ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་རེ་གཅིག་པ།༽ཀྲུང་ལའི་འབྲེལ་བར་གོང་འཕེལ་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཁུངས། ཀློག་གྲངས།

༄༅། །ཀྲུང་ལའི་འབྲེལ་བར་གོང་འཕེལ་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

(2013ལོའི་ཟླ་6ཚེས་5ཉིན།)

ལ་ཏིང་ཨ་མེ་རི་ཁ་ཞེས་པའི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་རེ་བའི་མཚོ་མོ་འཁོལ་བའི་སྐམ་ས་འདི་ལ་ཡང་བསྐྱར་འབྱོར་ཚེ། འདི་གའི་གོང་འཕེལ་ལ་མཐུན་རྐྱེན་གྱི་བསྐོས་ཐང་ཆེ་བ་དང་། ལ་ཏིང་ཨ་མེ་རི་ཁས་སླར་ཡང་གོང་འཕེལ་གྱི་རྫོགས་ལྡན་དུས་སྐབས་གསར་པའི་མདུན་བསུས་ཡོད་པའི་མྱོང་ཚོར་དྲག་པོ་སྐྱེས་བྱུང་བ་དང་། ལ་ཏིང་ཨ་མེ་རི་ཁ་ཇི་ཙམ་དར་རྒྱས་ཡག་པོ་བྱུང་ན་འཛམ་གླིང་ལ་དེ་ཙམ་གྱིས་བཟང་བ་དང་། ཀྲུང་གོར་ཡང་དེ་ཙམ་གྱིས་བཟང་བ་རེད།

མིག་སྔར། ལ་ཏིང་ཨ་མེ་རི་ཁ་ཉིད་མགྱོགས་མྱུར་དུ་གོང་འཕེལ་འགྲོ་བའི་གོ་སྐབས་བཟང་དུས་གལ་ཆེན་པོར་སླེབས་ཡོད། ང་ཚོས་མཐོ་སར་འཛེགས་ནས་རྒྱང་ལ་ལྟ་བ་དང་། དུས་བསྟུན་མདུན་སྐྱོད་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འབྲེལ་འདྲིས་ལ་ཤུགས་རྒྱག་པ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ལ་འདྲ་མཉམ་གཉིས་ཕན་དང་ཐུན་མོང་གོང་འཕེལ་ཡོང་བའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་གོང་འཕེལ་གསར་པ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འོས།

——ཆབ་སྲིད་ཐོག་ཀྲུང་ལ་གཉིས་ནས་ལྷད་མེད་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།

——དཔལ་འབྱོར་ཐོག་ཀྲུང་ལ་ཕྱོགས་གཉིས་ཀས་དཔལ་འབྱོར་གོང་སྤེལ་གཏོང་སྟངས་སྒྱུར་བ་ལས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་ལས་ཀྱི་བག་ཉལ་སྟོབས་ཤུགས་གཏིང་སྔོག་དང་། མཉམ་ལས་བྱེད་སྟངས་གསར་གཏོད། ཁེ་ཕན་མཉམ་འདྲེས་ཟབ་སྤེལ་བཅས་བྱས་ཏེ། རྒྱུན་མཐུད་བརྟན་བརླིང་གི་གཉིས་ཕན་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་དགོས།

——རིག་གནས་ཐོག་ཀྲུང་ལས་ཤེས་དཔལ་གླེང་མོལ་དང་རིག་གནས་སྤེལ་རེས་ལ་ཤུགས་བརྒྱབ་སྟེ། “རང་གི་རྒྱན་གྱིས་རང་ཉིད་བརྒྱན” པས་མི་ཚད། ད་དུང་“གཞན་གྱི་རྒྱན་ཡང་རྒྱན་དུ་འཛིན་ལ། རྒྱན་ཐོག་རྒྱན་བརྩེགས་ཀུན་ནས་མཛེས་”པར་བྱས་ཏེ། ཤེས་དཔལ་མི་གཅིག་པ་ཁག་ཞི་མཐུན་མཉམ་གནས་དང་ཕན་ཚུན་སྐུལ་རེས་ཡོང་བའི་མིག་དཔེ་བྱེད་དགོས།

ཀྲུང་ལ་ཕྱོགས་གཉིས་ཀས་ཐུན་མོང་འབད་བརྩོན་བྱས་ཏེ། ཀྲུང་ལའི་མཉམ་ལས་གླེང་སྟེགས་སྔ་ཙམ་ནས་འཛུགས་ཐུབ་པ་དང་། ཕྱོགས་སོ་སོའི་བཟང་ཆ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱས་ཏེ། ཀྲུང་ལའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བར་ལས་སྟེགས་སྔར་ལས་ཆེ་བ་སྐྲུན་དགོས་པ་དང་། ཐུན་མོང་ཐོག་ཨེ་ཞི་ས་ཁུལ་གྱི་བརྟན་བརླིང་དང་དར་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་སྟོབས་སྔར་ལས་ཆེ་བ་སྣོན་པའི་རེ་བ་ཡོད།

ཀྲུང་གོའི་གཏམ་དཔེར། “རྒྱུག་ཐག་རིང་ན་རྟ་ངོ་ཤེས། འགྲོགས་ཡུན་རིང་ན་མི་ངོ་ཤེས་” ཟེར་བ་ལྟར། ཀྲུང་ལའི་འབྲེལ་བའི་གོང་འཕེལ་བྱུང་རིམ་གྱིས་ཕྱོགས་གཉིས་ཀའི་འབྲེལ་བའི་གོང་འཕེལ་དེ་སྒོ་འབྱེད་ཀྱི་གོང་འཕེལ་དང་། ཁོངས་ཡངས་ཀྱི་གོང་འཕེལ། མཉམ་ལས་ཀྱི་གོང་འཕེལ། མཉམ་ཁེའི་གོང་འཕེལ་བཅས་ཡིན་པ་ར་སྤྲོད་བྱས་དང་བྱེད་མུས་རེད།

ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པ་ནི། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་ལའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་དེས་ཕྱོགས་གཉིས་ཀ་ཐུན་མོང་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་ངེས་ཡིན། དེ་ནི་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ཡོང་བར་ཡང་ཕན་ཐོགས་ཡོད།