ག་དུས་ཡོང་ན་དེ་དུས་གསར་པ་དེ་རེད། ཨ་ཧྥེ་རི་ཁ་ལ་ཡོང་ཐེངས་རེ་རེར་སྐམ་ས་ཆེན་པོ་འདིའི་གོང་འཕེལ་གསར་པ་དང་འཕོ་འགྱུར་གསར་པ་ཟབ་མོར་ཚོར་བས། མི་ལ་སྐུལ་མ་ཆེན་པོ་གཏོང་གི་འདུག གཉིས་ནི་སེམས་རྩ་ཤིན་ཏུ་འཁོལ་པོ་འདུག ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་སེམས་པའི་གཏིང་གི་མཇའ་བརྩེ་དང་དུང་སེམས་ནི་ཨ་ཧྥེ་རི་ཁའི་ཉི་འོད་ནང་བཞིན་དྲོད་འཁོལ་རབ་ཏུ་རྒྱས་པ་དེ་བརྗེད་པར་དཀའ།
ཨ་ཧྥེ་རི་ཁའི་གཏམ་དཔེར། “ཆུ་མོར་འགོ་ཡོད་ན་གཙང་ཆུ་དེ་བས་ཟབ་” ཅེས་ཟེར། ཀྲུང་ཧྥེ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དར་རྒྱུན་རིང་། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་པར་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་སོགས་ཀྲུང་གོ་གསར་པའི་དབུ་ཁྲིད་པ་རབས་དང་པོ་དང་ཨ་ཧྥེ་རི་ཁའི་ཆབ་སྲིད་པ་རྒན་རབས་རྣམས་ཀྱིས་ཐུན་མོང་ཐོག་ཀྲུང་ཧྥེ་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད། དུས་དེ་ནས་བཟུང་། ཀྲུང་ཧྥེ་མི་དམངས་ཀྱིས་མི་སེར་སྤེལ་བར་ངོ་རྒོལ་དང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ། མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ནང་། གོང་སྤེལ་དང་དར་རྒྱས་གཏོང་བའི་འགྲོད་ལམ་ཐོག་ཕན་ཚུན་རྒྱབ་སྐྱོར་དང་ཟོལ་མེད་མཉམ་ལས་བྱས་ཏེ། དབུགས་ལམ་གཅིག་གྱུར་དང་། ལས་དབང་མཉམ་འཁུར། གཅིག་སེམས་གཅིག་གཏད་བཅས་ཀྱི་སྤུན་ཟླ་ལྟ་བུའི་འབྲེལ་བ་བཙུགས་ཡོད། །
ད་ལྟ་ཕྱོགས་གཉིས་ཀས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་ཧྥེའི་འབྲེལ་བ་ཕྱོགས་ཡོངས་ནས་གོང་འཕེལ་འབྱུང་བའི་མྱུར་ལམ་དུ་ཞུགས་ཟིན་ཡོད། ཕྱོགས་གཉིས་ཀས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་པ་དང་། འཐབ་ཇུས་རོགས་ཟླའི་འབྲེལ་བ་དཔེ་གསར་བཙུགས་ཡོད་ཅིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2012ལོར། ཀྲུང་ཧྥེ་བར་གྱི་ཉོ་ཚོང་གི་འབོར་ཚད་ཨ་སྒོར་དུང་ཕྱུར་2000ལ་ཉེ་བ་ཟིན་པ་དང་། ཀྲུང་ཧྥེའི་མི་སྣའི་འགྲོ་འོང་མི་ཐེངས་ཁྲི་ཚོ་150ལས་བརྒལ་ཡོད། ན་ནིང་བར་དུ་ཀྲུང་གོས་ཨ་ཧྥེ་རི་ཁ་ལ་ཐད་ཀར་བཞག་པའི་མ་རྩ་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་150ལས་བརྒལ་ཡོད། ད་ལོ་ནི་ཀྲུང་གོས་ཨ་ཧྥེ་རི་ཁ་ལ་སྨན་བཅོས་རུ་ཁག་མངགས་ནས་ལོ་50འཁོར་བའི་ལོ་ཡིན་ལ། ལོ་50ཡི་རིང་དུ་རིམ་རྩིས་བྱས་ན་ཁྲོན་བསྡོམས་མི་ཐེངས་ཁྲི་ཚོ་1.8ཀྱི་སྨན་བཅོས་མི་སྣ་མངགས་ཡོད་པ་དང་། ཨ་ཧྥེ་རི་ཁའི་ནད་པ་མི་ཐེངས་དུང་ཕྱུར་2.5སྨན་བཅོས་བྱས་ཡོད།
ཨ་ཧྥེ་རི་ཁ་མི་དམངས་ཀྱིས་ཀྱང་ཀྲུང་གོའི་མི་དམངས་ལ་རྒྱབ་སྐྱོར་ཆེན་པོ་དང་སྒེར་སེམས་མེད་པའི་རོགས་རམ་བྱས་ཡོད། 2008ལོར་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་ཏ་རེ་སི་སཱ་ལམ་དུ་བརྒྱུད་སྤྲོད་བྱེད་སྐབས། ཐན་ཙན་ནི་ཡ་མི་དམངས་ཀྱིས་རང་ཉིད་ཀྱི་དུས་ཆེན་གཏོང་བ་ནང་བཞིན་གླུ་ལེན་གར་འཁྲབ་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་བླ་མེད་མདུན་བསུ་ཞུས་ཤིང་། བཀྲ་ཤིས་པའི་རྣམ་པ་དེ་ཀྲུང་གོའི་མི་དམངས་ཀྱི་སེམས་སུ་བརྟན་པོར་གནས་ཡོད།
ཀྲུང་གོར་ཝུན་ཁྲོན་ས་ཡོམ་དྲག་པོ་བྱུང་རྗེས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་རམ་གྱི་ཕྱག་ཟུང་བརྐྱངས་ཡོད། རྒྱལ་ཁབ་ཁག་ཅིག་རང་ཉིད་འབྱོར་པ་ཆེན་པོ་མེད་ལ་མི་གྲངས་ཁྲི་ཚོ་200ཡང་ཟིན་མེད་ཀྱང་། ས་ཡོམ་བྱུང་ཁུལ་ལ་གཏོང་ཕོད་ཆེན་པོས་ཡོར་སྒོར་ཁྲི་ཚོ་200ཞལ་འདེབས་བརྒྱབ་ཡོད་པ་དེ་ནི། མི་རེས་ཡོར་སྒོར་1རེ་ཕུལ་བ་དང་ཁྱད་མེད་ཅིང་། དེ་ལྟ་བུའི་དུང་སེམས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།
ང་ཚོ་ཕྱོགས་གཉིས་ཀྱིས་རྒྱུན་ཆད་མེད་པར་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་སྒོའི་ནང་མཐུན་སྦྱོར་དང་རོགས་འདེགས་ལ་ཤུགས་བརྒྱབ་སྟེ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཀྲུང་གོའི་མི་དམངས་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་མཛའ་བརྩེ་དང་མཉམ་ལས་ནི་ཀྲུང་ཧྥེའི་འབྲེལ་བའི་མཚོན་རྟགས་ཤིག་ཆགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་སུ་གླེང་བའི་གཏམ་སྙན་ཞིག་ཏུ་གྱུར་ཡོད།
འདས་པའི་དུས་རབས་ཕྱེད་ཀ་ཙམ་གྱི་ཐུན་མོང་གི་འབད་བརྩོན་དང་དེར་ཐོབ་པའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཀྱིས། ང་ཚོས་མུ་མཐུད་ཀྲུང་ཧྥེའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་དང་། ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་ཡོད།
——ལོ་རྒྱུས་དུམ་བུ་དེ་ལས་ང་ཚོར་བསྟན་དོན། ཀྲུང་ཧྥེའི་འབྲེལ་བ་ནི་ཉི་མ་གཅིག་ལ་གོང་འཕེལ་བྱུང་བ་ཞིག་མ་ཡིན་པ་དང་། སུ་དང་གང་གིས་གནང་སྦྱིན་བསྩལ་བ་ཞིག་ནི་དེ་བས་ཀྱང་མ་ཡིན་པར། དེ་ནི་ང་ཚོ་ཕྱོགས་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་བདེ་སྡུག་མཉམ་མྱོང་བྱས་ཏེ་གོམ་པ་རེ་རེ་བཞིན་རྐང་རྗེས་འཇོག་གིན་བསྐྱོད་ཡོང་བ་ཞིག་རེད། ཆུ་འཐུང་རྒྱུ་བྱུང་བ་ཁྲོན་པ་འདྲུ་མཁན་གྱི་བཀའ་དྲིན་ཡིན་ཟེར་བ་ལྟར། ང་ཚོས་ནམ་ཡང་ཀྲུང་ཧྥེའི་འབྲེལ་བ་གོང་སྤེལ་གཏོང་ཕྱིར་དཀའ་དཔག་མེད་སྤྱད་ཅིང་ངལ་བ་འཛད་མེད་བསྩལ་བའི་སྐྱེས་བུ་རྣམས་ནམ་ཡང་མི་བརྗེད་སེམས་ལ་འཛིན་དགོས་པ་དང་། རྒྱུན་ཆད་མེད་པར་ལོ་རྒྱུས་ལས་མདུན་སྐྱོད་ཀྱི་སྒུལ་ཤུགས་ལེན་དགོས།
——ལོ་རྒྱུས་དུམ་བུ་དེ་ལས་ང་ཚོར་བསྟན་དོན། ཀྲུང་ཧྥེ་གཉིས་ནི་ཐོག་མ་ཉིད་ནས་ལས་དབང་གཅིག་པའི་ཚོགས་སྡེ་ཡིན་པ་སྟེ། ཐུན་མོང་གི་ལོ་རྒྱུས་མྱོང་བ་དང་། ཐུན་མོང་གི་གོང་སྤེལ་ལས་འགན། ཐུན་མོང་གི་འཐབ་ཇུས་ཁེ་ཕན་བཅས་ཀྱིས་ང་ཚོ་གཞི་གཅིག་ཏུ་དམ་པོར་སྦྲེལ་ཡོད། ང་ཚོ་ཕྱོགས་གཉིས་ཀས་ཕ་རོལ་པོའི་གོང་འཕེལ་ཉིད་རང་ཉིད་ཀྱི་གོ་སྐབས་ལ་རྩི་ཞིང་། ཚང་མས་མཉམ་ལས་ལ་ཤུགས་བརྒྱབ་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།
——ལོ་རྒྱུས་དུམ་བུ་དེ་ལས་ང་ཚོར་བསྟན་དོན། ཀྲུང་ཧྥེའི་འབྲེལ་བའི་ངོ་བོའི་ཁྱད་ཆོས་ནི་ཟོལ་མེད་མཛའ་མཐུན་དང་། ཕན་ཚུན་བརྩི་འཇོག འདྲ་མཉམ་གཉིས་ཕན། ཐུན་མོང་གོང་འཕེལ་བཅས་ཡིན། ང་ཚོ་ཕྱོགས་གཉིས་བཟང་ཁ་མཐུན་པས། ཕན་ཚུན་འདྲ་མཉམ་ཡིན་པའི་སྣང་བ་ཡོད། ང་ཚོས་རང་ཉིད་ཀྱི་འདོད་བློ་ཁྱེད་ཚོའི་མགོ་ལ་བཙན་དཀྲི་མི་བྱེད་པ་དང་། ཁྱེད་ཚོས་ཀྱང་རང་ཉིད་ཀྱི་འདོད་བློ་ང་ཚོའི་མགོ་ལ་བཙན་དཀྲི་བྱེད་ཀྱི་མེད། ཀྲུང་གོས་ཨ་ཧྥེ་རི་ཁའི་གོང་འཕེལ་ལ་རང་ནུས་གང་ལྕོགས་ཀྱིས་རོགས་རམ་བྱས་ཤིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མི་དམངས་ཀྱིས་དུས་ཡུན་རིང་པོར་ཀྲུང་གོར་རྒྱབ་སྐྱོར་ཆེན་པོ་དང་སྒེར་སེམས་མེད་པའི་རོགས་རམ་བྱས་པར་ཀྲུང་གོས་དེ་བས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ཕ་རོལ་པོའི་སྲོག་ཤིང་ཁེ་ཕན་ལ་ཐུག་པའི་གནད་དོན་ཐད་མཐའ་གཅིག་ཏུ་ལངས་ཕྱོགས་གསལ་ཞིང་། ཐེ་ཚོམ་སྤུ་ཙམ་མེད་པར་ཕ་རོལ་པོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
——ལོ་རྒྱུས་དུམ་བུ་དེ་ལས་ང་ཚོར་བསྟན་དོན། ཀྲུང་ཧྥེའི་འབྲེལ་བའི་ཐད་སྐྱེ་སྟོབས་ཆེན་པོ་རྒྱས་དགོས་ན་ངེས་པར་དུ་དུས་བསྟུན་མདུན་སྐྱོད་དང་སྲོལ་འབྱེད་གསར་གཏོད་བྱེད་དགོས། དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། ཀྲུང་ཧྥེའི་འབྲེལ་བ་གོང་འཕེལ་འགྲོ་བའི་གནད་འགག་གི་དུས་སྐབས་རེ་རེར་ང་ཚོ་ཕྱོགས་གཉིས་ཀྱིས་མཐོ་སར་འཛེགས་ནས་རྒྱང་ལྟ་བྱས་ཏེ། ཀྲུང་ཧྥེ་མཉམ་ལས་ཀྱི་མཐུན་ཕྱོགས་དང་འཕར་གཞི་གསར་པ་འཚོལ་ཞིབ་ཀྱིས་ཀྲུང་ཧྥེའི་འབྲེལ་བར་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་ཡོད། རི་ལ་ཐུག་ན་ལམ་འབྱེད་པ་དང་ཆུ་ལ་ཐུག་ན་ཟམ་སྐྲུན་པའི་གསར་འབྱེད་ཀྱི་སྙིང་སྟོབས་དེ་ལྟ་བུ་ནི། ང་ཚོས་རྒྱུན་ཆད་མེད་པར་ཀྲུང་ཧྥེའི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ཡིད་བཞིན་ནོར་བུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་སྐུ་ཞབས་རྣམ་པ་ཚོ།
མིག་སྔར་ཀྲུང་ཧྥེའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་གནས་ཡོད་པ་དང་། དུས་བཟང་གནས་བཟང་དང་མི་སེམས་མཐུན་པའི་ལེགས་ཆ་ལྡན་ཡོད། “རེ་བས་ཁེངས་བའི་སྐམ་ས་ཆེན་པོ་” དང་ “གོང་འཕེལ་གྱི་ས་གཞི་དྲོན་མོ་” ཡིན་པའི་ཆ་ནས། དེང་སང་གི་ཨ་ཧྥེ་རི་ཁ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་མགྱོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་ཡོད་པ་དང་། ཨ་ཧྥེ་རི་ཁའི་སེང་ཆེན་འདི་ཉིད་མྱུར་བར་བང་རྒྱུག་བྱེད་བཞིན་ཡོད་ལ། ཀྲུང་གོས་ཀྱང་མུ་མཐུད་གོང་འཕེལ་འགྲོ་ཕྱོགས་བཟང་པོ་མཐའ་འཁྱོངས་བྱས་ཡོད། ཀྲུང་ཧྥེ་མཉམ་ལས་ཀྱི་རྨང་གཞི་སྔར་བས་བརྟན་པ་དང་། མཉམ་ལས་ཀྱི་འདོད་མོས་སྔར་བས་ཆེ་ཞིང་། མཉམ་ལས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་བས། ཀྲུང་ཧྥེ་མཉམ་ལས་ལ་སྐུལ་འདེད་བྱ་རྒྱུ་དེ་ནི་ཕྱོགས་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་ཡིན་པ་དང་། དུས་ཀྱི་འཁོར་ཕྱོགས་དང་མི་སེམས་ཀྱི་གཏད་ཕྱོགས་རེད།
འདིར་ངས་གྲོས་པོ་ལྷན་རྒྱས་ལ་གསལ་པོར་ཞུ་རྒྱུར། གནས་བབ་གསར་པའི་འོག་ཀྲུང་ཧྥེའི་འབྲེལ་བའི་གལ་ཆེའི་རང་བཞིན་ཆུང་དུ་ཕྱིན་མེད་པར་དེ་བས་ཆེ་རུ་ཕྱིན་ཡོད་པ་དང་། ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ནི་ཉུང་དུ་མ་སོང་བར་དེ་བས་མང་དུ་འགྲོ་བཞིན་ཡོད་པས། ཀྲུང་གོའི་ཕྱོགས་ཀྱི་འཕེལ་རྒྱས་ཀྱིས་ཨ་ཧྥེ་རི་ཁ་ལ་འབྲེལ་བ་བྱེད་ཤུགས་ཆུང་དུ་མི་གཏོང་བར་ཆེ་རུ་གཏོང་ངེས་ཡིན།
དང་པོ། ཨ་ཧྥེ་རི་ཁའི་གྲོགས་པོ་ལ་ང་ཚོས་ “ངོ་མ་” ཞེས་པའི་ཚིག་འདི་བརྩི་རྒྱུ་ཡིན། གྲོགས་པོ་མ་ནོར་བུ་ཡིན་ཟེར་བ་ལྟར། ཀྲུང་ཧྥེའི་སྲོལ་རྒྱུན་གྱི་མཛའ་བརྩེ་ནི་རིན་ཆེན་ནོར་བུ་ལྟར་གཅེས་སྤྲས་བྱེད་རིན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་མཉམ་ལས་གོང་སྤེལ་གཏོང་རྒྱུ་དེ་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་པོར་བརྩིས་ཡོད་ལ། ཀྲུང་གོའི་རང་ངོས་གོང་འཕེལ་དང་རྒྱལ་སྤྱིའི་གོ་གནས་མཐོ་རུ་ཕྱིན་པའི་དབང་གིས་གནད་དེར་འགྱུར་ལྡོག་གཏན་ནས་གཏོང་མི་སྲིད། ཀྲུང་གོས་རྒྱལ་ཁབ་ཁག་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་ལ་མ་བལྟོས་པར་མཐའ་གཅིག་ཏུ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། དྲང་ལུགས་བརྩི་ཞིང་བདེན་ལུགས་འཛིན་ལ། ཆེན་པོས་ཆུང་བར་བརྙས་པ་དང་། བཙན་པོས་གཉོམ་ཆུང་ལ་གཙེ་བ། ཕྱུག་པོས་དབུལ་པོར་མནར་བ་བཅས་ལ་ངོ་རྒོལ་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ། མུ་མཐུད་ཨ་ཧྥེ་རི་ཁ་ཕྱོགས་དང་ཕ་རོལ་པོའི་སྲོག་ཤིང་གི་ཁེ་ཕན་དང་གནད་ཆེའི་དོ་འཁུར་བྱ་ཡུལ་གྱི་གནད་དོན་ཐོག་ཕན་ཚུན་རྒྱབ་སྐྱོར་དང་། མུ་མཐུད་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་བདེན་པའི་ལངས་ཕྱོགས་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ཏེ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་ཨ་ཧྥེ་རི་ཁས་རང་བདག་ངང་ས་ཁུལ་དེ་གའི་གནད་དོན་ཐག་གཅོད་བྱེད་པའི་འབད་བརྩོན་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ཏེ། ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན། །
འཛམ་གླིང་ཐོག་ཀུན་ལ་འཕྲོད་པའི་གོང་འཕེལ་གྱི་དཔེ་སྲོལ་ཞིག་མེད་པས། ཕྱོགས་སོ་སོས་འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་དང་གོང་སྤེལ་དཔེ་སྲོལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་འོས། ཀྲུང་གོས་མུ་མཐུད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གོང་འཕེལ་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་བློ་བརྟན་པོས་རྒྱབ་སྐྱོར་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན། རང་རང་སོ་སོའི་གནའ་བོའི་ཤེས་དཔལ་དང་གོང་འཕེལ་གྱི་ལག་ལེན་ལས་བློ་གྲོས་བསྡུ་ལེན་བཅས་བྱས་ཏེ། ཀྲུང་ཧྥེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན། །
ཁྱིམ་ཚང་མཐུན་ན་དོན་ཀུན་འགྲུབ་ཟེར་བ་ལྟར། ཨ་ཧྥེ་རི་ཁ་ཡོངས་ལས་དབང་གཅིག་པའི་ཁྱིམ་ཚང་ཆེན་པོ་ཞིག་རེད། ད་ལོ་ནི་ཨ་ཧྥེ་རི་ཁའི་གཅིག་གྱུར་རྩ་འཛུགས་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་པས། མཉམ་འབྲེལ་ཐོག་རང་སྟོབས་རང་སྐྱེད་བྱེད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཆ་མཚོན་ན་ལམ་མཚམས་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཨ་ཧྥེ་རི་ཁས་མཉམ་འབྲེལ་གྱིས་རང་སྟོབས་རང་སྐྱེད་བྱེད་པའི་བགྲོད་ལམ་ཐོག་ཏུ་གོམ་སྟབས་སྔར་བས་ཆེ་ཙམ་སྤོས་ཏེ། ཨ་ཧྥེ་རི་ཁའི་ཞི་བདེ་དང་གོང་འཕེལ་གྱི་བྱ་གཞག་དེ་བསྟུད་མར་སྐས་རིམ་གསར་པ་ཞིག་ལ་སྙེག་པར་སྐུལ་འདེད་གཏོང་བར་ཀྲུང་གོའི་ཕྱོགས་ཀྱིས་སྙིང་ཐག་པ་ནས་སྨོན་འདུན་ཞུ་དང་བློ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེ་འབྲེལ་བ་ཇེ་བཟང་ནས་ཇེ་ལེགས་སུ་གོང་འཕེལ་ཡོང་བའི་རེ་བ་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཞན་དང་ཨ་ཧྥེ་རི་ཁའི་བར་གྱི་འབྲེལ་བ་ཡང་ཇེ་བཟང་ནས་ཇེ་ལེགས་སུ་གོང་འཕེལ་ཡོང་བའི་རེ་བ་ཡོད། ཨ་ཧྥེ་རི་ཁ་ནི་ཨ་ཧྥེ་རི་ཁ་བའི་ཡིན་པ་དང་། རྒྱལ་ཁབ་གང་ཡང་རུང་བས་ཨ་ཧྥེ་རི་ཁ་དང་འབྲེལ་བ་སྤེལ་ཚེ་ཨ་ཧྥེ་རི་ཁའི་ལ་རྒྱ་དང་རང་བདག་རང་བཞིན་ལ་བརྩི་འཇོག་བྱེད་འོས་པ་རེད།
གཉིས་པ། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པར། ང་ཚོས་“མིག་མཐོང་ལག་ཟིན་” ཞེས་པའི་ཚིག་འདི་བརྩི་རྒྱུ་ཡིན། ཀྲུང་གོ་ནི་མཉམ་ལས་མཉམ་ཁེའི་གྲོས་འགོ་འདོན་མཁན་ཡིན་པར་མ་ཟད་དེ་ལག་ལེན་ཧུར་ཐག་བྱེད་མཁན་ཞིག་ཀྱང་ཡིན། ཀྲུང་གོ་ཉིད་རང་ངོས་ཀྱི་གོང་འཕེལ་དེ་ཨ་ཧྥེ་རི་ཁའི་གོང་འཕེལ་དང་དམ་པོར་སྦྲེལ་བའི་ལས་ལ་གཞོལ་རྒྱུ་དང་། ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་དང་ཨ་ཧྥེ་རི་ཁའི་གོང་འཕེལ་དང་དམ་པོར་སྦྲེལ་བའི་ལས་ལ་གཞོལ་རྒྱུ་དང་། ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ཁེ་ཕན་དམ་པོར་སྦྲེལ་བའི་ལས་ལ་གཞོལ་རྒྱུ། ཀྲུང་གོའི་གོང་འཕེལ་གྱི་གོ་སྐབས་དང་ཨ་ཧྥེ་རི་ཁའི་གོང་འཕེལ་གྱི་གོ་སྐབས་དམ་པོར་སྦྲེལ་བའི་ལས་ལ་གཞོལ་རྒྱུ་ཡིན་ཞིང་། སྙིང་ཐག་པ་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གོང་འཕེལ་སྔར་བས་མགྱོགས་པོ་ཡོང་བ་དང་། ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་འཚོ་བ་སྔར་ལས་བཟང་བ་རོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོས་རང་ཉིད་ཀྱི་གོང་འཕེལ་དོན་གཉེར་བྱེད་པ་དང་ཕྱོགས་མཚུངས། ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་གྲོགས་པོ་ཚོར་རང་ནུས་གང་ལྕོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ལ། ཀྲུང་གོས་ཨ་ཧྥེ་རི་ཁ་ལ་རོགས་སྐྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་ཡང་ཀྲུང་གོའི་ཕྱོགས་ཀྱིས་གང་ཞིག་ཁས་ལེན་དམ་བཅའ་བྱས་པ་ཡིན་ན་དེ་ཉིད་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་ངེས་ཡིན།
ཀྲུང་གོས་མུ་མཐུད་ཨ་ཧྥེ་རི་ཁ་དང་མ་རྩ་འཇོག་སྒྲུག་གི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་སྟེ། ལོ་3གྱི་ནང་དུ་ཨ་ཧྥེ་རི་ཁ་ལ་ཨ་སྒོར་དུང་ཕྱུར་200ཡི་དངུལ་བུན་གཏོང་རྒྱུའི་ཁས་བླངས་དོན་འཁྱོལ་ཡག་པོ་དང་། “ཨ་ཧྥེ་རི་ཁའི་རྒྱལ་ཁོངས་བརྒལ་བ་དང་ས་ཁོངས་བརྒལ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་རོགས་ཟླའི་འབྲེལ་བ་” ལག་བསྟར་ཡག་པོ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་ཞིང་ལས་དང་བཟོ་སྐྲུན་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་བྱེད་པར་ཤུགས་སྣོན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་ཐོན་ཁུངས་ཀྱི་བཟང་ཆ་དེ་གོང་འཕེལ་གྱི་དགེ་མཚན་ལ་བསྒྱུར་ཏེ་རང་བདག་ངང་གོང་འཕེལ་དང་རྒྱུན་མཐུད་ཐུབ་པའི་གོང་འཕེལ་མངོན་འགྱུར་ཡོང་བར་རོགས་རམ་བཅས་བྱ་རྒྱུ་ཡིན།
མི་ལ་ཉ་སྦྱིན་དགོས་པ་དང་དེ་བས་ཀྱང་ཉ་ལས་ཀྱི་ཐབས་ཤེས་སྦྱིན་དགོས་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་“ཨ་ཧྥེ་རི་ཁའི་ཤེས་ལྡན་པའི་འཆར་གཞི་” ལག་བསྟར་ཧུར་ཐག་བྱ་རྒྱུ་སྟེ། མ་འོངས་ལོ་3གྱི་ནང་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་རིགས་ཁག་གི་ཤེས་ལྡན་པ་མི་ཁྲི་ཚོ་3གསོ་སྦྱོང་བྱ་རྒྱུ་དང་། བྱ་དགའི་སློབ་ཡོན་གྱི་སློབ་མའི་མིང་སྐལ་ཁྲི་1.8སྤྲད་རྒྱུ། ཨ་ཧྥེ་རི་ཁ་ལ་ལག་རྩལ་བཤུག་སྤྲོད་དང་ཉམས་མྱོང་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་བཅས་ཡིན།
ཀྲུང་གོའི་དཔལ་འབྱོར་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་བསྟུར་མར་ཆེ་རུ་འགྲོ་བ་དང་སྦྲགས། ཀྲུང་གོས་མུ་མཐུད་ཨ་ཧྥེ་རི་ཁའི་གོང་འཕེལ་ལ་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་བགྲང་བའི་བྱེད་འོས་པའི་རོགས་རམ་བྱ་རྒྱུ་ཡིན།
གསུམ་པ། ཀྲུང་ཧྥེའི་འབྲེལ་བར་ཤུགས་སྣོན་རྒྱག་པར་ཀྲུང་གོས་“ཤ་ཚ་སྙིང་ཉེ་” ཞེས་པའི་ཚིག་འདི་བརྩི་རྒྱུ་ཡིན། ཀྲུང་གོའི་མི་དམངས་དང་ཨ་ཧྥེ་རི་ཁའི་མི་དམངས་བར་ལ་བཅོས་མིན་གྱི་སྙིང་ཉེ་ཉེའི་སྣང་བ་ཞིག་ཡོད། “སེམས་ལ་སེམས་གཏད་མི་ཚེའི་སྐྱིད་ཅིག་ཡིན་” ཟེར་བ་ལྟར། ཀྲུང་ཧྥེ་གཉིས་སེམས་པ་གཏོད་རེས་ཇི་ལྟར་བྱེད་ཅེ་ན། ངས་བསམ་པར་ཧ་ཅང་གལ་ཆེ་བ་ཞིག་ནི་གླེང་མོལ་ཟབ་མོ་དང་བྱ་སྤྱོད་ངོ་མའི་ཐོག་ནས་སེམས་དང་སེམས་ཀྱི་སྒྲ་དབྱངས་མཉམ་གྲགས་ཡོང་བར་བྱེད་དགོས་པ་དེ་རེད།།
ཀྲུང་ཧྥེའི་འབྲེལ་བའི་རྩ་བ་དང་ཁྲག་རྒྱུན་ནི་མི་དམངས་ལ་གནས་ཡོད་པས། ཀྲུང་ཧྥེ་འབྲེལ་བའི་གོང་འཕེལ་སྔར་ལས་མང་བ་མི་དམངས་ལ་ཕྱོགས་འོས་པ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་ཧྥེའི་འབྲེལ་བ་གོང་འཕེལ་སོང་བ་དང་བསྟུན་ནས། ཀྲུང་ཧྥེ་མི་དམངས་ཐག་ཇེ་ཉེ་ཇེ་ཉེར་འགྲོ་བཞིན་ཡོད། ཨ་ཧྥེ་རི་ཁའི་གྲོགས་པོ་ཁག་ཅིག་གིས་ཀྲུང་གོའི་རིག་རྩལ་གྱི་གར་སྟེགས་སུ་ལྟད་མོ་འཁྲུག་པོ་སྟོན་བཞིན་པར། ཀྲུང་གོ་བ་མང་པོར་རྒྱུས་ཡོད་པའི་སྐར་མ་འོད་ཆེན་ཆགས་ཡོད། ཀྲུང་གོའི་བརྙན་འཕྲིན་ཟློས་གར་《མནའ་མའི་བསྐལ་པ་བཟང་པོ་》ཞེས་པ་དེ་ཐན་ཙན་ནི་ཡ་རུ་བསྟན་རྗེས། ཐན་ཙན་ནི་ཡའི་གཟིགས་མོ་བ་ཚོས་ཀྲུང་གོའི་མི་སེར་ཕལ་པའི་ཁྱིམ་ཚང་གི་འཚོ་བའི་བདེ་སྡུག་དང་དགའ་སྐྱོ་ཤེས་རྟོགས་བྱུང་ཡོད།
ངས་གཏམ་རྒྱུད་འདི་འདྲ་ཞིག་ཐོས་མྱོང་བ་སྟེ། ཀྲུང་གོའི་གཞོན་ནུ་ཟུང་གཅིག་གིས་ཆུང་བྱིས་པའི་དུས་ནས་བརྙན་འཕྲིན་ལེ་ཚན་བརྒྱུད་དེ་ཨ་ཧྥེ་རི་ཁ་ཤེས་རྟོགས་བྱུང་ནས། ཨ་ཧྥེ་རི་ཁར་འགྲོ་འདོད་སྐྱེས་བ་རེད། རྗེས་སུ་ཁོང་གཉིས་གཉེན་སྒྲིག་བྱས་ཏེ་སྦྲང་རྩི་ཟླ་བའི་ཡུལ་སྐོར་བྱ་ཡུལ་དེ་ཐན་ཙན་ནི་ཡ་བདམས་པ་རེད། གཉེན་སྒྲིག་བྱས་རྗེས་ཀྱི་མཛའ་གྲོགས་དུས་ཆེན་དང་པོར་ཁོང་གཉིས་ཀྱིས་རྡོག་ཁྲེས་ཁུར་ནས་ཐན་ཙན་ནི་ཡར་ཡོང་ཞིང་། འདི་གའི་ཡུལ་གོམས་གཤིས་ལུགས་དང་སའེ་ལུན་ཀའེ་ཏི་རྩ་ཐང་གི་མཛེས་ལྗོངས་ཉམས་སུ་མྱངས་པ་རེད། ཕྱིར་ལོག་རྗེས་ཁོང་གཉིས་ཀྱི་ཐན་ཙན་ནི་ཡའི་མཐོང་ཐོས་རྣམས་པོད་ཁུག་ཏུ་སྤེལ་བ་ལ། རྡེག་རྡེབ་ཁྲི་ཚོ་མང་པོ་དང་ཕྱིར་ལན་བརྒྱ་ཕྲག་དུ་མ་བྱུང་ཡོད། ཁོང་གཉིས་ཀྱིས་ང་ཚོ་ཨ་ཧྥེ་རི་ཁ་ལ་དངོས་གནས་སེམས་པ་ཤོར་སོང་། ད་ནས་བཟུང་ང་ཚོའི་སེམས་པ་ངོ་མཚར་ཆེ་བའི་ས་གཞི་འདི་དང་ཁ་འབྲལ་མི་སྲིད་ཅེས་བཤད་ཡོད། གཏམ་རྒྱུད་འདི་ལས་གསལ་པོར་བསྟན་དོན། ཀྲུང་ཧྥེ་མི་དམངས་བར་ལ་བཅོས་མིན་གྱི་སྙིང་ཉེའི་སྣང་བ་ཞིག་ཡོད་པས། མི་དམངས་བར་གྱི་སྤེལ་རེས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་ཡིན་ན། ཀྲུང་ཧྥེ་མི་དམངས་བར་གྱི་མཛའ་བརྩེ་ནི་རྩ་བ་ཚུགས་ནས་ལོ་འདབ་རྒྱས་ཡོང་ངེས་རེད།
ང་ཚོས་ཀྲུང་ཧྥེའི་བར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་ལ་མཐོང་ཆེན་སྔར་ལས་ཆེ་བ་བྱས་ཏེ། ཀྲུང་ཧྥེ་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་རྒྱུས་ལོན་བྱེད་ཤུགས་ཆེ་རུ་སྐྱེད་དགོས་པ་དང་། ཀྲུང་ཧྥེ་མཛའ་མཐུན་བྱ་གཞག་གི་སྤྱི་ཚོགས་རྨང་གཞི་ཟབ་རྒྱས་སུ་གཏོང་དགོས། ཀྲུང་ཧྥེའི་འབྲེལ་བ་ནི་མ་འོངས་པར་ཁ་ཕྱོགས་ངའི་བྱ་གཞག་ཡིན་པས། མི་རབས་ནས་མི་རབས་སུ་ཀྲུང་ཧྥེའི་གཞོན་ནུ་རྣམས་ཀྱིས་ཐུན་མོང་ཐོག་སྔར་རྒྱུན་མཐུད་དེ་འབད་འཐབ་བྱེད་དགོས། ཕྱོགས་གཉིས་ཀྱིས་གཞོན་ནུའི་བར་གྱི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་ཧྥེའི་མཛའ་མཐུན་བྱ་གཞག་ལ་རྒྱུན་འཛིན་པ་ཡོད་ཅིང་ནམ་ཡང་ལང་ཚའི་དཔལ་ཡོན་འབར་དུ་འཇུག་འོས། །
བཞི་པ། མཉམ་ལས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ང་ཚོས་“རྣམ་དག” ཞེས་པའི་ཚིག་འདི་བརྩི་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀ་མགྱོགས་མྱུར་གོང་འཕེལ་འགྲོ་བའི་གོ་རིམ་ནང་གནས་ཡོད་པ་དང་། ཕན་ཚུན་རྒྱུས་མངའ་ལོན་དགོས་ན་བསྟུད་མར་དུས་བསྟུན་མདུན་སྐྱོད་བྱེད་དགོས། ཀྲུང་གོས་ལྷག་བསམ་རྣམ་དག་གིས་ཀྲུང་ཧྥེའི་འབྲེལ་བའི་མདུན་དུ་ལྷགས་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཁ་ཕྱོགས་པ་དང་། གནད་དོན་བྱུང་རིགས་ལ་ང་ཚོས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་ཁེའི་སྙིང་སྟོབས་བཅངས་ནས་ཐག་གཅོད་འོས་འཚམ་བྱེད་འོས།
གོ་སྐབས་ནི་ནམ་ཡང་འགྲན་སློང་ལས་མང་ཞིང་། ཐབས་བཀོད་ནི་ནམ་ཡང་དཀའ་ངལ་ལས་མང་བར་ང་ལ་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་དུ་དོན་འབྲས་ཡོད་པའི་བྱེད་ཐབས་སྤྱད་དེ། ཀྲུང་ཧྥེའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་གནས་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་མཉམ་ལས་ཀྱི་ནང་ནས་ཁེ་བཟང་སྔར་ལས་མང་བ་ཐོབ་ཏུ་བཅུག་ཟིན་པའམ་མུ་མཐུད་དུ་འཐོབ་ཏུ་གཞུག་རྒྱུ་ཡིན། དུས་མཚུངས་ང་ཚོས་ཞེ་ཐག་པ་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱིས་ཨ་ཧྥེ་རི་ཁར་མཉམ་ལས་སྤེལ་བར་དེར་འབྲེལ་གྱི་མཐུན་རྐྱེན་སྦྱོར་བའི་རེ་བ་ཞུ་རྒྱུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་སྐུ་ཞབས་རྣམ་པ་ཚོ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60ལྷག་འདས་རིང་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་30ལྷག་འདས་རིང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལམ་ལྷོང་ངང་བཏོད་ཡོད་པ་དང་། ཀྲུང་གོའི་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ནས་དཔལ་འབྱོར་གྱི་སྤྱི་འབོར་དེ་འཛམ་གླིང་གི་ཨང་གཉིས་པར་བསྙེགས་པ། ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། མི་འབོར་དུ་ཕྱུར་13ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་ཀྲུང་གོས་ལོ་ངོ་བཅུ་ཕྲག་དུ་མའི་དུས་ཚོད་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གིས་ལོ་ངོ་བརྒྱ་ཕྲག་དུ་མར་བསྐྱོད་པའི་གོང་འཕེལ་གྱི་བཤུལ་ལམ་བསྐྱོད་ཟིན་ཅིང་། དེའི་ནང་གི་དཀའ་སྡུག་དང་བར་ཆད་ནི་བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ།
ད་ལྟ། ཀྲུང་གོའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ནི་སྔར་བཞིན་མི་གྲངས་མང་ལ། རྨང་གཞི་ཞན་པ། གོང་འཕེལ་དོ་མཉམ་མེད་པ་བཅས་དང་། དཔལ་འབྱོར་གྱི་སྤྱི་འབོར་ཕོན་ཆེ་ཡང་མི་གྲངས་དུང་ཕྱུར་13ལ་བགོས་ན། མི་རེའི་ཆ་སྙོམ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་ད་དུང་འཛམ་གླིང་གི་ཨང་དགུ་བཅུ་པའི་ཡས་མས་སུ་གནས་ཡོད་པ་བཅས་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚད་གཞི་ལྟར་ན། ཀྲུང་གོར་ད་དུང་མི་གྲངས་དུང་ཕྱུར་1.28དབུལ་ཕོངས་མཚམས་ཐིག་གི་མན་ན་འཚོ་བཞིན་ཡོད། མི་གྲངས་དུང་ཕྱུར་13ལྷག་ཚང་མ་འབྱོར་ཕྱུག་ལྡན་པའི་འཚོ་བར་རོལ་ཏུ་འཇུག་ཐུབ་དགོས་ན། ད་དུང་འགྲོ་ལམ་རིང་པོ་ཞིག་སྐྱོད་དགོས་པ་དང་། དུས་ཡུན་རིང་པོའི་དཀའ་སྤྱད་འབད་བརྩོན་བྱེད་དགོས། ཀྲུང་གོ་མུ་མཐུད་གོང་འཕེལ་འགྲོ་བ་དང་བསྟུན་ནས་ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་མཐོ་རུ་འགྲོ་ངེས་རེད། འོན་ཀྱང་ཀྲུང་གོ་གོང་འཕེལ་བྱུང་ནས་གང་ལ་སླེབས་ཀྱང་། ནམ་ཡང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཀྲུང་གོ་རང་ཉིད་ཀྱི་སྡུག་པའི་སྡུག་གྲོགས་དང་སྐྱིད་པའི་སྐྱིད་གྲོགས་ལ་རྩི་ངེས་ཡིན།
མཁྱེན་ལྡན་མ་རྣམ་པ་དང་སྐུ་ཞབས་རྣམ་པ་ཚོ།
ཀྲུང་གོའི་གོང་འཕེལ་ནི་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། ཨ་ཧྥེ་རི་ཁ་དང་ཡང་ཁ་འབྲལ་ཐབས་མེད་ཅིང་། འཛམ་གླིང་དང་ཨ་ཧྥེ་རི་ཁ་དར་རྒྱས་དང་བརྟན་བརླིང་ཡོང་བར་ཡང་ཀྲུང་གོ་དགོས། ཀྲུང་ཧྥེ་གཉིས་རྒྱ་མཚོ་ཆེན་པོས་བཅད་ཡོད་ཀྱང་ང་ཚོའི་སེམས་པ་ནི་གཅིག་འབྲེལ་ཡིན། ང་ཚོ་ཕན་ཚུན་སྦྲེལ་བྱེད་ནི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་དང་ཁེ་ཕན་གྱི་སྦྲེལ་ཐག་དམ་པོ་ཡིན་པས་མི་ཚད། ད་དུང་ང་ཚོའི་ཐུན་མོང་གི་ཕུགས་འདུན་ཡང་ཡོད།
མི་གྲངས་དུང་ཕྱུར་13ལྷག་གི་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་ལ་གཞོལ་བཞིན་ཡོད་པ་དང་། མི་གྲངས་དུང་ཕྱུར་10ལྷག་གི་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་མཉམ་འབྲེལ་ཐོག་རང་སྟོབས་རང་སྐྱེད་དང་། གོང་འཕེལ་དར་རྒྱས་ཡོང་བའི་ཨ་ཧྥེ་རི་ཁའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་ལ་གཞོལ་བཞིན་ཡོད། ཀྲུང་ཧྥེ་མི་དམངས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་ལ་ཤུགས་བརྒྱབ་སྟེ། ང་ཚོས་རང་རང་སོ་སོའི་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱེད་དགོས། ང་ཚོས་ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་རྒྱུན་གཏན་གྱི་ཞི་བདེ་དང་ཐུན་མོང་ཐོག་དར་རྒྱས་ཕུན་ཚོགས་ཡོང་བའི་འཛམ་གླིང་གི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་མེད་བྱ་གཞག་གི་དོན་དུ་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།
ཨ་སང་ཐེ་ནེ་ས་ན།