
༄༅། །ལག་སྦྲེལ་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་གོང་འཕེལ་ཡོང་བར་བྱེད་དགོས།
(2013ལོའི་ཟླ་3ཚེས་27ཉིན།)
གུས་པར་འོས་པའི་ཙུང་ཐུང་ཙུའུ་མ་དང་། ཙུང་ཐུང་ལུའོ་སའེ་ཧྥུ།
ཙུང་ཐུང་ཕུའུ་ཅིན། ཙུང་ལི་སིན་ཀེ།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ་ཚོ།
ལོ་གཉིས་ཀྱི་རྗེས་སུ་སྔར་ཡང་འཇའ་ཚོན་རྒྱལ་ཁབ་ཏུ་ལྷན་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཨ་ཧྥེ་རི་ཁ་ལྷོ་མའི་མི་དམངས་ཀྱི་སེམས་རྩ་འཁོལ་པོ་དང་ཁོང་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དེས་ང་ལ་ཚོར་སྣང་ཟབ་མོ་བཞག་བྱུང་། འདིར་ངས་ཙུང་ཐུང་ཙུའུ་མ་དང་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ཐེངས་འདིའི་ཐུག་འཕྲད་ལ་བཀོད་སྒྲིག་ཞིབ་ཚགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
ཀྲུང་གོའི་གནའ་བོའི་གཏམ་དཔེར། བློ་ཁ་མཐུན་ན་རི་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང་ཞེས་ཟེར་བ་ལྟར། ང་ཚོ་གླིང་ཆེན་བཞི་ཡི་རྒྱལ་ཁབ་5ནས་ཡིན་ན་ཡང་། རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བའི་རླབས་ཆེན་གྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཉམ་དུ་འཛོམས་པ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བྱ་གཞག་བླ་ན་མེད་པར་སྐུལ་འདེད་གཏོང་ཆེད་མཉམ་དུ་འཛོམས་པ་རེད། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་ཁེ་བཅས་ཀྱི་ལས་ལ་གཞོལ་རྒྱུ་དེ་ནི་ང་ཚོ་ཐུན་མོང་གི་བསམ་འདུན་དང་འགན་འཁྲི་ཡིན།།
ང་ཚོས་བློ་རྩ་བརྟན་པོས་རྒྱལ་སྤྱིའི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། ད་ལྟའི་འཛམ་གླིང་དེ་ཙམ་བརྟན་ལྷིང་ཞིག་མ་རེད། གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་འཇིགས་སྐུལ་དང་འགྲན་སློང་འདྲ་མིན་མང་པོ་འབྱུང་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ཚང་མ་ཞི་བདེར་དགའ་ཞེན་ཆེ་བ་དང་། ཞི་བདེར་གཅེས་འཛིན་བྱེད་མཁན་ཡིན། འཛམ་གླིང་འདིར་ཞི་བདེ་ཡུན་བརྟན་ཡོང་བར་བྱས་ཏེ། འཛམ་གླིང་ཐོག་གི་རྒྱལ་ཁབ་ཚང་མར་ཞི་བདེ་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཡོང་བར་བྱ་རྒྱུ་དང་། རྒྱལ་ཁབ་ཚང་མའི་མི་དམངས་རྣམས་བདེ་སྡོད་ལས་བརྩོན་ཡོང་བར་བྱ་རྒྱུ་དེ་ནི་ང་རང་ཚོའི་ཐུན་མོང་གི་རེ་བ་ཡིན།
རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བའི་གོང་འཕེལ་དང་མཉམ་ལས་མཉམ་ཁེ་རྒྱུན་འཁྱོངས་བྱས་ཏེ། ཞི་བདེ་དགོས་པ་ལས་དམག་འཁྲུག་མི་དགོས་པ་དང་། མཉམ་ལས་བྱེད་པ་ལས་ཁ་གཏད་མི་ལངས་པར། རང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་གཉེར་བྱེད་པ་དང་ཕྱོགས་མཚུངས། རྒྱལ་ཁབ་གཞན་པའི་ལུགས་མཐུན་གྱི་དོ་ཁུར་ལ་ཡང་ལྟ་རྟོག་བྱེད་དགོས།
རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དམངས་གཙོ་དང་ཀུན་འདུ་མཉམ་རྒྱས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོས་སྤྱི་ཚོགས་ཀྱི་ལམ་ལུགས་དང་གོང་འཕེལ་གྱི་བགྲོད་ལམ་རང་བདག་ངང་འདེམས་པའི་དབང་ཆར་བརྩི་འཇོག་དང་། ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ཏེ། རྒྱལ་ཁབ་ཁག་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་ལ་མ་བལྟོས་པར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་གྲུབ་ཆ་ཡིན་པ་དང་། རྒྱལ་ཁབ་ཅིག་གི་བྱ་བ་ནི་རྒྱལ་ཁབ་དེ་གའི་མི་དམངས་ཀྱིས་བདག་པོ་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཐོག་གི་དོན་དག་ནི་རྒྱལ་ཁབ་ཁག་གིས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས།
གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ང་ཚོས་ཐེ་ཞུགས་ཧུར་ཐག་དང་། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་སྙོམ་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་གི་ཆེད་དུ་ལམ་ལུགས་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས།
ང་ཚོས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་ཤུགས་ཆེན་དང་། རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། ཤིང་སྡོང་རྐང་གཅིག་གིས་ནགས་ཚལ་མི་འགྲུབ་ཟེར་བ་ལྟར། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གོང་འཕེལ་གཏིང་ཟབ་ཏུ་འགྲོ་བའི་དུས་རབས་ཀྱི་ཆ་རྐྱེན་འོག འབོ་གསེར་རྒྱལ་ཁབ་ཚོའི་གོང་འཕེལ་དེ་རང་ཉིད་གཅིག་པུའི་དོན་མ་ཡིན་པར་ངེས་པར་དུ་རང་ཉིད་རྒྱལ་ཁབ་གོང་སྤེལ་གཏོང་བ་དང་དུས་མཚུངས། རྒྱལ་ཁབ་ཁག་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས།
ང་ཚོས་དཔལ་འབྱོར་གོང་སྤེལ་དང་དམངས་འཚོ་ལེགས་བཅོས་ཧུར་ཐག་བྱས་ཏེ། རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པའི་ཐོག་ནས་འཛམ་གླིང་གི་དཔལ་འབྱོར་ལ་འཕར་གཞི་མང་ཙམ་ཁ་སྣོན་བྱེད་དགོས། ང་ཚོས་རྒྱལ་ཁབ་ཁག་གིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་དང་། རྒྱལ་སྤྱིའི་དངུལ་ལོར་དངུལ་རྩའི་མ་ལག་བསྒྱུར་བཅོས། ཉོ་ཚོང་དང་མ་རྩ་འཇོག་པ་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔར་བས་ཤུགས་དྲག་པོས་གོང་འཕེལ་ཤུགས་ཆེན་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས།
ང་ཚོས་ཐུན་མོང་ཐོག་རྒྱལ་སྤྱིའི་གོང་འཕེལ་གྱི་གྲོས་རིམ་གཏན་འབེབས་བྱེད་པའི་ནང་ཐེ་ཞུགས་དང་། མིའི་རིགས་ཀྱིས་གསོག་འཇོག་བྱས་པའི་ཐོན་སྐྱེད་ནུས་ཤུགས་དང་དངོས་པོའི་ཐོན་ཁུངས་བེད་སྤྱོད་གང་ལེགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་གོང་འཕེལ་དམིགས་འབེན་ལེགས་འགྲུབ། ལྷོ་བྱང་བར་གྱི་གོང་འཕེལ་གྱི་ཧེ་བག་ཆུང་དུ་གཏོང་བ། གོ་ལ་ཧྲིལ་པོའི་གོང་འཕེལ་དེ་བས་དོ་མཉམ་ཡོང་བར་སྐུལ་འདེད་བཅས་བྱེད་དགོས། དེ་རིང་གི་ཐུག་འཕྲད་ཀྱི་རྗོད་གཞི་ལས་བཏོན་པའི་“གོང་འཕེལ་དང་། གཞི་གཅིག་ཅན། བཟོ་ལས་ཅན་བཅས་ཀྱི་རོགས་ཟླའི་འབྲེལ་བར་ཤུགས་འདོན་རྒྱུ་” ཞེས་པ་འདི་ནི་འབོ་གསེར་རྒྱལ་ཁབ་ཀྱི་གོང་འཕེལ་དམིགས་འབེན་ཡིན་པར་མ་ཟད། འབོ་གསེར་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་པའི་ཁ་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན།
ང་ཚོས་རོགས་ཟླའི་འབྲེལ་བར་བརྟེན་ནས་འབོ་གསེར་རྒྱལ་ཁབ་ཁག་མཉམ་འབྲེལ་དམ་ཟབ་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་སྣའི་འགྲོ་འོང་བཅས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག གཞི་གཅིག་ཅན་གྱི་ཚོང་ར་ཆེན་པོ་དང་། བང་རིམ་མང་བའི་འཁོར་རྒྱུག་ཆེན་པོ། སྐམ་མཚོ་མཁའ་གསུམ་གྱི་ཤར་བགྲོད་ཆེན་པོ། རིག་གནས་སྤེལ་རེས་ཆེན་པོ་བཅས་ཀྱི་དམིགས་ཡུལ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
ང་ཚོས་ཨ་ཧྥེ་རི་ཁས་འཕར་སྣོན་ཆེན་པོར་བརྩོན་པ་དང་། གཞི་གཅིག་ཏུ་འགྱུར་ཚད་མགྱོགས་སུ་གཏོང་བ། བཟོ་ལས་ཅན་མངོན་འགྱུར་བཅས་ལ་བརྩོན་པའི་ཐད་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ། ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉིད་འཛམ་གླིང་དཔལ་འབྱོར་གྱི་བཀྲག་ཆེ་ས་གསར་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
ང་ཚོས་གཉིས་ཕན་མཉམ་ལས་ཟབ་སྤེལ་དང་། གཉིས་ཕན་མཉམ་ཁེ་ཡོང་བར་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱི་མི་གྲངས་དུང་ཕྱུར་30ཚང་མར་འཚོ་བ་ཡག་པོ་རོལ་རྒྱུ་ཡོད་པ་དང་། མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་འཆང་བའི་རེ་སྨོན་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་དགོས་ན་ད་དུང་ལམ་ཐག་རིང་པོ་ཞིག་སྐྱོད་དགོས། བགྲོད་ལམ་འདིར་སྐྱོད་པར་གཙོ་བོ་རྒྱལ་ཁབ་ཁག་གིས་རང་སྟོབས་རང་སྤེལ་ལ་རྟེན་དགོས་ལ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བར་ཡང་རྟེན་དགོས།
ང་ཚོས་མུ་མཐུད་རྒྱལ་ཁབ་5པོའི་ཆབ་སྲིད་ཐད་ཕན་ཚུན་རོགས་རེས་ཡིད་རྟོན་དང་མི་དམངས་བར་གྱི་མཛའ་མཐུན་ལ་ཤུགས་སྣོན་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་བརྒྱབ་སྟེ། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་དང་། གོང་འཕེལ་གྱི་ཚོས་ཉིད་ལ་གདེང་ཚོད་ལེན་པ། གོང་འཕེལ་གྱི་ལྟ་བ་གསར་པ་སྐྱེད་པ། གོང་འཕེལ་གྱི་དཀའ་གནད་སེལ་བ་བཅས་བྱེད་དགོས། མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་སྒྲིག་ཞི་སོགས་ཀྱི་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བརྒྱབ་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
ང་ཚོས་རྒྱལ་ཁབ་ཁག་གི་ཆབ་སྲིད་ཐད་ཀྱི་ངོས་འཛིན་གཅིག་མཐུན་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་དང་། ཕྱི་དངུལ་གསོག་འཇོག་བང་མཛོད་སོགས་ཀྱི་ལས་གཞི་སྐུལ་འདེད་ཧུར་ཐག་དང་། ཁྱབ་ཁོངས་ཁག་གི་དོན་འབྲས་ལྡན་པའི་མཉམ་ལས་མགྱོགས་སུ་གཏོང་བ། མཉམ་ལས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་བ་བཅས་བྱས་ཏེ། འབོ་གསེར་རྒྱལ་ཁབ་ཀྱིས་ནང་ཕྱོགས་སུ་གོང་འཕེལ་གཏོང་བ་དང་ཕྱི་ཕྱོགས་སུ་མཉམ་ལས་བྱེད་པའི་སྣང་བརྙན་བཟང་པོ་སྟོན་དགོས།
འབོ་གསེར་རྒྱལ་ཁབ་བཙུགས་ནས་ལོ་5ལས་སོང་མེད་པས། ད་དུང་གོང་འཕེལ་འགྲོ་འགོ་རྩོམ་པའི་དུས་ཡིན། ང་ཚོས་ཏན་ཏན་ཏིག་ཏིག་ངང་རང་ཉིད་ཀྱི་བྱ་ཡག་པོར་སྒྲུབ་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་གོང་སྤེལ་ཡག་པོ་གཏོང་བ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ལམ་སྲོལ་ཡག་པོ་འཛུགས་པ་བཅས་བྱེད་དགོས། ང་ཚོས་རང་ཉིད་ཀྱི་གོང་འཕེལ་བགྲོད་ལམ་ལ་གདེང་ཚོད་དང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་གདེང་ཚོད་བརྟན་པོ་བསྐྱེད་ནས། ཉེན་ཁ་གང་ཡང་རུང་བར་མི་སྐྲག་པ་དང་འགོག་རྐྱེན་གང་ཡང་རུང་བར་མགོ་མི་འཐོམ་པ་བྱས་ན། ང་ཚོའི་བྱ་གཞག་ཡར་རྒྱས་གོང་འཕེལ་ཡོང་ངེས་རེད།
ལས་གྲོགས་རྣམ་པ་ཚོ།
ལྷན་རྒྱས་ནས་ཀྲུང་གོའི་མ་འོངས་གོང་འཕེལ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། མ་འོངས་པར་ཁ་ཕྱོགས་ནས་ཀྲུང་གོ་བསྟུད་མར་རླབས་ཆེན་གྱི་དམིགས་འབེན་གཉིས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་སྟེ། གཅིག་ནི་2020ལོར་སླེབས་དུས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམ་ཡོང་འབབ་དེ་2010ལོ་ལས་ལྡབ་གཅིག་འཕར་སྣོན་ཡོང་བར་བྱས་ཏེ། མི་གྲངས་དུང་ཕྱུར་བཅུ་གྲངས་ལ་ཕན་པའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་། གཉིས་ནི་2049ལོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་100འཁོར་སྐབས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པར་བྱ་རྒྱུ་དེ་ཡིན།
དམིགས་འབེན་འདི་གཉིས་མངོན་འགྱུར་བྱེད་ཆེད་ང་ཚོས་མུ་མཐུད་གོང་འཕེལ་གཏང་རྒྱུ་དེ་ལས་འགན་ཨང་དང་པོ་དང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དེ་ལས་འགན་ལྟེ་བར་བཟུང་ནས། མུ་མཐུད་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏང་རྒྱུ་ཡིན། ང་ཚོས་མུ་མཐུད་ནས་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏང་རྒྱུ་ཡིན། ང་ཚོས་མུ་མཐུད་ནས་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཕྱོགས་གང་ཅི་དང་ལྷུ་ཚིགས་ཁག་ཕན་ཚུན་མཐུན་འབྱོར་ཡོང་བར་སྐུལ་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ཡིན།
གོང་འཕེལ་འདི་ནི་སྒོ་མོ་ཕྱེ་བའི་གོང་འཕེལ་ཡིན་པས། ང་ཚོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། གཉིས་ཕན་མཉམ་ཁེའི་སྒོ་འབྱེད་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་ཡིན།
གོང་འཕེལ་འདི་ནི་མཉམ་ལས་ཀྱི་གོང་འཕེལ་ཡིན་པས། ང་ཚོས་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་ལྟ་བ་མཐའ་འཁྱོངས་ནས། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་དཔལ་འབྱོར་ལག་རྩལ་ཐད་མཉམ་ལས་དང་། མཉམ་ལས་བྱེད་པའི་ཐོག་ནས་རང་ཉིད་གོང་འཕེལ་དང་རྒྱལ་ཁབ་ཁག་གི་ཐུན་མོང་གོང་འཕེལ་ལ་སྐུལ་སྤེལ་གཏང་རྒྱུ་ཡིན།
དམིགས་འབེན་ཆེན་པོ་འདི་གཉིས་མངོན་འགྱུར་བྱེད་དགོས་ན། ང་ཚོར་ཕྱི་རོལ་གྱི་ཁོར་ཡུག་ཡག་པོ་ཞིག་དགོས་ཀྱི་ཡོད། ཀྲུང་གོས་མུ་མཐུད་ནས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་ཟུང་འབྲེལ་བྱ་རྒྱུ་དང་། མུ་མཐུད་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་ཐབས་ལེགས་བཅོས་བཅས་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན།
ལས་གྲོགས་རྣམ་པ་ཚོ།
འབོ་གསེར་རྒྱལ་ཁབ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དེ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གཟིགས་སྐྱོང་ཁ་ཕྱོགས་གྲས་ཤིག་ཡིན། ཀྲུང་གོས་མུ་མཐུད་ནས་འབོ་གསེར་རྒྱལ་ཁབ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་ཤུགས་སྔར་བས་ཇེ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་སྒྲོམ་གཞི་སྔར་བས་འཐུས་ཚང་། མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཐོག རྒྱལ་ཁབ་ཁག་གི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་སྦྱིན་རྒྱུ་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་ལེགས་སྐྱེས་སྔར་བས་ཆེ་བ་དབུལ་རྒྱུ་ཡིན། །
ལྷན་རྒྱས་ཐུགས་རྗེ་ཆེ།