
༄༅། །ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོངས་མཉམ་དུ་གསར་སྐྲུན་བྱེད་དགོས།
(2013ལོའི་ཟླ་4ཚེས་7ཉིན།)
གུས་པར་འོས་པའི་རྒྱལ་ཁབ་ཀྱི་གཙོ་བདག་རྣམ་པ་དང་། སྲིད་གཞུང་གི་འགོ་གཙོ་རྣམ་པ། གྲོས་དཔོན་རྣམ་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ་རྣམ་པ། པུའུ་ཀྲང་རྣམ་པ་བཅས་དང་། པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ལྷན་རྒྱས།
སྐུ་མགྲོན་རྣམ་པ།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
བེ་ཏའི་རླུང་བུས་མི་སེམས་གསོ། མཚོ་མོ་ཟབ་ཅིང་རྣམ་མཁའ་ཡངས། དྲོ་སྐྱིད་ལྡན་པའི་དུས་ཚིགས་འདིར་ལྷན་རྒྱས་དང་མཉམ་དུ་ཡིད་དུ་འོངས་པའི་ཧའེ་ནན་གླིང་ཕྲན་དུ་འཛོམས་ནས། པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་2013ལོའི་ལོ་ཚོགས་ལ་ཞུགས་རྒྱུ་བྱུང་བས། ང་ཧ་ཅང་དགའ་པོ་བྱུང་།
སྔོན་ལ་ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་པ་དང་། དེ་བཞིན་ང་རང་མི་སྒེར་གྱི་མིང་ཐོག་ནས་གྲོགས་པོ་རྣམ་པ་ཚོ་འདིར་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་དང་། ལོ་ཚོགས་སྐོང་ཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། །
ལོ་12རིང་ལ་པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་འདི་ཉིན་རེ་བཞིན་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཡོད་པའི་གླེང་སྟེགས་གལ་ཆེན་པོ་ཞིག་ཆགས་བཞིན་ཡོད། ཀྲུང་གོའི་རིག་གནས་ལྟར་ན་ལོ་12རེ་ལོ་སྐོར་གཅིག་རེ་ཡིན་པ་དང་། དེ་ལྟར་བརྩིས་ན་པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་ནི་ལོ་འཁོར་གསར་པ་ཞིག་ལ་སླེབས་ཡོད་པས། སྐས་རིམ་གསར་པ་ཞིག་ལ་སྙེག་ཐུབ་པའི་རེ་བ་ཡོད། །
ཐེངས་འདིའི་ལོ་ཚོགས་ནས་“གསར་སྒྱུར་དང་། འགན་འཁྲི། མཉམ་ལས། ཨེ་ཤ་ཡས་ཐུན་མོང་གོང་འཕེལ་འཚོལ་སྙེག་”ཅེས་པ་བརྗོད་གཞིར་བྱས་ཡོད་པ་དེར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད། ཚང་མས་ཕུགས་རྒྱང་རིང་ལ་དོན་སྙིང་ཆེ་བའི་ལྟ་བ་མང་པོ་བཏོན་ནས་ཨེ་ཤ་ཡ་དང་འཛམ་གླིང་གི་གོང་འཕེལ་ཇུས་ཆེན་མཉམ་གྲོས་བྱས་ཏེ། ས་ཁུལ་འདི་ག་དང་ཐ་ན་གོ་ལ་ཧྲིལ་པོ་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ལ་སྐུལ་སྤེལ་གཏོང་ཕྱིར་བློ་གྲོས་དང་ནུས་ཤུགས་འདོན་ཐུབ་པར་ཡིད་ཆེས་ཡོད། །
མིག་སྔར་རྒྱལ་སྤྱིའི་གནས་བབ་མུ་མཐུད་ནས་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་བར་གྱི་འབྲེལ་འདྲིས་ཉིན་རེ་བཞིན་ཚགས་དམ་དུ་འགྲོ་་བཞིན་པ་དང་། ཕན་ཚུན་གཅིག་ལ་གཅིག་རྟེན་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ལ། གོ་ལ་ཧྲིལ་པོར་ཁྱབ་པའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་དང་། མི་འབོར་དུང་ཕྱུར་བཅུ་ཕྲག་དུ་མ་དེང་རབས་ཅན་གྱི་ཕྱོགས་སུ་ཧུར་ཐག་སྐྱོད་བཞིན་ཡོད་པས། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་ཁེ་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་དེ་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད། །
དུས་མཚུངས་གནའ་འོག་ད་དུང་ལྷིང་འཇགས་མ་ཡིན་པ་སྟེ། གོང་འཕེལ་གྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། འཛམ་གླིང་གི་དཔལ་འབྱོར་ལེགས་སྒྲིག་ཟབ་མོ་བྱེད་པའི་དུས་སུ་སླེབས་ཡོད་པས། སྤྱི་ཡོངས་ནས་སླར་གསོ་ཡོང་རྒྱུ་དེ་དཀའ་ཚེགས་ཆེ་ལ་བར་ཆད་མང་བ། རྒྱལ་སྤྱིའི་དངུལ་རྩའི་ཁྱབ་ཁོངས་སུ་དུང་ཉེན་ཁ་མང་པོ་གནས་ཡོད་པ། རྣམ་པ་འདྲ་མིན་གྱི་སྲུང་སྐྱོབ་རིང་ལུགས་ལང་བཞིན་ཡོད་པ། རྒྱལ་ཁབ་ཁག་གིས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུར་དཀའ་ངལ་མང་པོ་འཕྲད་ཡོད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་གཏང་རྒྱུར་ཐུག་ཡོད་པ་བཅས་ཡིན། རྒྱལ་ཁབ་ཁག་ཐུན་མོང་ཐོག་གོང་འཕེལ་ཡོང་དགོས་ན་ད་དུང་ལམ་ཐག་རིང་ཞིང་ལས་འགན་ལྗིད་པོ་ཡོད། །
ཨེ་ཤ་ཡ་ནི་དེང་དུས་འཛམ་གླིང་ཐོག་གི་གོང་འཕེལ་གྱི་སྐྱེ་སྟོབས་དང་བག་ཉལ་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་གྲས་ཤིག་ཡིན་ཞིང་། ཨེ་ཤ་ཡའི་གོང་འཕེལ་དེ་གླིང་ཆེན་གཞན་དག་གི་གོང་འཕེལ་དང་གཅིག་ལ་གཅིག་འབྲེལ་ཡིན། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་མཐུན་པའི་གོང་འཕེལ་གྱི་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རང་ཉིད་གོང་སྤེལ་གཏོང་བ་དང་ལྷན་དུ་འཛམ་གླིང་གི་གོང་འཕེལ་ལ་སྐུལ་སྤེལ་ཆེན་པོ་བྱས་ཡོད། ཨེ་ཤ་ཡས་་འཛམ་གླིང་གི་ས་ཁུལ་གཞན་དག་དང་ཐུན་མོང་ཐོག་དཀའ་ངལ་མཉམ་སེལ་བྱས་པ་དང་། མཉམ་ལས་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་བཅག་ནས། འཛམ་གླིང་དཔལ་འབྱོར་གྱི་སླར་གསོ་དང་འཕར་སྣོན་འདྲུད་འཐེན་བྱེད་པའི་སྒུལ་འཕྲུལ་གལ་ཆེན་པོ་ཆགས་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་50%ལས་བརྒལ་ཡོད་པས། འཛམ་གླིང་ལ་བློ་སྤོབས་ཆེན་པོ་སྤྲད་ཡོད། ཨེ་ཤ་ཡ་དང་འཛམ་གླིང་གི་ས་ཁུལ་གཞན་དག་གི་ས་ཁོངས་གཙོ་ཕལ་ཁག་བར་གྱི་མཉམ་ལས་ལ་སྐྱེ་སྟོབས་ཆེན་པོ་རྒྱས་པ་དང་མདུན་ལམ་བཟང་པོ་བཏོད་ཡོད། །
དེ་ལྟར་ཀྱང་ང་ཚོས་གསལ་པོར་མཐོང་ཐུབ་པ་ནི། ཨེ་ཤ་ཡས་སྔར་ལས་ཆེ་བའི་གོང་འཕེལ་བརྩོན་ལེན་དང་། ས་ཁུལ་འདི་ག་དང་འཛམ་གླིང་གི་ས་ཁུལ་གཞན་དག་གི་ཐུན་མོང་གོང་འཕེལ་སྔར་ལས་ལེགས་པར་སྐུལ་འདེད་གཏོང་བར་སྔར་བཞིན་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད་པས། ད་དུང་ལ་ལུང་མང་པོ་དང་ལམ་བུ་ཀྱག་ཀྱོག་མང་པོ་བགྲོད་དགོས། །
——ཨེ་ཤ་ཡའི་གོང་འཕེལ་ནི་བབ་དང་བསྟུན་ནས་སྤེལ་དགོས་པ་དང་རིགས་སྒྱུར་རིམ་སྤོར་བྱེད་དགོས། ཨེ་ཤ་ཡའི་ངོས་ནས་བཤད་ན་གོང་འཕེལ་ནི་དོན་ཆེན་ཨང་དང་པོ་ཡིན་པ་དང་། གོང་འཕེལ་ནི་མདུན་དུ་ལྷགས་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པ། དཔལ་འབྱོར་གོང་འཕེལ་གཏོང་སྟངས་སྤོ་སྒྱུར་དང་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཀ་དང་ཕན་འབྲས་མཐོ་རུ་གཏོང་བའི་དགོས་པ་ཆེ། རྨང་གཞི་དེའི་ཐོག་རྒྱུན་ཆད་མེད་པར་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། །
——ཨེ་ཤ་ཡའི་བརྟན་བརླིང་ལ་ཚང་མས་ཐུན་མོང་ཐོག་གཅེས་འཛིན་བྱེད་པ་དང་དཀའ་གནད་སེལ་དགོས། ཨེ་ཤ་ཡའི་བརྟན་བརླིང་ཐད་འགྲན་སློང་གསར་པ་འཕྲད་པ་དང་། ཚ་གནད་དུ་གྱུར་པའི་གནད་དོན་གཅིག་འཇགས་གཅིག་ལངས་ཡིན་པ། སྲོལ་རྒྱུན་གྱི་བདེ་འཇགས་ཀྱི་འཇིགས་སྐུལ་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ཚང་མ་ཐོན་གྱི་ཡོད་པ་བཅས་ལ་བརྟེན། ས་ཁུལ་འདི་ག་ཡུན་རིང་བདེ་འཁོད་ཡོང་དགོས་ན་ས་ཁུལ་འདི་གའི་རྒྱལ་ཁབ་ཁག་གིས་ཕན་ཚུན་རོགས་རེས་དང་ཡིད་རྟོན་ཆེ་རུ་སྐྱེད་དགོས་པ་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས། །
——ཨེ་ཤ་ཡའི་མཉམ་ལས་ནི་ཡག་ཐོག་ཡག་བརྩེགས་ཀྱིས་གོང་ནས་གོང་དུ་སྙེག་དགོས། ཨེ་ཤ་ཡའི་ས་ཁུལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ལམ་སྲོལ་དང་གྲོས་གཞི་མང་པོ་ཞིག་ཡོད་པ་དང་། ཕྱོགས་སོ་སོར་བསམ་ཚུལ་དང་འདོད་ཕྱོགས་རྣམ་པ་སྣ་ཚོགས་ཡོད་པས། ཕྱོགས་གང་ཅིའི་ཁེ་ཕན་གྱི་རེ་འདོད་མཐུན་སྦྱོར་བྱ་རྒྱུ་དང་། གཉིས་ཕན་མཉམ་ཁེ་ཡོང་རྒྱུ་འགན་སྲུང་བྱེད་པའི་ལམ་སྲོལ་ཆགས་དགོས་ན། སྔར་ལས་ལྷག་པའི་སྒོ་ནས་རྒྱུས་མངའ་ཆེར་ལེན་དང་། ངོས་འཛིན་གཅིག་སྒྲིལ། ནང་དོན་རྒྱ་སྐྱེད། མཉམ་ལས་ཟབ་སྤེལ་བཅས་བྱེད་དགོས། །
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
མིའི་རིགས་ལ་སའི་གོ་ལ་གཅིག་མ་གཏོགས་མེད་ཅིང་། རྒྱལ་ཁབ་ཁག་འཛམ་གླིང་གཅིག་པོ་འདིར་མཉམ་དུ་གནས་ཡོད། ཐུན་མོང་ཐོག་གོང་འཕེལ་ཡོང་རྒྱུ་ནི་རྒྱུན་མཐུད་དུ་གོང་འཕེལ་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་ཀྱི་ཁེ་ཕན་དང་གཞི་རྩའི་ཁེ་ཕན་དང་མཐུན་པ་རེད། ང་ཚོ་སའི་གོ་ལའི་གྲོང་ཚོ་གཅིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད་པས་ལས་དབང་གཅིག་པའི་ཚོགས་སྡེ་ཡིན་པའི་འདུ་ཤེས་བརྟན་པོ་སྐྱེད་དགོས་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ལ་བསྟུན་པ་དང་། ཡང་དག་པའི་ཁ་ཕྱོགས་གནད་དུ་ཟིན་པ། ཕྱར་བ་གྲུ་འདེགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཨེ་ཤ་ཡ་དང་འཛམ་གླིང་གི་གོང་འཕེལ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སྙེག་པར་སྐུལ་འདེད་གཏོང་དགོས།
དང་པོ། གསར་སྒྱུར་དང་གསར་གཏོད་ཕོད་པ་བྱས་ཏེ་ཐུན་མོང་ཐོག་གོང་འཕེལ་ལ་སྐུལ་སྤེལ་གཏོང་བར་རྫོགས་མཐའ་མེད་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས། དུས་ཡུན་རིང་པོའི་ནང་ལ་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གིས་བརྟན་བརླིང་མཐའ་འཁྱོངས་དང་། གོང་འཕེལ་སྐུལ་འདེད་གཏོང་བའི་ཐད་ཉམས་མྱོང་ཡག་པོ་དང་བྱེད་ཐབས་ཡག་པོ་མང་པོ་བསགས་ཡོད། ཉམས་མྱོང་དང་བྱེད་ཐབས་ཡག་པོ་དེའི་རིགས་མུ་མཐུད་ནས་དར་རྒྱས་གོང་སྤེལ་གཏོང་དགོས། དེ་དང་མཉམ་དུ་འཇིག་རྟེན་ཐོག་གི་བྱ་དངོས་ཐམས་ཅད་འགྱུར་མེད་རྟག་བརྟན་མིན། “དུས་ལ་བསྟུན་ཤེས་མཁས་པ་ཡིན། །ཆོས་ཉིད་སྤྱོད་ཤེས་བློ་ལྡན་ཡིན། ” [༢] ཞེས་ཟེར་བ་ལྟར། སྐབས་མིན་གྱི་ལྟ་བ་རྙིང་པ་སྤོང་བ་དང་། གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་རྙིང་པ་གཏོར་ནས་གོང་འཕེལ་གྱི་སྐྱེ་སྟོབས་སྒོ་ཀུན་ནས་རྒྱས་པར་བྱེད་དགོས། དཔལ་འབྱོར་གོང་འཕེལ་གཏོང་སྟངས་སྤོ་སྒྱུར་མགྱོས་སུ་གཏོང་བ་དང་། དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་སྙོམ་སྒྲིག གོང་འཕེལ་གྱི་སྤུས་ཚད་ལ་སྔར་བས་མཐོང་ཆེན། དམངས་འཚོ་ལེགས་བཅོས་ལ་སྔར་བས་མཐོང་ཆེན་བཅས་བྱེད་དགོས། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་མ་ལག་གི་བསྒྱུར་བཅོས་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་བཟོས་ཏེ་འཛམ་གླིང་གི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོའི་ངང་འཕར་སྣོན་ཡོང་བའི་འགན་ལེན་བྱེད་དགོས། ཨེ་ཤ་ཡར་ཐོག་མ་ཉིད་ནས་རང་གིས་རང་ཉིད་གསར་སྒྱུར་བྱེད་པའི་སྐྱེ་སྟོབས་ལྡན་ཡོད་པས། དུས་རབས་ཀྱི་རླབས་རྒོད་གཤགས་ཕོད་པའི་བརྟུལ་ཞུགས་བཟུང་ནས་ཨེ་ཤ་ཡའི་འཕོ་འགྱུར་དང་འཛམ་གླིང་གི་གོང་འཕེལ་གཉིས་ཕན་ཚུན་སྐུལ་རེས་དང་གཅིག་ངོ་གཅིག་རྒྱན་ཡོང་བར་བྱེད་དགོས། །
གཉིས་པ། རྡོག་རྩ་གཅིག་སྒྲིལ་གྱིས་ཞི་བདེ་སྲུང་སྐྱོང་བྱས་ཏེ་ཐུན་མོང་ཐོག་གོང་འཕེལ་ལ་སྐུལ་སྤེལ་གཏོང་བར་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཞི་བདེ་ནི་མི་དམངས་ཀྱི་ཡུན་གཏན་གྱི་རེ་འདུན་ཡིན། ཞི་བདེ་ནི་མཁའ་རླུང་དང་ཉི་འོད་ཇི་བཞིན་སྤྱོད་དུས་ཚོར་སྣང་མེད་ཀྱང་མེད་པར་གྱུར་ན་འཚོ་ཐབས་བྲལ། ཞི་བདེ་མེད་ན་གོང་འཕེལ་གླེང་ཐབས་བྲལ། རྒྱལ་ཁབ་ཁག་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་ལ་མ་བལྟོས་པར་ཚང་མ་ཞི་བདེ་སྲུང་སྐྱོབ་བྱེད་མཁན་དང་སྐུལ་སྤེལ་གཏོང་མཁན་བྱེད་དགོས་པ་ལས། གཅིག་གིས་ཡར་བརྩིགས་ན་ཅིག་ཤོས་ཀྱིས་མར་བཤིག་མི་འོས་པར། ཚང་མས་དཔུང་པ་མཉམ་གཤིབ་དང་ཆར་པ་ཆུ་གྲོགས་བྱེད་འོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་བསྡུས་ཀྱི་བདེ་འཇགས་དང་། ཐུན་མོང་གི་བདེ་འཇགས། མཉམ་ལས་ཀྱི་བདེ་འཇགས་བཅས་ཀྱི་འདུ་ཤེས་དར་སྤེལ་བཏང་ནས་ང་ཚོའི་སའི་གོ་ལའི་གྲོང་ཚོ་འདི་ཉིད་ཐུན་མོང་གོང་འཕེལ་བརྩོན་ལེན་བྱེད་སའི་གར་སྟེགས་ཆེན་པོ་ཞིག་ཆགས་པར་བྱེད་འོས་པ་ལས། ཕན་ཚུན་ཤེད་འགྲན་སའི་འཐབ་ར་ཞིག་ཆགས་པར་བྱེད་མི་འོས་ལ། རང་ཉིད་གཅིག་པུའི་ཁེ་ཕན་བསམས་ནས་ས་ཁུལ་དང་ཐ་ན་འཛམ་གླིང་ལ་ཟིང་ཆ་སློང་བ་ནི་དེ་བས་ཀྱང་ག་ལ་འོས། རྒྱལ་ཁབ་ཁག་བར་འགྲོ་འོང་མང་པོ་ཡོད་པས་ཕན་ཚུན་ཕོག་ཐུག་མེད་པ་མི་སྲིད་མོད་ཀྱང་། གནད་འགག་ནི་ཕན་ཚུན་གླེང་མོལ་དང་ཞི་བའི་གྲོས་མོལ་བྱེད་པའི་ཐོག་ནས་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་། ཕན་ཚུན་བར་གྱི་འབྲེལ་བ་གོང་འཕེལ་ཡོང་བའི་སྤྱི་ཁོག་གནས་བབ་སྲུང་སྐྱོང་བྱེད་དགོས། །
གསུམ་པ། མཉམ་ལས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས། ཐུན་མོང་ཐོག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བར་ཕན་ནུས་ལྡན་པའི་ཐབས་ལམ་འདོན་སྤྲོད་བྱེད་དགོས། “མེ་ཏོག་སྣ་གཅིག་བཞད་པས་དཔྱིད་མི་འཆར། །མེ་ཏོག་སྣ་བརྒྱ་བཞད་པས་དཔྱིད་དཔལ་འབར། །” ཞེས་ཟེར་བ་ལྟར། འཛམ་གླིང་རྒྱལ་ཁབ་ཁག་བར་འབྲེལ་བ་དམ་ཚགས་ཆེ་ཞིང་ཁེ་ཕན་གཅིག་ལ་གཅིག་འདྲེས་ཡིན་པས། ཟོང་ཟོག་བརྗེ་རེས་དང་དགེ་མཚན་གསབ་རེས་བྱས་ཏེ། རང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་གཉེར་བྱེད་པ་དང་ཕྱོགས་མཚུངས། རྒྱལ་ཁབ་གཞན་པའི་ལུགས་མཐུན་གྱི་དོ་ཁུར་ལ་ཡང་ལྟ་རྟོག་དང་། རང་ཉིད་གོང་སྤེལ་གཏོང་བ་དང་མཉམ་དུ་རྒྱལ་ཁབ་ཁག་ཐུན་མོང་ཐོག་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ། ཐུན་མོང་གི་ཁེ་ཕན་འདུ་གནས་བསྟུད་མར་ཆེར་སྐྱེད་གཏོང་དགོས། ལྷོ་ལྷོ་མཉམ་ལས་དང་ལྷོ་བྱང་བར་གྱི་གླེང་མོལ་ལ་ཤུགས་བརྒྱབ་སྟེ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གོང་འཕེལ་དོ་མཉམ་ཡོང་བར་སྐུལ་སྤེལ་གཏོང་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་ཡུན་རིང་བརྟན་བརླིང་ངང་གོང་འཕེལ་ཡོང་བའི་རྨང་གཞི་བརྟན་པོ་འདིང་དགོས། མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་བ་སྐྲུན་པ་དང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ་དང་། གོང་འཕེལ་གྱི་གྲུབ་འབྲས་དེ་སྔར་ལས་ལྷག་པར་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པའི་གསོས་སུ་འགྲུབ་པར་བྱེད་དགོས་ཤིང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་སྔར་ལས་མང་བ་འབུལ་དགོས། །
བཞི་པ། སྒོ་འབྱེད་དང་ཁོང་ཡངས་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་བར་སྟོང་རྒྱ་ཆེན་པོ་འདོན་སྤྲོད་བྱེད་དགོས། “ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ། །དེ་བས་ཆུ་ཡི་གཏེར་ཞེས་གྲགས། །” ཞེས་ཟེར་བ་ལྟར། ང་ཚོས་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ལམ་ལུགས་དང་གོང་འཕེལ་བགྲོད་ལམ་རང་བདག་ངང་གདམ་གསེས་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་། དོགས་གཞི་དང་བར་སེལ་གཙང་མར་བསལ་ནས། འཛམ་གླིང་གི་སྣ་མང་རང་བཞིན་དང་རྒྱལ་ཁབ་ཁག་གི་བར་ཁྱད་རང་བཞིན་དེ་གོང་འཕེལ་ཡོང་བའི་སྐྱེ་སྟོབས་དང་སྒུལ་ཤུགས་སུ་སྒྱུར་འོས། ང་ཚོས་སྒོ་འབྱེད་ཀྱི་སྙིང་སྟོབས་བཅངས་ནས་ས་ཁུལ་གཞན་དག་གི་གོང་སྤེལ་ཉམས་མྱོང་བསླབ་བྱར་ལེན་པ་དང་། གོང་སྤེལ་གྱི་ཐོན་ཁུངས་མཉམ་སྤྱོད་བྱས་ནས། ས་ཁོངས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པར་སླེབས་ནས་ལོ་ངོ་10ལྷག་འདས་རིང་ཨེ་ཤ་ཡའི་ས་ཁུལ་ནང་ཁུལ་གྱི་ཉོ་ཚོང་གི་འབོར་ཚད་དེ་ཨ་སྒོར་དུང་ཕྱུར་8000ནས་ཨ་སྒོར་དུང་ཕྱུར་ཁྲི་3ལ་འཕར་སྣོན་བྱུང་ཡོད་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་ས་ཁུལ་གཞན་དག་བར་གྱི་ཉོ་ཚོང་གི་འབོར་ཚད་དེ་ཨ་སྒོར་དུང་ཕྱུར་ཁྲི་1.5ནས་ཨ་སྒོར་དུང་ཕྱུར་ཁྲི་4.8ལ་འཕར་སྣོན་བྱུང་ཡོད། དེའི་ཐོག་ནས་ཨེ་ཤ་ཡའི་མཉམ་ལས་ནི་སྒོ་འབྱེད་ཅན་ཡིན་པ་དང་། ས་ཁོངས་ནང་ཁུལ་གྱི་མཉམ་ལས་དང་ས་ཁུལ་གཞན་དག་བར་གྱི་མཉམ་ལས་ནི་འགལ་མེད་གཞི་མཐུན་ཡིན་ལ། ཚང་མར་མཉམ་ལས་ཀྱི་ནང་ནས་ཁེ་བཟང་ཐོབ་པ་མཚོན་ཡོད། ཨེ་ཤ་ཡས་ཁོངས་ཕྱིའི་རྒྱལ་ཁབ་དག་གིས་ས་ཁུལ་འདི་གའི་བརྟན་བརླིང་དང་གོང་འཕེལ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུ་འོས་པ་དང་ཕྱོགས་མཚུངས། ཁོངས་ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་ཨེ་ཤ་ཡའི་སྣ་མང་ཅན་གྱི་ཁྱད་ཆོས་དང་ཆགས་ཟིན་པའི་མཉམ་ལས་ཀྱི་སྲོལ་རྒྱུན་ལ་བརྩི་འཇོག་བྱས་ཏེ། ཨེ་ཤ་ཡའི་གོང་འཕེལ་དང་ས་ཁུལ་གཞན་དག་གི་གོང་འཕེལ་གཉིས་མཉམ་འགུལ་བཟང་པོ་དང་དཔུང་གཤིབ་མཉམ་སྐྱོད་བྱེད་པའི་འཕེལ་ཕྱོགས་ཡག་པོ་ཞིག་ཆགས་པར་བྱེད་འོས། །
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
ཀྲུང་གོ་ནི་ཨེ་ཤ་ཡ་དང་འཛམ་གླིང་ཁྱིམ་ཚང་ཆེན་པོའི་ནང་གི་གྲུབ་ཆ་གལ་ཆེན་པོ་ཞིག་ཡིན། ཀྲུང་གོའི་གོང་འཕེལ་ནི་ཨེ་ཤ་ཡ་དང་འཛམ་གླིང་ལ་ཁ་འབྲལ་ཐབས་མེད་ལ། ཨེ་ཤ་ཡ་དང་འཛམ་གླིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་ཡང་ཀྲུང་གོ་དགོས་ཀྱི་ཡོད། །
ན་ནིང་ཟླ་11པར། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་སྐོང་འཚོགས་བྱས་ནས་ཀྲུང་གོའི་སླད་ཕྱིན་དུས་སྐབས་ཤིག་ནང་གི་གོང་སྤེལ་འཆར་འགོད་གཏན་ལ་ཕབ་ཡོད། ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ནི། 2020ལོར་སླེབས་དུས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམ་ཡོང་འབབ་དེ་2010ལོའི་རྨང་གཞིའི་ཐོག་ལྡབ་གཅིག་འཕར་སྣོན་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དུས་རབས་འདིའི་དུས་དཀྱིལ་ལ་སླེབས་དུས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན། མ་འོངས་པར་ཁ་ཕྱོགས་ཚེ་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད། །
ང་ཚོར་ངོས་ཟིན་འདི་འདྲ་ཡང་བྱུང་ཡོད་དེ། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཐོག་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། ཀྲུང་གོའི་གོང་འཕེལ་ལ་ད་དུང་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། ཀྲུང་གོའི་མི་དམངས་ཡོངས་རྫོགས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ན་ད་དུང་དུས་ཡུན་རིང་པོར་འབད་བརྩོན་ལྷོད་མེད་བྱེད་དགོས་ཀྱི་ཡོད། དེ་ལ་ང་ཚོས་བསྒྱུར་བཅོས་སྒོ་འབྱེད་འགྱུར་མེད་རྒྱུན་འཁྱོངས་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་སྤོ་སྒྱུར་བྱ་རྒྱུའི་སྒྲུབ་ཕྱོགས་གཙོ་བོ་འདི་བརྟན་པོར་ཟིན་པར་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་རྒྱུ་ཡིན། །
སྤུན་གྱིས་སྤུན་མཆེད་ཡག་རེ་བྱེད། ། གྲོང་པས་གྲོང་པ་ཡག་རེ་བྱེད། །ཅེས་ཟེར་བ་ལྟར། ཀྲུང་གོས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འགྲོགས་བདེ་གཤིབ་བདེ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་སྲ་བརྟན། གཉིས་ཕན་མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། རང་ཉིད་ཀྱི་གོང་འཕེལ་ལས་མཐའ་སྐོར་རྒྱལ་ཁབ་ཁག་ལ་ཧུར་ཐག་གིས་ཕན་འདོགས་རྒྱུ་ཡིན། །
ང་ཚོས་ཨེ་ཤ་ཡ་དང་འཛམ་གླིང་ཡར་རྒྱས་གོང་འཕེལ་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ་ཡིན། དུས་རབས་གསར་པ་ནས་བཟུང་ཀྲུང་གོ་དང་མཐའ་སྐོར་རྒྱལ་ཁབ་ཁག་བར་གྱི་ཉོ་ཚོང་གི་འབོར་ཚད་དེ་ཨ་སྒོར་དུང་ཕྱུར་1000ནས་ཨ་སྒོར་དུང་ཕྱུར་ཁྲི་1.3ལ་འཕར་སྣོན་བྱུང་ནས། མཐའ་སྐོར་རྒྱལ་ཁབ་མང་པོའི་ཉོ་ཚོང་གི་རོགས་ཟླ་ཆེ་ཤོས་དང་། ཕྱིར་གཏོང་གི་ཚོང་ར་ཆེ་ཤོས། མ་རྩ་འཇོག་པའི་འབྱུང་ཁུངས་གལ་ཆེན་བཅས་ཆགས་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་དང་འཛམ་གླིང་བར་གྱི་ཁེ་ཕན་འདྲེས་ཚད་དེ་སྔར་བྱུང་མེད་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ལ་སླེབས་ཡོད། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་ཀྲུང་གོའི་དཔལ་འབྱོར་ཐད་མུ་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་འཕེལ་ཕྱོགས་མཐའ་འཁྱོངས་དང་། རྒྱལ་ནང་གི་དགོས་མཁོ་སྤྱི་དང་ལྷག་པར་དུ་འཛད་སྤྱོད་དགོས་མཁོ་མུ་མཐུད་དུ་ཇེ་ཆེར་འགྲོ་བ། ཕྱི་ཕྱོགས་མ་རྩ་འཇོག་ཚད་ཀྱང་འཕར་སྣོན་ཆེན་པོ་བཅས་ཡོང་རྒྱུ་རེད། ཚོད་རྩིས་བྱས་པ་ལྟར་ན། སླད་ཕྱིན་ལོ་5ཡི་ནང་དུ་ཀྲུང་གོས་ཨ་སྒོར་དུང་ཕྱུར་ཁྲི་10ཡས་མས་ཀྱི་ཚོང་ཟོག་ནང་འདྲེན་བྱ་རྒྱུ་ཡིན་པ་དང་། ཕྱི་ཕྱོགས་སུ་མ་རྩ་འཇོག་གྲངས་ཨ་སྒོར་དུང་ཕྱུར་5000ཙམ་ལ་སླེབ་རྒྱུ་ཡིན་ཞིང་། མངའ་ཁོངས་ཕྱིར་ཡུལ་སྐོར་ལ་འགྲོ་ཚད་མི་ཐེངས་དུང་ཕྱུར་4ལས་བརྒལ་སྲིད། ཀྲུང་གོ་ཇི་ཙམ་གོང་འཕེལ་ཕྱིན་ན་ཨེ་ཤ་ཡ་དང་འཛམ་གླིང་ལ་གོང་འཕེལ་གྱི་གོ་སྐབས་དེ་ཙམ་གྱིས་མང་བ་སྦྱིན་ཐུབ། །
ང་ཚོས་བློ་རྩ་བརྟན་པོས་ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོའི་མི་དམངས་ཀྱིས་དམག་འཁྲུག་ལས་བྱུང་བའི་སྡུག་བསྔལ་དེ་མི་བརྗེད་སེམས་ཀྱི་རི་མོར་བཀོད་ཡོད་པ་དང་། ཞི་བདེ་ལ་ཉམས་པ་མེད་པའི་རེ་སྙེག་བྱེད་ཀྱི་ཡོད། ཀྲུང་གོས་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་བརྩོན་ལེན་བྱས་ནས་རང་ཉིད་གོང་སྤེལ་གཏང་རྒྱུ་མ་ཟད། རང་ཉིད་ཀྱི་གོང་འཕེལ་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་སྐུལ་འདེད་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་གནས་པའི་ལྟ་བ་མི་མཐུན་པ་དང་རྩོད་གཞི་ཐག་ཆོད་འོས་འཚམ་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག རང་དང་མཐའ་སྐོར་རྒྱལ་ཁབ་ཁག་བར་གྱི་འབྲེལ་བ་དང་རང་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་གི་གནས་བབ་ཆེན་པོ་སྲུང་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ཚ་གནད་དུ་གྱུར་པའི་དོན་དག་གི་ཐད་མུ་མཐུད་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པ་དང་། བར་འདུམ་མཐུན་འཇུག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གླེང་མོལ་དང་གྲོས་བསྡུར་གྱི་སྒོ་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན། །
ང་ཚོས་ཨེ་ཤ་ཡ་དང་འཛམ་གླིང་ཁྱབ་ཁོངས་ཀྱི་ས་ཁུལ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བྱ་རྒྱུ་ཡིན། ཀྲུང་གོས་མཐའ་སྐོར་རྒྱལ་ཁབ་ཁག་དང་གཅིག་ལ་གཅིག་སྦྲེལ་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ས་ཁུལ་རང་བཞིན་གྱི་མ་རྩ་བསྡུ་སྒྲུག་གི་ལས་སྟེགས་ཧུར་ཐག་འཛུགས་རྒྱུར་ཞིབ་མོལ་བྱས་ཏེ། ས་ཁོངས་ནང་ཁུལ་གྱི་དཔལ་འབྱོར་མཉམ་འདྲེས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ས་ཁུལ་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏང་རྒྱུ་ཡིན། ཀྲུང་གོས་ཨེ་ཤ་ཡའི་ས་ཁོངས་མཉམ་ལས་འཕེལ་རིམ་ནང་ཐེ་ཞུགས་ཧུར་ཐག་བྱས་ཏེ། ཨེ་ཤ་ཡའི་ཕྱི་རོལ་གྱི་ས་ཁུལ་དང་རྒྱལ་ཁབ་གཞན་དག་བར་ས་ཁོངས་གཙོ་ཕལ་གཉིས་ཀྱི་མཉམ་ལས་ལ་སྐུལ་སྤེལ་གཏང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་ཉོ་ཚོང་དང་མ་རྩ་འཇོག་པ་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་དང་ཕྱོགས་གཉིས་ཀྱི་མ་རྩ་འཇོག་པར་ཤུགས་བརྒྱབ་ནས། མཉམ་ལས་བྱེད་སའི་བཀྲག་ཆེ་ས་གསར་པ་བསྐྲུན་རྒྱུ་ཡིན། ཀྲུང་གོས་ཨེ་ཤ་ཡ་ས་ཁུལ་གྱིས་ས་ཁུལ་གཞན་དག་ལ་སྒོ་འབྱེད་མཉམ་ལས་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་འདི་ག་དང་འཛམ་གླིང་གི་ས་ཁུལ་གཞན་དག་ཐུན་མོང་ཐོག་གོང་འཕེལ་འགྲོ་བར་སྐུལ་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ་ཡིན། ཀྲུང་གོས་ལྷོ་བྱང་གི་ཧེ་བག་ཆུང་དུ་གཏོང་བའི་ལས་ལ་གཞོལ་རྒྱུ་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་རང་བརྟེན་གོང་སྤེལ་གཏོང་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། །
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།
གཞན་ལ་བྱམས་ཤིང་ཁྱིམ་མཚེས་ལ་བརྩེ་བ་ནི་ཀྲུང་གོའི་གནའ་སྔ་མོ་ནས་དར་བའི་སྲོལ་རྒྱུན་ཡིན། ཨེ་ཤ་ཡ་དང་འཛམ་གླིང་ཞི་བའི་གོང་འཕེལ་དང་མཉམ་ལས་མཉམ་ཁེ་ཡོང་བའི་བྱ་གཞག་ནི་རྫོགས་མཐའ་མེད་པར་གཅིག་རྗེས་གཉིས་མཐུད་ཡིན། ཀྲུང་གོར་གླིང་ཆེན་ལྔ་པོའི་གྲོགས་པོ་ཚོ་དང་ལག་གདང་སྦྲེལ་ནས་འབད་བརྩོན་ཆེན་པོས་ཐུན་མོང་ཐོག་ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་དང་། ཨེ་ཤ་ཡ་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད།
མཇུག་ཏུ་ལོ་ཚོགས་འདི་ཉིད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། །