​ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་རེ་གཉིས་པ།༽དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་ཟབ་སྤེལ་བྱེད་དགོས།

ཁུངས། ཀློག་གྲངས།

༄༅།།དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་ཟབ་སྤེལ་བྱེད་དགོས།

( 2014ལོའི་ཟླ་6ཚེས་5ཉིན། )

གུས་པར་འོས་པའི་དབུ་བཞུགས་བློན་ཆེན་ལྗ་པེའར་མཆོག་དང་།

ཨ་རབ་མཉམ་འབྲེལ་གྱི་དྲུང་ཆེ་སྐུ་ཞབས་ཨ་ར་པི་དང་། འཐུས་ཚབ་ཚོགས་པའི་ཚོགས་གཙོ་རྣམ་པ།

མཁྱེན་ལྡན་མ་རྣམ་པ་དང་སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

ས་ལ་མུའུ—ཨ་ལའི་ཁུང་།  ལྷན་རྒྱས་སྐུ་ཁམས་བཟང་། དེ་རིང་། ཨ་རབ་ཀྱི་གྲོགས་པོ་རྣམ་པ་དང་དགའ་འཛོམས་བྱུང་ནས། ཐུན་མོང་ཐོག་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་འཛུགས་སྐྲུན་སྐོར་དང་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་གོང་སྤེལ་གཏོང་བའི་ཇུས་ཆེན་གྲོས་མོལ་བྱ་རྒྱུའི་གོ་སྐབས་བྱུང་བས། ཧ་ཅང་དགའ་པོ་བྱུང་། ཐོག་མར། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་པ་དང་། དེ་མིན་ང་རང་མི་སྒེར་གྱི་མིང་ཐོག་ནས་འདིར་བཞུགས་སྐུ་མགྲོན་ལྷན་རྒྱས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོགས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན།

ཨ་རབ་ཀྱི་གྲོགས་པོ་རྣམ་པ་དང་མཇལ་དུས་ནམ་ཡིན་ཡང་གྲོགས་པོ་རྙིང་པ་ལྷན་འཛོམས་བྱུང་བའི་སྣང་བ་ཞིག་སྟེར་གྱི་འདུག སྙིང་ཉེའི་ཚོར་སྣང་འདི་ནི་ང་ཚོས་ཕན་ཚུན་ལ་སྤྲོ་སེམས་དང་ལྷག་བསམ་གཏོད་པ་ལས་བྱུང་བ་རེད་ལ། ཀྲུང་གོ་དང་ཨ་རབ་མི་རིགས་གཉིས་ཀྱི་དུས་ཡུན་རིང་པོའི་འབྲེལ་འདྲིས་ལས་བྱུང་བ་ཡང་རེད།

ཀྲུང་གོ་དང་ཨ་རབ་མི་དམངས་ཀྱི་འབྲེལ་འདྲིས་ལོ་རྒྱུས་ལ་ཕྱི་མིག་ལྟ་དུས། ང་ཚོའི་སེམས་ལ་སྐམ་ཐོག་དར་གོས་ཚོང་ལམ་དང་མཚོ་ཐོག་དྲི་རྫས་ཚོང་ལམ་འཁོར་ཡོང་གི་འདུག ང་ཚོའི་མེས་རབས་ཀྱིས་མྱ་ངམ་གྱི་ཐང་དུ། “བཀའ་ལྟར་ཡིག་ཟམ་འགྲིམས་པ། ཉིན་དང་ཟླ་བ་ཆད་མེད།”ཞེས་པ་ལྟར་དང་། རབ་འབྱམས་རྒྱ་མཚོའི་ཐོག་ཏུ “ཡོར་བ་རྒྱ་འཕྱར་སྟོང་འཕྱར། ཉིན་ཞག་ལྟོས་མེད་སྐྱོད་པ།” ཞེས་པ་ལྟར་བྱས་ཏེ། གནའ་རབས་འཛམ་གླིང་མི་རིགས་ཁག་གི་མཛའ་མཐུན་འབྲེལ་འདྲིས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད། ཀན་ཡིང་དང་། ཀྲེང་ཧོ་དང་། དབྱི་པིན་.པའེ་ཐུའུ་ཐའེ་ནི་ང་ཚོར་རྒྱུས་མང་ཡོད་པའི་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་བརྩེ་སྤེལ་རེས་ཀྱི་ཕོ་ཉ་རེད། དར་གོས་ཚོང་ལམ་ཐོག་ཀྲུང་གོའི་ཤོག་བུ་བཟོ་རྩལ་དང་། མེ་རྫས། པར་འདེབས་ལག་རྩལ། ཕྱོགས་སྟོན་འཁོར་ལོ་བཅས་ཨ་རབ་ས་ཆ་བརྒྱུད་དེ་ཡོ་རོབ་ཏུ་དར་ཡོད་ལ། ཨ་རབ་ཀྱི་གནམ་རིག་སྐར་རྩིས་དང་། ལོ་རྩིས། གསོ་རིག་བཅས་ཀྲུང་གོར་མཚམས་སྦྱོར་བྱས་ནས། ཤེས་དཔལ་སྤེལ་རེས་ཀྱི་ལོ་རྒྱུས་ཐོག་ལེ་ཚན་གལ་ཆེན་བརྩམས་ཡོད།

ལོ་ངོ་སྟོང་ཕྲག་རིང་ལ་དར་གོས་ཚོང་ལམ་གྱིས་ཐེག་པའི་ཞི་བདེ་དང་མཉམ་ལས་དང་། སྒོ་འབྱེད་དང་བསྟུན་མཁས། སྤེལ་རེས་སྦྱོང་རེས། གཉིས་ཕན་མཉམ་ཁེ་བཅས་ཀྱི་སྙིང་སྟོབས་གཅིག་རྒྱུན་གཅིག་འཛིན་བྱས་ཡོད། ཀྲུང་གོ་དང་ཨ་རབ་མི་དམངས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་དུ་ཕན་ཚུན་རྒྱབ་སྐྱོར་དང་། གོང་འཕེལ་གྱི་བགྲོད་ལམ་འཚོལ་ཞིབ་དང་མི་རིགས་དར་རྒྱས་ཡོང་བའི་བགྲོད་ལམ་ཐོག་ཕན་ཚུན་རོགས་རམ། རིག་གནས་སྤེལ་རེས་ཟབ་འཇུག་དང་མི་རིགས་རིག་གནས་དར་སྤེལ་གཏོང་བའི་བྱ་གཞག་ནང་ཕན་ཚུན་དཔེ་ལྟ་བཅས་ཡོད།

ང་ཚོས་བརྗེད་མི་སྲིད་པ་ནི། ལོ་ངོ་60གོང་གི་ཝན་ལུང་གྲོས་ཚོགས་ཐོག་ཏུ། ཀྲུང་གོས་ད་དུང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མེད་པའི་ཨ་རབ་རྒྱལ་ཁབ་ཁག་ལ་པ་ལེ་སི་ཐན་མི་དམངས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་དང་། ལོ་ངོ་40ལྷག་གི་གོང་ལ། ཨ་རབ་རྒྱལ་ཁབ་13ཀྱིས་གྲོགས་པོ་ཨ་ཧྥེ་རི་ཁ་བ་ཚོ་དང་ལྷན་དུ་ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདན་ཐོབ་བསྐྱར་གསོར་མོས་མཐུན་འདེམས་ཤོག་འཕངས་ཡོད། ང་ཚོས་བརྗེད་མི་སྲིད་པ་ནི། ཀྲུང་གོའི་སྨན་པ་ཁྲི་ལ་ཉེ་བ་ཞིག་ཨ་རབ་རྒྱལ་ཁབ་ཁག་གི་ཡུལ་གྲོང་ཀུན་ཏུ་བསྐྱོད་ནས་ནད་གསོ་རྨས་སྐྱོབ་བྱས་པ་དང་། སི་ཁྲོན་གྱི་ཝུན་ཁྲོན་ས་ཡོམ་དྲག་པོའི་གནོད་འཚེ་བྱུང་རྗེས་སུ། གཏོང་ཕོད་ཆེ་ཤོས་ཀྱི་རོགས་སྐྱོར་བྱེད་མཁན་ནི་སྤུན་ཟླ་ཨ་རབ་བ་ཚོ་ཡིན།

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

མ་འོངས་ལོ་10ཡི་ནང་དུ། ཀྲུང་ཨར་ཕྱོགས་གཉིས་ཀ་གོང་འཕེལ་ཀྱི་གནད་འགག་ཆེ་བའི་དུས་སྐབས་རེད། ཀྲུང་གོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐག་གཅོད་རང་བཞིན་གྱི་དུས་སུ་སླེབས་ཡོད། དམིགས་འབེན་འདི་འགྲུབ་པར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་གོམ་པ་ཞིག་ཡིན། ང་ཚོས་འདིའི་དོན་དུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱི་ཁོག་གི་བཀོད་སྒྲིག་བྱས་ཡོད་པའི་ནང་ཤུགས་རྒྱག་ས་གྲས་ཤིག་ནི་སྔར་བས་འཐུས་སྒོ་ཚང་བ་དང་། སྔར་བས་འཁྲུག་ཆོ་དོད་པའི་སྒོ་འབྱེད་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་། ཕྱོགས་ཡོངས་དང་བང་རིམ་མང་བའི་རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་གཏོང་བ། རྒྱལ་ཁབ་དང་ས་ཁུལ་ཁག་བར་གྱི་ཁེ་ཕན་གྱི་འདུ་གནས་དང་གཉིས་ཕན་མཉམ་ཁེ་རྒྱ་སྐྱེད་གཏོང་བ་བཅས་ཡིན། དབུས་ཤར་ས་ཁུལ་ལ་སྔ་ན་མ་མཆིས་པའི་འགྱུར་ལྡོག་ཆེན་པོ་དང་སྙོམ་སྒྲིག་ཆེན་མོ་འབྱུང་བཞིན་ཡོད་པ་དང་། ཨ་རབ་རྒྱལ་ཁབ་ཁག་གིས་རང་བདག་གིས་འཕོ་འགྱུར་འཚོལ་ཞིབ་བྱེད་བཞིན་ཡོད། མི་རིགས་དར་རྒྱས་མངོན་འགྱུར་བྱེད་པའི་ཐུན་མོང་གི་ལས་འགན་དང་འགྲན་སློང་གི་མདུན་དུ། ང་ཚོས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། གོང་འཕེལ་ལ་སྒུལ་ཤུགས་སྣོན་པ་དང་། མཉམ་ལས་ལ་སྐྱེ་སྟོབས་ཆེར་སྐྱེད་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་ལས་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་དགོས།

—དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་ནི་ཤེས་དཔལ་ཕན་ཚུན་དཔེ་ལྟ་བྱེད་དགོས་པ་དེ་ཡིན། མིའི་རིགས་ཀྱི་ཤེས་དཔལ་ལ་མཆོག་དམན་ལེགས་ཞན་གྱི་དབྱེ་བ་མེད། འདྲ་མཉམ་ཐོག་སྤེལ་རེས་བྱས་པས་ཕུན་ཚོགས་རྣམ་པར་བཀྲ་བར་འགྱུར་བ་ཡིན་ཏེ། དེ་ཡང་ “མཚོན་མདོག་སྣ་ལྔ་སྦྱར་བས།། གཅིག་ངོ་གཅིག་གིས་རྒྱན་པ།། དབྱངས་ཀྱི་ངེས་བརྒྱད་བསྡེབས་པས།། སྙོམ་མཐུན་འཇམ་ལྷུག་ལྡན་པ།”ཞེས་ཟེར་སྲོལ་ཡོད་པ་ནང་བཞིན་རེད། ཀྲུང་ཨར་ཕྱོགས་གཉིས་ཀྱིས་སྒོ་འབྱེད་དང་ཁོང་ཡངས་ཀྱི་རྣམ་འགྱུར་བཟུང་ནས་ཕ་རོལ་པོར་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་དང་། གླེང་མོལ་དང་སྤེལ་རེས་ཀྱིས་གདོང་གཏུག་དང་རྒོལ་རེས་ཀྱི་ཚབ་བྱས་ནས། སྤྱི་ཚོགས་ལམ་ལུགས་མི་གཅིག་པ་དང་། དད་པ་མི་གཅིག་པ། རིག་གནས་སྲོལ་རྒྱུན་མི་གཅིག་པ་བཅས་ཀྱི་རྒྱལ་ཁབ་བར་ཞི་མཐུན་འབྲེལ་འདྲིས་བྱེད་པའི་དཔེ་བཟང་བསྟན་ཡོད། ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཨ་རབ་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་རིག་གནས་སྲོལ་རྒྱུན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། མི་རིགས་དང་ཆོས་ལུགས་བྱེ་བྲག་པར་ཆེད་དམིགས་ཀྱིས་མཐོང་ཆུང་བྱེད་པ་དང་ཕྱོགས་རིས་བྱེད་རིགས་ཚང་མར་ངོ་རྒོལ་བྱ་རྒྱུ་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་ཤེས་དཔལ་དང་ཁོང་ཡངས་དར་སྤེལ་བཏང་ནས། ཐལ་སྐྱོད་སྟོབས་ཤུགས་དང་བསམ་བློས་ཤེས་དཔལ་མི་འདྲ་བའི་བར་དུ་བར་གཅོད་བང་རིམ་བཟོ་རིགས་བཀག་འགོག་བྱེད་དགོས།

——དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་ནི་བགྲོད་ལམ་གྱི་གདམ་ག་ལ་བརྩི་འཇོག་བྱེད་དགོས་པ་དེ་ཡིན། “ལྷམ་གོག་འདྲ་མི་དགོས། རྐང་པར་ཨེ་རན་བལྟ། སྐྱོང་ལུགས་གཅིག་མི་དགོས། དམངས་ལ་ཨེ་ཕན་བལྟ། ” རྒྱལ་ཁབ་གཅིག་གི་གོང་འཕེལ་བགྲོད་ལམ་འཕྲོད་མི་འཕྲོད་ཀྱི་གཏམ་དབང་ནི་རྒྱལ་ཁབ་གང་དེའི་མི་དམངས་ལ་ཡོད། དེ་ཡང་ང་ཚོས་མེ་ཏོག་ཐམས་ཅད་མེ་ཏོག་མཆིན་ཁ་གཅིག་པུར་སྒྱུར་དགོས་པའི་བླང་བྱ་འདོན་མི་སྲིད་པ་བཞིན། ང་ཚོས་རིག་གནས་ཀྱི་སྲོལ་རྒྱུན་མི་གཅིག་པ་དང་། ལོ་རྒྱུས་ཀྱི་མྱོང་བ་མི་འདྲ་བ། རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་མི་མཐུན་པ་བཅས་ཀྱི་རྒྱལ་ཁབ་ཁག་ཚང་མས་གོང་འཕེལ་གཏོང་སྟངས་གཅིག་སྤྱོད་དགོས་པའི་བླང་བྱ་འདོན་མི་ཉན། དེ་ལས་ལྡོག་ན་འཇིག་རྟེན་འདི་ཉིད་སྣ་གཅིག་ཅན་དུ་འགྱུར་རྒྱུ་རེད། ཨ་རབ་རྒྱལ་ཁབ་ཀྱིས་རང་བདག་ངང་གོང་འཕེལ་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་བཞིན་ཡོད། ང་ཚོར་གྲོགས་པོ་ཨ་རབ་བ་ཚོ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རང་རང་སོ་སོའི་གནའ་བོའི་ཤེས་དཔལ་དང་གོང་སྤེལ་གྱི་ལག་ལེན་ལས་བློ་གྲོས་བསྡུ་ལེན་བྱེད་འདོད་ཡོད།།

——དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་ནི་མཉམ་ལས་མཉམ་ཁེ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། ཀྲུང་གོས་དོན་གཉེར་བྱེད་པ་ནི་ཐུན་མོང་གོང་འཕེལ་ཡོང་རྒྱུ་དེ་ཡིན། ང་ཚོས་རང་ཉིད་ལ་འཚོ་བ་བཟང་པོ་རོལ་རྒྱུ་ཡོད་པར་བྱེད་པར་མ་ཟད། གཞན་ལ་ཡང་འཚོ་བ་བཟང་པོ་རོལ་རྒྱུ་ཡོད་པར་བྱེད་དགོས། མ་འོངས་ལོ་5ཡི་ནང་དུ། ཀྲུང་གོས་ཨ་སྒོར་དུང་ཕྱུར་ཁྲི་ཚོ་10ལས་བརྒལ་བའི་ཚོང་ཟོག་ནང་འདྲེན་བྱ་རྒྱུ་དང་། ཕྱི་ཕྱོགས་ལ་ཐད་ཀར་མ་རྩ་འཇོག་གྲངས་ཨ་སྒོར་དུང་ཕྱུར་5000ལས་བརྒལ་རྒྱུ་རེད། 2013ལོར། ཀྲུང་གོས་ཨ་རབ་རྒྱལ་ཁབ་ཁག་ནས་ཚོང་ཟོག་ནང་འདྲེན་བྱས་པའི་འབོར་ཚད་ཨ་སྒོར་དུང་ཕྱུར་1400ཟིན་པ་དེ་ཕྱིན་ཆད་ལོ་རེར་ཨ་སྒོར་དུང་ཕྱུར་ཁྲི་ཚོ་2ཀྱི་ཚོང་ཟོག་ནང་འདྲེན་བསྡོམས་འབོར་གྱི་7%མ་གཏོགས་ཟིན་མེད་པ་དང་། ཨ་རབ་རྒྱལ་ཁབ་ཁག་ལ་ཐད་ཀར་མ་རྩ་བཞག་པའི་འབོར་ཚད་ཨ་སྒོར་དུང་ཕྱུར་22ལ་སླེབས་པ་དེ་ཕྱིན་ཆད་ལོ་རེར་ཕྱི་ཕྱོགས་ལ་ཐད་ཀར་གཞག་རྒྱུའི་མ་རྩ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1000གི་2.2%མ་གཏོགས་ཟིན་མེད། ཧེ་བག་ནི་བག་ཉལ་སྟོབས་ཤུགས་ཀྱང་ཡིན་ལ་གོ་སྐབས་ནི་དེ་བས་ཀྱང་ཡིན། ཀྲུང་གོས་རང་ཉིད་ཀྱི་གོང་འཕེལ་དང་ཨ་རབ་རྒྱལ་ཁབ་ཁག་གི་གོང་འཕེལ་སྦྲེལ་མཐུད་བྱས་ཏེ། ཨ་རབ་རྒྱལ་ཁབ་ཁག་གིས་ལས་ཞུགས་རྒྱ་སྐྱེད་དང་། བཟོ་ལས་ཅན་སྐུལ་འདེད། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་བཅས་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད།

——དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་ནི་གླེང་མོལ་དང་ཞི་བདེ་དར་སྤེལ་གཏོང་དགོས་པ་དེ་ཡིན། ཀྲུང་གོས་བློ་རྩ་བརྟན་པོས་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་དང་། 1967ལོའི་མཐའ་མཚམས་ཀྱིས་རྨང་གཞི་བྱེད་པ་དང་། ཅེ་རུས་ས་ལེམ་ཤར་མ་རྒྱལ་ས་བྱེད་པ། བདག་དབང་ཆ་ཚང་ལོངས་སུ་སྤྱོད་པ་བཅས་ཀྱི་རང་བཙན་གྱི་པ་ལེ་སི་ཐན་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འབྲེལ་ཡོད་ཕྱོགས་ཚང་མས་བྱེད་ཐབས་གོ་ཆོད་སྤྱད་དེ་ཞི་བའི་གྲོས་མོལ་གྱི་འགོག་རྐྱེན་སེལ་བ་དང་། ཞི་བའི་གྲོས་མོལ་གྱི་འགལ་བ་མཁྲེགས་འཛིན་གྱི་རྣམ་པ་གང་མགྱོགས་གཏོར་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོས་སི་རི་ཡའི་མི་དམངས་ཀྱི་ལུགས་མཐུན་གྱི་འདོད་དོན་ལ་བརྩི་འཇོག་དང་། འཇུ་ནེ་ཝའི་སྤྱི་བསྒྲགས་གང་མགྱོགས་དོན་འཁྱོལ། ཁོང་ཡངས་རང་བཞིན་གྱི་ཆབ་སྲིད་ཀྱི་བར་བརྒལ་ཡོང་སྲོལ་འབྱེད་པ་བཅས་བྱས་ཏེ། སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ། མི་ཆོས་ཀྱི་བྱུར་ཉེས་ཆུང་དུ་གཏོང་ཕྱིར་འཇོར་ཏན་དང་ལེ་པ་ནོན་སོགས་རྒྱལ་ཁབ་ཀྱི་སི་རི་ཡའི་སྡུག་བྱོལ་མི་མང་ལ་མི་ཚོས་རིང་ལུགས་ཀྱི་རོགས་སྐྱོར་ཁག་གསར་པ་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་དབུས་ཤར་ས་ཁུལ་གྱི་རྡུལ་ཕྲན་མཚོན་ཆ་མེད་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། དབུས་ཤར་ས་ཁུལ་གྱི་ཆབ་སྲིད་ཀྱི་རྣམ་པ་འགྱུར་ལྡོག་གཏོང་བའི་རྣམ་པ་གང་རུང་གི་ངན་ཇུས་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོས་དགེ་མཚན་ལྡན་པའི་རྣམ་འགྱུར་བཟུང་ནས་ས་ཁུལ་གྱི་ལས་དོན་ལ་ཐེ་ཞུགས་དང་། དྲང་ལུགས་སྟངས་འཛིན་དང་བདེན་ལུགས་དར་སྤེལ་གཏོང་བའི་ཐོག་ནས་ཨ་རབ་རྒྱལ་ཁབ་དང་ལྷན་དུ་གླེང་མོལ་བྱས་པ་བརྒྱུད། འབྲེལ་ཡོད་ཕྱོགས་སོ་སོའི་དོ་ཁུར་བྱ་ཡུལ་གྱི་སྤྱིའི་བགོ་གྲངས་ཆེ་ཤོས་རྙེད་པར་བྱས་ཏེ། ས་ཁུལ་གྱི་གནད་དོན་ཐག་གཅོད་འོས་འཚམ་ཡོང་རྒྱུར་སྤྱི་པའི་ཐོན་རྫས་སྔར་བས་མང་བ་འདོན་སྤྲོད་བྱ་རྒྱུ་ཡིན།།

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

“རྒྱུད་གཅིག་ལམ་གཅིག” ནི་གཉིས་ཕན་མཉམ་ཁེ་ཡོང་བའི་ལམ་བུ་ཡིན་པས། རྒྱལ་ཁབ་ཁག་གི་དཔལ་འབྱོར་སྔར་བས་མཉམ་སྡེབ་ཟབ་མོ་ཡོང་བར་སྐུལ་ཁྲིད་བྱས་ཏེ། རྒྱལ་ཁབ་ཁག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་ལས་ཞུགས་ཀྱི་འཕར་གཞི་གསར་པ་སྐྲུན་པ། རྒྱལ་ཁབ་ཁག་གི་དཔལ་འབྱོར་གྱི་ནང་སྐྱེའི་སྒུལ་ཤུགས་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཁག་དར་གོས་ཚོང་ལམ་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་བྱུང་བ་ཡིན་སྟབས། ང་ཚོ་ནི་“རྒྱུད་གཅིག་ལམ་གཅིག” ཐུན་མོང་འཛུགས་སྐྲུན་བྱེད་པའི་ལྷན་སྐྱེས་ཀྱི་མཉམ་ལས་རོགས་ཟླ་ཡིན།

——ཀྲུང་གོ་དང་ཨ་རབ་ཀྱིས་“རྒྱུད་གཅིག་ལམ་གཅིག” མཉམ་དུ་འཛུགས་སྐྲུན་བྱེད་པར། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། མཉམ་གྲོས་ནི་མང་གྲོས་བློ་བསྡུ་བྱེད་དགོས་པ་སྟེ། དོན་དག་བཟང་པོ་ཡིན་ན་ཚང་མས་གྲོས་མོལ་བྱས་ནས་བསྒྲུབས་ཏེ། “རྒྱུད་གཅིག་ལམ་གཅིག” གི་འཛུགས་སྐྲུན་དེས་ཕྱོགས་གཉིས་ཀའི་ཁེ་ཕན་དང་དོ་ཁུར་ལ་ལྟ་རྟོག་བྱེད་པ་དང་། ཕྱོགས་གཉིས་ཀའི་བློ་གྲོས་དང་བློ་བཀོད་མཚོན་དགོས་པ་དེ་རེད། མཉམ་སྐྲུན་ནི་གང་འཇོན་དེ་འདོན་དང་གང་ནུས་དེ་སྒྲུབ་བྱས་ཏེ། ཕྱོགས་གཉིས་ཀའི་བཟང་ཆ་དང་བག་ཉལ་སྟོབས་ཤུགས་སྒོ་ཀུན་ནས་འདོན་སྤེལ་དང་། ས་རྡུལ་སྤུངས་པས་མཆོད་རྟེན་དང་ཆུ་ཐིགས་བསགས་པས་རྒྱ་མཚོ་ལྟར་བརྩོན་པ་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་པ་དེ་རེད། མཉམ་སྤྱོད་ནི་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམ་གྱི་སྒོ་ནས་ཀྲུང་གོ་དང་ཨ་རབ་མི་དམངས་ལ་ཕན་པའི་གསོས་སུ་སྒྲུབ་དགོས་པ་དང་། ཀྲུང་གོ་དང་ཨ་རབ་ཁེ་ཕན་གཅིག་པའི་ཚོགས་སྡེ་དང་ལས་དབང་གཅིག་པའི་ཚོགས་སྡེ་སྒྲིག་དགོས་པ་དེ་རེད།།

——ཀྲུང་གོ་དང་ཨ་རབ་གཉིས་ཀྱིས་“རྒྱུད་གཅིག་ལམ་གཅིག” མཉམ་དུ་འཛུགས་སྐྲུན་བྱེད་པར། མཐོ་སར་འཛེགས་ནས་རྒྱང་ལ་ལྟ་དགོས་པས་མི་ཚད་ཏན་ཏན་ཏིག་ཏིག་ཀྱང་བྱེད་དགོས། མཐོ་སར་འཛེགས་ནས་རྒྱང་ལ་ལྟ་དགོས་པ་ནི་རྩེ་རིམ་གྱི་ཇུས་འགོད་ཡག་པོ་དང་། ཁ་ཕྱོགས་དང་དམིགས་འབེན་འཆར་འགོད་ཡག་པོ། “1+2+3” གྱི་མཉམ་ལས་རྣམ་པ་འཛུགས་པ་བཅས་བྱེད་དགོས། “1” ནི་ནུས་ཁུངས་མཉམ་ལས་ལྟེ་གནད་དུ་བཟུང་ནས་སྣུམ་རླངས་ཁྱབ་ཁོངས་ཀྱི་ཐོན་ལས་མུ་འབྲེལ་ཡོངས་ཀྱི་མཉམ་ལས་དང་། ནུས་ཁུངས་སྐྱེལ་འདྲེན་རྒྱུག་ལམ་གྱི་བདེ་འཇགས་སྲུང་སྐྱོང་བྱས་ནས། གཉིས་ཕན་གཉིས་ཁེ་དང་། བདེ་འཇགས་བློས་འཁེལ། ཡུན་རིང་མཛའ་མཐུན་བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་ནུས་ཁུངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་པ་ལ་ཟེར།“2” ནི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་། ཉོ་ཚོང་དང་མ་རྩ་འཇོག་སྒོ་སྟབས་བདེ་ཅན་དུ་སྒྱུར་བ་གཉིས་ཀྱིས་གཤོག་ཟུང་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་གནད་ཆེའི་གོང་སྤེལ་ལས་གཞི་དང་མཚོན་རྟགས་རང་བཞིན་གྱི་དམངས་འཚོའི་ལས་གཞིའི་ཐོག་གི་མཉམ་ལས་ལ་ཤུགས་བརྒྱབ་སྟེ། ཕྱོགས་གཉིས་ཉོ་ཚོང་དང་མ་རྩ་འཇོག་རྒྱུར་སྐུལ་སྤེལ་གཏོང་ཕྱིར་དེར་འབྲེལ་གྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་བྱེད་པར་ཟེར། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རབ་ཕྱོགས་ནས་རྡོ་སྣུམ་མ་ཡིན་པའི་ཐོན་རྫས་སྔར་ལས་མང་བ་ནང་འདྲེན་བྱེད་པར་སྐུལ་མ་གཏོང་བ་དང་། ཉོ་ཚོང་གི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཀྲུང་གོ་དང་ཨ་རབ་གཉིས་ཀྱི་ཉོ་ཚོང་གི་འབོར་ཚད་དེ་ན་ནིང་གི་ཨ་སྒོར་དུང་ཕྱུར་2400ནས་མ་འོངས་ལོ་10ཡི་ནང་ཨ་སྒོར་དུང་ཕྱུར་6000ལ་འཕར་སྣོན་ཡོང་གང་ཐུབ་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་ནུས་ཁུངས་དང་། རྡོ་སྣུམ་རྫས་འགྱུར། ཞིང་ལས། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་མ་རྩ་འཇོག་པར་སྐུལ་མ་བཏང་ནས། ཀྲུང་གོས་ཨ་རབ་ལ་དངུལ་རྩའི་རིགས་མ་ཡིན་པའི་མ་རྩ་འཇོག་པའི་བསགས་འབོར་དེ་ན་ནིང་གི་ཨ་སྒོར་དུང་ཕྱུར་100ནས་མ་འོངས་ལོ་10ཡི་ནང་ཨ་སྒོར་དུང་ཕྱུར་600ཡན་ཟིན་གང་ཐུབ་བྱ་རྒྱུ་ཡིན། “3” ནི་རྡུལ་ཕྲན་ནུས་པ་དང་། མཁའ་སྐྱོད་སྲུང་སྐར། ནུས་ཁུངས་གསར་པ་བཅས་ཀྱི་ཁྱབ་ཁོངས་མཐོ་གསར་ཆེན་པོ་གསུམ་ཐོད་བརྒལ་བྱེད་ས་བྱས་ཏེ། ཀྲུང་གོ་དང་ཨ་རབ་བར་གྱི་དོན་འབྲས་ལྡན་པའི་མཉམ་ལས་ཀྱི་ཚད་རིམ་མཐོ་རུ་ཧུར་ཐག་གཏོང་དགོས་པར་ཟེར། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་རབ་ཀྱི་ལག་རྩལ་སྤོ་སྒྱུར་ལྟེ་གནས་འཛུགས་རྒྱུའི་སྐོར་འཚོལ་ཞིབ་དང་། ཐུན་མོང་ཐོག་ཨ་རབ་ཀྱི་ཞི་བའི་ཉིང་རྡུལ་ནུས་པ་བེད་སྤྱོད་གཏོང་བའི་གསོ་སྐྱོང་ལྟེ་གནས་འཛུགས་སྐྲུན། ཀྲུང་གོའི་སྐར་མ་སྨིན་དྲུག་སྲུང་སྐར་གྱི་ལམ་ཁྲིད་མ་ལག་ཨ་རབ་ས་ཁུལ་དུ་སར་འབབ་པའི་ལས་གཞི་ཞིབ་འཇུག་བཅས་བྱས་ཆོག

ཏན་ཏན་ཏིག་ཏིག་བྱེད་པ་ནི་སྔོན་ཚུད་འབྲས་བུ་ལེན་གང་ཐུབ་བྱེད་དགོས་པ་དེ་ཡིན། ཨ་རབ་ཀྱི་གཏམ་དཔེར། “བྱ་སྤྱོད་ཀྱི་ཐོག་ནས་བདེན་ངོ་འཕྲོད་པའི་སྐད་ཆ་ནི་སྟོབས་ཆེ་ཤོས་ཀྱི་སྐད་ཆ་ཡིན།” ཟེར་བ་ལྟར། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ལ་གཅིག་གྱུར་གྱི་མོས་འདུན་ཡོད་པ་དང་། རྨང་གཞིའི་ལས་གཞི་སྟེ། དཔེར་ན་ཀྲུང་གོ་—མཚོ་དབུས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རང་མོས་ཉོ་ཚོང་ཁུལ་དང་། ཀྲུང་གོ་—ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཐུན་མོང་མ་རྩ་འཇོག་པའི་ཐེབས་རྩ། ཨ་རབ་རྒྱལ་ཁབ་ཁག་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་རྩ་འཇོག་པའི་དངུལ་ཁང་གྲབས་འཛུགས་ལ་ཐེ་ཞུགས་བྱེད་པ་སོགས་ལྟ་བུ་ཡིན། དེ་ཚོ་ཚང་མ་གྲོས་མོལ་དང་སྐུལ་འདེད་བྱ་རྒྱུ་མགྱོགས་སུ་བཏང་ནས། ཆ་རྐྱེན་འཛོམས་པ་གཅིག་བྱུང་ན་དེ་སྒྲུབ་གང་ཐུབ་བྱེད་འོས་པ་རེད། “རྒྱུད་གཅིག་ལམ་གཅིག” འཛུགས་སྐྲུན་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཇི་ཙམ་གྱིས་སྔ་བ་ཐོབ་ན་ཕྱོགས་ཚང་མའི་བརྩོན་སེམས་དེ་ཙམ་གྱིས་སྐུལ་མ་ཐེབས་ནས། སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ།

——ཀྲུང་གོ་དང་ཨ་རབ་ཀྱིས་“རྒྱུད་གཅིག་ལམ་གཅིག” མཉམ་དུ་འཛུགས་སྐྲུན་བྱེད་པར། ཀྲུང་ཨར་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་བརྟེན་པ་དང་དེ་གོང་སྤེལ་གཏོང་འོས། དམངས་སེམས་གཅིག་གཏད་ཡོང་རྒྱུ་ནི་“རྒྱུད་གཅིག་ལམ་གཅིག” འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། གནད་འགག་གི་རྨང་གཞི་ཡང་ཡིན། ངས་འདིར་ཁྱབ་བསྒྲགས་བྱ་རྒྱུར། ཀྲུང་ཨར་ཕྱོགས་གཉིས་ཀྱིས་2014ལོ་དང་2015ལོ་ནི་ཀྲུང་གོ་དང་ཨ་རབ་མཛའ་མཐུན་ལོར་གཏན་འཁེལ་བྱས་པ་དང་། དེར་མ་ཟད་སྒྲོམ་གཞི་འདིའི་ནང་མཛའ་མཐུན་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཞིག་སྤེལ་རྒྱུ་ཡིན། ང་ཚོར་ད་དུང་ཨ་རབ་ཕྱོགས་དང་མཉམ་དུ་སྒྱུ་རྩལ་དུས་ཆེན་སོགས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གཞོན་ནུ་སློབ་མ་སྔར་ལས་མང་བ་ཕ་རོལ་པོའི་རྒྱལ་ཁབ་ཏུ་སློབ་གཉེར་རམ་སྤེལ་རེས་ལ་བསྐྱོད་རྒྱུར་སྐུལ་མ་གཏོང་བ། ཡུལ་སྐོར་དང་། མཁའ་འགྲུལ། གསར་འགྱུར་དཔེ་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་སྤེལ་རྒྱུར་ཤུགས་རྒྱག་འདོད་ཡོད། ཕྱིན་ཆད་ལོ་3གྱི་ནང་དུ། ང་ཚོས་ཨ་རབ་རྒྱལ་ཁབ་ཁག་ལ་སླར་ཡང་རིགས་ཁག་གི་ཤེས་ལྡན་པ་6000གསོ་སྦྱོང་དང་། ཨ་རབ་ཕྱོགས་དང་གོང་འཕེལ་དང་དབུལ་འཕྲི་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་དང་། ཀྲུང་གོའི་ཕྱོགས་ཀྱི་སྔོན་ཐོན་གྱི་སྤྱད་འཐུས་ལག་རྩལ་སྤེལ་རེས་བཅས་བྱ་རྒྱུ་ཡིན། མ་འོངས་ལོ་10ཡི་ནང་དུ། ང་ཚོས་ཀྲུང་གོ་དང་ཨ་རབ་ཀྱི་སྒྱུ་རྩལ་པ་10000ཕན་ཚུན་འཚམས་འདྲི་དང་སྤེལ་རེས་ལ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས། ཀྲུང་གོ་དང་ཨ་རབ་ཀྱི་རིག་གནས་སྡེ་ཚན་200ཡིས་རིགས་མཐུན་མཉམ་ལས་ལ་སྐུལ་འདེད་དང་རྒྱབ་སྐྱོར་དང་། ཨ་རབ་ཀྱི་རིག་གནས་སྒྱུ་རྩལ་མཁས་པ་500ཀྲུང་གོར་ཡོང་ནས་ཞིབ་འཇུག་ཟབ་སྦྱོང་བྱེད་པར་གདན་འདྲེན་ཞུ་རྒྱུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།།

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱི་གླེང་སྟེགས་འཛུགས་པ་ནི་ང་ཚོས་ཀྲུང་གོ་དང་ཨ་རབ་འབྲེལ་བའི་རྒྱུན་རིང་གོང་འཕེལ་ལ་དམིགས་ནས་འཐབ་ཇུས་ཀྱི་གདམ་ག་བྱས་པ་ཞིག་ཡིན། ལོ་10ཡི་གོང་འཕེལ་བྱུང་བ་བརྒྱུད་གླེང་སྟེགས་འདི་ཉིད་ཀྲུང་གོ་དང་ཨ་རབ་འབྲེལ་བའི་འཐབ་ཇུས་ཀྱི་ནང་དོན་ཕུན་ཚོགས་ཡོང་བ་དང་། ཀྲུང་གོ་དང་ཨ་རབ་བར་གྱི་དོན་འབྲས་ལྡན་པའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འཛིན་བྱེད་ནུས་ལྡན་ཞིག་ཏུ་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་བྱ་རྒྱུ་ནི་གླེང་སྟེགས་གོང་འཕེལ་ཡོང་བའི་གོ་སྐབས་གསར་པ་དང་འགོ་རྩོམ་ས་གསར་པ་ཡིན། གོ་སྐབས་འདི་ཟིན་ན་གཞི་ནས་ད་ལྟའི་གོང་འཕེལ་གྱི་གོམ་མཚམས་མི་འཇོག་པ་དང་། མ་འོངས་པའི་གོང་འཕེལ་རྒྱུན་མཐུད་ཡོང་རྒྱུར་ཁག་ཐེག་བྱེད་ཐུབ། འགོ་རྩོམ་ས་གསར་པ་དེའི་སྟེང་དུ་ལངས་ན་གཞི་ནས་སྔར་ལས་ཆེ་བའི་གོང་འཕེལ་གྱི་བར་སྟོང་ཐོབ་ཐུབ་པ་དང་། གཞི་ནས་སྔར་ལས་རྒྱུན་རིང་གི་གོང་འཕེལ་སྒུལ་ཤུགས་རྒྱས་ཐུབ། ཚིག་གཅིག་ལ་བསྡུས་ནས་བཤད་ན། གླེང་སྟེགས་འཛུགས་སྐྲུན་བྱ་རྒྱུ་འདི་དོན་འབྲས་ཡོད་སར་འཇུག་དགོས་པ་དང་འདེགས་སྐྱོར་ཡག་པོ་བྱེད་དགོས།

——ང་ཚོས་གླེང་སྟེགས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་སྲིད་ཇུས་ཀྱི་འབྲེལ་གཏུགས་ལ་ཤུགས་རྒྱག་དགོས། ང་ཚོས་ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱིས་ལྟ་བ་མི་མཐུན་པར་མི་སྐྲག་པ་དང་། གནད་དོན་གཟུར་ཡོལ་མི་བྱེད་པར་རང་རང་སོ་སོའི་ཕྱི་འབྲེལ་སྲིད་ཇུས་དང་གོང་སྤེལ་འཐབ་ཇུས་སྐོར་སྒོ་ཀུན་ནས་སྤེལ་རེས་བྱེད་འོས་པ་དང་། ཆབ་སྲིད་ཐད་ཡིད་ཆེས་ཆེར་སྐྱེད་དང་། འཐབ་ཇུས་ཐད་སྦྲེལ་མཐུད་ལ་སྐུལ་སྤེལ་བཏང་ནས། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་ལ་སྲིད་ཇུས་ཀྱི་འདེད་ཤུགས་འདོན་སྤྱོད་བྱེད་དགོས་འོས།

——ང་ཚོས་གླེང་སྟེགས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་དོན་འབྲས་ལྡན་པའི་མཉམ་ལས་ཟབ་སྤེལ་བྱེད་དགོས། ཀྲུང་ཨར་གཉིས་ཀྱི་གོང་འཕེལ་བསྐོས་ཐང་ལ་ཕན་ཚུན་གསབ་རེས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད་པས། ང་ཚོས་ཐོན་ཁུངས་མཉམ་སྤྱོད་ཀྱི་བག་ཉལ་སྟོབས་ཤུགས་དང་བཟང་ལེན་ངན་སྤང་བྱེད་པའི་བར་སྟོང་བེད་སྤྱོད་གང་ཡག་དང་། ཁ་གསལ་ཤོས་ཀྱི་སྐད་ཆས་གྲོས་མོལ། སྙིང་ཉེ་ཤོས་ཀྱི་བྱེད་སྟངས་ཀྱིས་མཉམ་ལས་བཅས་བྱེད་དགོས། ཐུན་མོང་གི་མཉམ་ལས་ལ་འཕྲལ་གྱི་མིང་གྲགས་མི་བསམ་པར་རྨང་གཞི་འདིང་བ་དང་ཕུགས་ཀྱི་བྱེད་ཐབས་སྤྱོད་རྒྱུར་དེ་བས་སྣང་ཆེན་བྱེད་དགོས།

——ང་ཚོས་གླེང་སྟེགས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་རྒྱུན་ཆད་མེད་པར་སྲོལ་འབྱེད་གསར་གཏོད་བྱེད་དགོས། གླེང་སྟེགས་ཀྱི་སྐྱེ་སྟོབས་ནི་གསར་གཏོད་ལ་གནས་ཡོད། ང་ཚོ་ཕྱོགས་གཉིས་ཀས་བསམ་ཕྱོགས་གསར་པ་སྤྱོད་པ་དང་། བྱེད་ཐབས་གསར་པ་འདོན་པ། ལམ་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ། དོན་འབྲས་ལྡན་པའི་མཉམ་ལས་ལ་ཐུག་པའི་དཀའ་གནད་སྣ་ཚོགས་ཧུར་ཐག་སེལ་དགོས་པ་དང་། བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་དེ་དངོས་ཡོད་ཀྱི་ལམ་འགག་གཤོང་བ་དང་མཉམ་ལས་ཀྱི་བག་ཉལ་སྟོབས་ཤུགས་འདོན་དགོས།

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

ཀྲུང་ཨར་འབྲེལ་བ་མགྱོགས་མྱུར་གོང་འཕེལ་བྱུང་བས། ཕྱོགས་གཉིས་ཀའི་སྐྱེ་བོ་ཕལ་པ་རྣམས་ཀྱི་ལས་དབང་སྔར་ལས་དམ་པོར་སྦྲེལ་ཡོད། ངས་སྔོན་ཆད་ལས་ཀ་བྱས་མྱོང་བའི་ཀྲེ་ཅང་དུ་གཏམ་རྒྱུད་འདི་འདྲ་ཞིག་ཡོད། ཨ་རབ་ཀྱི་ཚོང་པ་སྤྲིན་ལྟར་འདུ་བའི་དབྱི་ཝུའུ་གྲོང་ཁྱེར་དུ། མིང་ལ་མུ་ཧན་ནའེ་ཏེ་ཟེར་བའི་འཇོར་ཏན་ཚོང་པ་ཞིག་གིས་ཨ་རབ་ཟ་ཁང་ཁུངས་མ་ཞིག་བཙུགས་ཡོད། ཁོང་གིས་ཨ་རབ་བཟའ་བཏུང་རིག་གནས་ཁུངས་མ་དབྱི་ཝུའུ་རུ་དྲངས་ལ། དབྱི་ཝུའུ་ཡི་དར་རྒྱས་ཕུན་ཚོགས་ཀྱི་ནང་ནས་བྱ་གཞག་ལ་གྲུབ་འབྲས་བཟང་པོ་བླངས་ཡོད། རྗེས་སུ་ཁོང་ཀྲུང་གོའི་བུ་མོ་ཞིག་དང་གཉེན་སྒྲིག་བྱས་ཏེ་ཀྲུང་གོར་ཁྱིམ་གཞི་ཆགས་པ་རེད། ཨ་རབ་ཀྱི་གཞོན་ནུ་དཀྱུས་མ་ཞིག་གིས་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་དེ་ཀྲུང་གོའི་མི་སེར་ཚོས་བདེ་སྐྱིད་དོན་གཉེར་བྱེད་པའི་ཀྲུང་གོའི་ཕུགས་འདུན་དང་མཉམ་སྡེབ་བྱས་ཏེ། འབད་བརྩོན་ཆེན་པོས་མི་ཚེའི་གཟི་དཔལ་བསྐྲུན་ཡོད། དེས་ཀྲུང་གོའི་ཕུགས་འདུན་དང་ཨ་རབ་ཀྱི་ཕུགས་འདུན་ཟུང་འབྲེལ་བཟང་པོ་བྱས་པ་ཡང་མཚོན་གྱི་ཡོད།

ཀྲུང་ཧྭ་མི་རིགས་དང་ཨ་རབ་མི་རིགས་ཀྱིས་འོད་སྟོང་འབར་བའི་ཤེས་དཔལ་གསར་སྐྲུན་བྱས་ཡོད་པ་དང་། ཉེ་རབས་ནས་བཟུང་སྟེ་གཉིས་ཀར་དུས་རབས་ཀྱི་འཕོ་འགྱུར་ནང་དུ་བར་ཆད་བྱུང་མྱོང་ཡོད། མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོ་ཕྱོགས་གཉིས་ཀའི་དོན་གཉེར་ཡིན། ང་ཚོས་ལག་གདང་སྦྲེལ་ནས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་དང་། ཀྲུང་གོ་དང་ཨ་རབ་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་དང་ཨ་རབ་དར་རྒྱས་ཡོང་བའི་དོན་དུ་འབད་བརྩོན་བྱེད་དགོས་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་དར་རྒྱས་ཡོང་བའི་བླ་མེད་བྱ་བཞག་གི་དོན་དུ་འབད་བརྩོན་བྱེད་དགོས།

ཧྲུའུ་ཁེ་ལ། ཐུགས་རྗེ་ཆེ།།