
༄༅། །སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་སྲུང་སྐྱོང་དང་གོང་སྤེལ་གཏོང་དགོས།*
(2013ལོའི་ཟླ་9ཚེས་5ཉིན།)
གུས་པར་འོས་པའི་ཙུང་ཐུང་ཕུའུ་ཅིན་དང་།
ལས་གྲོགས་རྣམ་པ་ཚོ།
མཛེས་སྡུག་ལྡན་པའི་སན་པི་ཏེ་པོག་ཏུ་ལྷན་རྒྱས་དང་མཇལ་ནས་མཉམ་དུ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི་ཐབས་ཇུས་གྲོས་མོལ་བྱེད་པའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་། སྔོན་ལ་ངས་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སུའི་སྲིད་གཞུང་གིས་ཐེངས་འདིའི་དབུ་ཚོགས་ལ་དཀའ་ལས་འོ་བརྒྱལ་དང་བཀོད་སྒྲིག་ཞིབ་ཚགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མིག་སྔར། འཛམ་གླིང་དཔལ་འབྱོར་རྡིབ་ཞབས་ནས་རིམ་གྱིས་ཡར་ཇེ་ཡག་ཏུ་འགྲོ་བ་དང་། གནས་བབ་མུ་མཐུད་བཟང་ཕྱོགས་སུ་འཁོར་ཡོང་བཞིན་ཡོད། དེ་དང་ལྷན་དུ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཤན་ཤུགས་སྔར་བཞིན་གནས་ཡོད་པ་དང་། རྒྱལ་ཁབ་ལ་ལའི་དཔལ་འབྱོར་ད་དུང་ཉམས་རྒུད་དུ་འགྲོ་བ་ཁ་སྒྱུར་བྱེད་ཐུབ་མེད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སོར་ཆུད་ཡོང་རྒྱུར་ད་དུང་ལམ་ཐག་རིང་པོ་བགྲོད་དགོས། །
གནས་བབ་ཀྱིས་ལས་འགན་ཐག་གཅོད་བྱེད་པ་དང་། བྱ་སྤྱོད་ཀྱིས་ཕན་འབྲས་ཐག་གཅོད་བྱེད། དེ་ལ་ང་ཚོས་མིག་རྒྱང་རིང་དུ་བལྟས་ནས་རྒྱལ་ཁབ་ཁག་གི་གོང་སྤེལ་གསར་གཏོད་དང་། འཕར་སྣོན་མཉམ་འགུལ། ཁེ་ཕན་གཅིག་འདྲེས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་དང་། བློ་རྩ་བརྟན་པོས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོང་དང་གོང་སྤེལ་གཏོང་དགོས། །
——གོང་སྤེལ་གསར་གཏོད་བྱ་རྒྱུ་ནི་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་བླང་བྱ་ཡིན། ངར་སྐུལ་སྲིད་ཇུས་གཅིག་པུར་བརྟེན་པ་དང་སྲིད་གཞུང་གིས་དཔལ་འབྱོར་ལ་གཞི་རྒྱ་ཆེན་པོས་ཐད་ཀར་ཐེ་ཇུས་བྱས་ནས་བྱུང་བའི་འཕར་སྣོན་ནི་ཕྱི་བཅོས་ཙམ་ལས་རྩ་བཅོས་མ་ཡིན་ལ། ཐོན་ཁུངས་ཀྱི་འཛད་གྲོན་ཆེ་བ་དང་། ཁོར་ཡུག་སྦགས་བཙོག་བཅོའི་རྨང་གཞིའི་ཐོག་བྱུང་བའི་འཕར་སྣོན་ནི་དེ་བས་ཀྱང་རྒྱུན་སྐྱོང་དཀའ་བ་ཞིག་རེད། དཔལ་འབྱོར་འཕར་སྣོན་གྱི་སྤུས་ཀ་དང་ཕན་འབྲས་མཐོ་རུ་གཏོང་དགོས་ན། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་པུའི་ཐོག་ནས་སུ་འཇོན་སུ་དཔའ་མི་ལྟ་བར་བྱ། རྒྱལ་ཁབ་ཁག་གིས་གྲུབ་ཚུལ་བསྒྱུར་བཅོས་བཟང་པོ་བྱས་ནས་ཚོང་རའི་སྐྱེ་སྟོབས་ཆེ་རུ་སྐྱེད་དགོས་པ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས། །
——འཕར་སྣོན་མཉམ་འགུལ་བྱ་རྒྱུ་ནི་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཤུགས་དྲག་ཡོང་བའི་བླང་བྱ་ཡིན། འཕར་སྣོན་ཤུགས་དྲག་ཡོང་བའི་འཛམ་གླིང་དཔལ་འབྱོར་ནི་རྒྱལ་ཁབ་ཁག་གི་ཐུན་མོང་འཕར་སྣོན་ལས་བྱུང་བ་རེད། རྒྱལ་ཁབ་ཁག་གིས་ལས་དབང་གཅིག་པའི་ཚོགས་སྡེ་ཡིན་པའི་འདུ་ཤེས་འཆང་དགོས་པ་དང་། “དར་ན་མཉམ་དར་དང་གུད་ན་མཉམ་གུད” ཀྱི་ནུས་པར་ངོས་འཛིན་གསལ་པོ་བྱས་ཏེ་འགྲན་རྩོད་ཀྱི་ཁྲོད་དུ་མཉམ་ལས་དང་། མཉམ་ལས་ཀྱི་ཁྲོད་དུ་མཉམ་ཁེ་ཡོང་བར་བྱེད་དགོས། རང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་གཉེར་བྱེད་པ་དང་ལྷན་དུ་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་ལྟ་རྟོག་བྱེད་དགོས་པ་དང་། རང་ཉིད་ཀྱི་གོང་འཕེལ་བརྩོན་ལེན་བྱེད་པ་དང་ལྷན་དུ་རྒྱལ་ཁབ་གཞན་པའི་གོང་འཕེལ་ལ་ལྟ་རྟོག་བྱེད་དགོས། རྒྱལ་ཁབ་མི་འདྲ་བའི་བར་ཕན་ཚུན་རོགས་རམ་བྱས་ཏེ། ཐུན་མོང་ཐོག་མངོན་གསལ་དོད་པའི་གནད་དོན་གང་འཕྲད་ཐག་གཅོད་བྱེད་པ་ནི་འཛམ་གླིང་དཔལ་འབྱོར་གོང་འཕེལ་ཡོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་རེད། རྒྱལ་ཁབ་རེ་རེའི་གོང་འཕེལ་དེ་རྒྱལ་ཁབ་གཞན་དག་གི་འཕར་སྣོན་དང་མཉམ་འགུལ་གྱི་ནུས་པ་ཆགས་པར་བྱས་ཏེ། ཕན་ཚུན་བར་བཟང་ཕྱོགས་ལས་ངན་ཕྱོགས་མ་ཡིན་པའི་ཕྱི་ལ་མེར་བའི་ཕན་ནུས་ཐོན་པར་བྱེད་དགོས། །
——ཁེ་ཕན་མཉམ་འདྲེས་བྱ་རྒྱུ་ནི་འཛམ་གླིང་དཔལ་འབྱོར་དོ་མཉམ་ངང་འཕར་སྣོན་ཡོང་བའི་དགོས་མཁོ་ཡིན། དོ་མཉམ་ངང་འཕར་སྣོན་ཡོང་རྒྱུ་ནི་འཕར་སྣོན་བརྗེ་སྤོ་བྱེད་པའི་ཐོབ་གྲངས་ཀླད་ཀོར་གྱི་རྩེད་མོ་མ་ཡིན་པར་རྒྱལ་ཁབ་ཁག་གིས་ཕན་བདེ་མཉམ་སྤྱོད་བྱེད་པའི་འཕར་སྣོན་ཡིན། རྒྱལ་ཁབ་ཁག་གིས་སོ་སོའི་བལྟོས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཀྱི་གནས་སྟངས་འཐུས་ཚང་། ཁེ་ཕན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་རིན་ཐང་ཕྲེང་ཐག་འཛུགས་སྐྲུན། ཀུན་ལ་ཕན་པའི་གོ་ལ་ཧྲིལ་པོའི་ཚོང་ར་ཆེན་པོ་གསོ་སྐྱོང་བཅས་བྱས་ཏེ་གཉིས་ཕན་མཉམ་ཁེ་ཡོང་བའི་གོང་འཕེལ་མངོན་འགྱུར་བྱེད་དགོས། །
འཛམ་གླིང་དཔལ་འབྱོར་འདི་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་ན་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཁོངས་ཞུགས་རྒྱལ་ཁབ་ཚང་མས་སྔར་ལས་ཟབ་པའི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་བཙུགས་ནས་འཁུར་འོས་པའི་འགན་འཁྲི་འཁུར་དགོས། །
དང་པོ། འགན་འཁྲི་འཁུར་བའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་སྤྱོད་དགོས། དཔལ་འབྱོར་ཚོགས་སྡེ་གཙོ་བོ་ཁག་གིས་རང་ཉིད་ཀྱི་བྱ་བ་སྔོན་ལ་ཡག་པོར་བསྒྲུབས་ཏེ་རང་ཉིད་ཀྱི་དཔལ་འབྱོར་ལ་རྙོག་དྲ་ཆེན་པོ་མི་འབྱུང་བའི་འགན་ལེན་བྱེད་དགོས། དེ་ནི་ང་ཚོའི་མ་མཐའི་འགན་འཁྲི་ཡིན། ང་ཚོས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་ཚང་བཟོ་དགོས་པ་དང་། ཕན་ཚུན་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་རྒྱག་དགོས། །
སྤྱི་ཁོག་དང་བྱེ་བྲག་གི་དཔལ་འབྱོར་སྲིད་ཇུས་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ནི་གཞི་མཐུན་པའི་ཆ་ཅན་ཞིག་ཡིན་པས། རྒྱལ་ཁབ་ཁག་གིས་སྤྱི་ཚོགས་སྲིད་ཇུས་སྤྱད་ནས་དཔལ་འབྱོར་སྲིད་ཇུས་ལ་གདུང་འདེགས་བྱས་ནས། སྤྱི་བྱེ་བྲག་གཉིས་ཀའི་དཔལ་འབྱོར་སྲིད་ཇུས་ལག་བསྟར་ལ་མཐུན་རྐྱེན་སྐྲུན་དགོས། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ལས་ཞུགས་པུའུ་ཀྲང་གི་གྲོས་ཚོགས་ཐོག་དཔལ་འབྱོར་སྲིད་ཇུས་དང་ལས་ཞུགས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་རྒྱག་རྒྱུ་གཏན་འཁེལ་བྱས་པ་དེ་ནི་ལམ་བུ་ཡང་དག་པ་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ཀྱིས་དེའི་ཐོག་ཏུ་སྐྱོད་དགོས།
དེའི་ཐད་ལ་ཀྲུང་གོས་ལག་བསྟར་བྱེད་པའི་དཔལ་འབྱོར་སྲིད་ཇུས་ནས་ཀྲུང་གོའི་དཔལ་འབྱོར་ལ་འགན་འཁུར་བ་མ་ཟད་འཛམ་གླིང་དཔལ་འབྱོར་ལའང་འགན་འཁུར་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་རྩ་བའི་ཆ་ཡག་པོ་ཡོད་ལ། ད་ལོའི་ལོ་སྟོད་དུ་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7.6%འཕར་ཡོད། ཀྲུང་གོར་ཡང་ས་གནས་སྲིད་གཞུང་གི་བུ་ལོན་དང་། ལས་རིགས་ཁག་ཅིག་གི་ཐོན་ནུས་ལྷག་ཐལ་ཆེ་བ་སོགས་ཀྱི་གནད་དོན་འཕྲད་ཡོད། གནད་དོན་དེ་རིགས་ཚོད་འཛིན་ཐུབ་ཁོངས་སུ་གནས་ཡོད་ཅིང་། ང་ཚོས་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱེད་བཞིན་ཡོད། །
ང་ཚོར་ངོས་ཟིན་བྱུང་བར། དཔལ་འབྱོར་གྱི་ཕུགས་ཀྱི་གོང་འཕེལ་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་བློ་རྩ་བརྟན་པོས་གྲུབ་ཚུལ་གྱི་བསྒྱུར་བཅོས་ལ་སྐུལ་འདེད་བྱེད་དགོས་པ་དང་། འཕར་སྣོན་གྱི་མྱུར་ཚད་ཅུང་དལ་དུ་བཏང་བས་ཀྱང་ཆོག བྱ་གཞག་གང་ཞིག་ཡིན་རུང་འཕྲལ་ཕུགས་གཉིས་ཀར་ལྟ་དགོས་པ་དང་བསམ་བློ་མཐར་ཕྱིན་པ་ཞིག་གཏོང་དགོས་པ་ལས། འཕྲལ་གྱི་ཁེ་ཕན་ལ་བརྔམས་ནས་གཏན་གྱི་ཁེ་ཕན་བརླག་པའི་གོང་འཕེལ་ནི་ཕུགས་མི་བརྟན་པ་རེད། །
ཀྲུང་གོའི་དཔལ་འབྱོར་ཉིད་འཛམ་གླིང་གི་དཔལ་འབྱོར་དང་ཚད་མཐོའི་མཉམ་འདྲེས་བྱུང་ཡོད། དཔལ་འབྱོར་འཁོར་རྒྱུག་སྔར་ལས་བརྟན་པ་དང་། འཕར་སྣོན་གྱི་སྤུས་ཚད་སྔར་ལས་མཐོ་བ། འཕར་སྣོན་གྱི་མདུན་ལམ་སྔར་ལས་མཐུད་ཐུབ་པ་བཅས་ཀྱི་ཀྲུང་གོའི་ངོས་ནས་བཤད་ན། འཛམ་གླིང་དཔལ་འབྱོར་གྱི་གོང་འཕེལ་ལ་ཡུན་རིང་གི་ཕན་པ་ལྡན་ཡོད། ཀྲུང་གོར་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་སྤེལ་གཏོང་བའི་ཆ་རྐྱེན་དང་ནུས་པ་ལྡན་ཡོད་པས། རྒྱལ་ཁབ་ཁག་ལ་སྔར་བས་རྒྱ་ཆེ་བའི་ཚོང་ར་དང་གོང་འཕེལ་གྱི་བར་སྟོང་གཏོད་ཐུབ་པ་དང་། འཛམ་གླིང་དཔལ་འབྱོར་ལ་དྲང་ཕྱོགས་ཀྱི་ཕྱི་ལ་མེར་བའི་ཕན་ནུས་འདོན་ཐུབ། །
གཉིས་པ། ཐུན་མོང་ཐོག་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོང་དང་གོང་སྤེལ་གཏོང་དགོས། “མེ་ཏོག་སྣ་གཅིག་བཞད་པས་དཔྱིད་མི་འཆར། །མེ་ཏོག་སྣ་བརྒྱ་བཞད་པས་དཔྱིད་དཔལ་འབར། ” ཞེས་ཟེར་བ་ལྟར། རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་ཆ་བཞག་ན། འགྲོ་རྒྱུག་ཡོད་ན་མཉམ་དུ་ཡར་རྒྱས་ཡོང་བ་དང་། འགྲོ་རྒྱུག་མེད་ན་ཕྱི་སྣུར་བྱས་ཡོང་བ་རེད། ང་ཚོས་ངེས་པར་དུ་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། རྣམ་པ་འདྲ་མིན་གྱི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། རྒྱལ་སྤྱི་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་སྡེབ་གཅིག་ཏུ་བེད་སྤྱོད་བྱེད་དགོས། །
ང་ཚོས་རང་མོས་དང་། སྒོ་འབྱེད། མཐོང་ཆུང་མེད་པ་བཅས་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས་པ་དང་། གཞན་པ་ཕྱིར་འབུད་རང་བཞིན་གྱི་ཉོ་ཚོང་གི་ཚད་གཞི་དང་། སྒྲིག་ལམ། མ་ལག་བཅས་མི་སྤེལ་བར། གོ་ལ་ཧྲིལ་པོའི་ཚོང་ར་སིལ་བུར་མི་གཏོར་བ་དང་ཉོ་ཚོང་གི་མ་ལག་ཁ་ཐོར་དུ་མི་འགྲོ་བར་བྱེད་དགོས། གོ་ལ་ཧྲིལ་པོའི་མ་རྩ་འཇོག་པའི་སྒྲིག་ལམ་འཐུས་ཚང་བཟོ་རྒྱུའི་སྐོར་གྲོས་ཞིབ་དང་། གོ་ལ་ཧྲིལ་པོའི་གོང་སྤེལ་མ་རྩ་ལུགས་མཐུན་ངང་འཁོར་རྒྱུག་བྱེད་པར་སྣེ་ཁྲིད། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་གོང་སྤེལ་གྱི་ཐོན་ཁུངས་བགོ་སྒྲིག་བཅས་བྱེད་དགོས། །
གསུམ་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་དེ་ཉིད་སྔར་བས་དྲང་སྙོམ་དྲང་བདེན་ཡོང་བར་བྱེད་དགོས། རྒྱལ་ཁབ་ཉི་ཤུའི་ཚོགས་པ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་སྐོར་གྲོས་མོལ་གང་ལེགས་བྱེད་པའི་ལས་སྟེགས་ཤིག་རེད། ང་ཚོས་རྒྱལ་ཁབ་ཉི་ཤུའི་ཚོགས་པ་འདི་ཉིད་འཛམ་གླིང་དཔལ་འབྱོར་བརྟན་བརླིང་ཡོང་བ་དང་རྒྱལ་སྤྱིའི་དངུལ་རྩའི་བདེ་འཇགས་དྲ་བ་འཛུགས་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་གལ་ཆེའི་སྟོབས་ཤུགས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས། །
ང་ཚོས་མུ་མཐུད་ནས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་བསྒྱུར་བཅོས་བྱེད་དགོས་ཤིང་། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་ཐོབ་སྐལ་དང་བཅོས་སྐྱོང་བསྒྱུར་བཅོས་བྱེད་ཕྱོགས་སྐོར་གྱི་འཆར་གཞི་དོན་འཁྱོལ་སྔར་བས་དམ་འཛིན་བྱེད་དགོས། རྒྱལ་ཁབ་ཁག་གི་དཔལ་འབྱོར་བསྡོམས་འབོར་གྱི་འཛམ་གླིང་དཔལ་འབྱོར་ནང་གི་གལ་ཆེ་ཆུང་མཚོན་ཐུབ་པའི་ཐོབ་སྐལ་གྱི་སྤྱི་འགྲོས་གསར་པ་གཏན་འབེབས་བྱེད་དགོས། རྒྱལ་སྤྱིའི་དངུལ་རྩའི་ཚོང་རའི་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་བརྒྱབ་སྟེ་དངུལ་རྩའི་མ་ལག་ནས་དངོས་གནས་གདོས་བཅས་དཔལ་འབྱོར་གྱི་གོང་འཕེལ་ལ་བརྟེན་པ་དང་། ཞབས་འདེགས་ཞུ་བ། སྐུལ་སྤེལ་གཏོང་བ་བཅས་ཡོང་དུ་འཇུག་དགོས། བརྟན་ཞིང་ཉེན་ཁ་འགོག་ཐུབ་པའི་རྒྱལ་སྤྱིའི་དངུལ་རྩའི་མ་ལག་འཛུགས་པ་དང་། དམིགས་བསལ་དངུལ་ལེན་ཐོབ་ཐང་གི་དངུལ་ལོར་གཟེབ་མའི་གྲུབ་ཚུལ་བསྒྱུར་བཅོས་བྱེད་པ། རྒྱལ་སྤྱི་དང་ས་ཁོངས་ཀྱི་དངུལ་རྩའི་མཉམ་ལས་ལམ་སྲོལ་གྱི་འབྲེལ་གཏུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དངུལ་རྩའི་ཉེན་ཁ་འགོག་བྱེད་ཀྱི་མེ་འགོག་ལྕགས་རི་བཟོ་དགོས། །
ཀྲུང་གོས་ཕྱོགས་མང་གི་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། རྒྱལ་སྤྱིའི་ཁྲལ་བསྡུ་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བར་ནུས་ཤུགས་འདོན་འདོད་ཡོད། །
ངས་ནན་བཤད་བྱ་རྒྱུར། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་ལ་སྐུལ་འདེད་གཏང་རྒྱུ་ཡིན། ང་ཚོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ལ་སྤྱི་ཡོངས་ཀྱི་ཞིབ་འཇུག་བྱེད་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་སྔར་ལས་ལྷག་པ་གཏང་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་སྐྱེ་སྟོབས་བཅིངས་འགྲོལ་གཏང་རྒྱུ་དང་ཆེ་རུ་བསྐྱེད་རྒྱུ་བཅས་ཡིན། ཀྲུང་གོས་ཚོང་རའི་མ་ལག་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། སྤྱི་ཁོག་སྙོམ་སྒྲིག་དང་། ནོར་ཁྲལ། དངུལ་རྩ། མ་རྩ་འཇོག་པ། སྲིད་འཛིན་དོ་དམ་སོགས་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏང་རྒྱུ་སྟེ། ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་དུ་ཚོང་རས་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ་ཡིན། ཀྲུང་གོས་སྐྱེད་ཐང་དང་དངུལ་བརྗེ་འཛའ་ཐང་ཉིད་ཚོང་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཟབ་སྤེལ་ཧུར་ཐག་བྱ་རྒྱུ་ཡིན་པ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེ་འཛའ་ཐང་གི་ལྡེམ་ཆ་ཆེ་རུ་བཏང་སྟེ་རིམ་བཞིན་མི་དམངས་ཤོག་སྒོར་གྱི་མ་རྩའི་རྣམ་གྲངས་བརྗེ་སྒྱུར་རུང་བ་མངོན་འགྱུར་བྱ་རྒྱུ་ཡིན། ཀྲུང་གོས་གཉིས་ཕན་མཉམ་ཁེའི་སྒོ་འབྱེད་འཐབ་ཇུས་མཐའ་འཁྱོངས་བྱས་ནས། མ་རྩ་འཇོག་པ་དང་ཉོ་ཚོང་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས་ཀྲུང་གོར་ཡོད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་འདྲ་མཉམ་ངང་ཚོང་གཉེར་བྱེད་པའི་ཁྲིམས་སྐྱོང་གི་ཁོར་ཡུག་བསྐྲུན་རྒྱུ་དང་། འབྲེལ་ཡོད་རྒྱལ་ཁབ་བར་ཡོད་པའི་ཉོ་ཚོང་གི་རྩོད་གཞི་གྲོས་མོལ་ཐོག་ཐག་གཅོད་བྱ་རྒྱུ་ཡིན། །
ལས་གྲོགས་རྣམ་པ་ཚོ།
ང་ཚོས་ལག་གདང་སྦྲེལ་ནས་འབད་བརྩོན་གྱིས་སྔར་ལས་དམ་པའི་རོགས་ཟླའི་འབྲེལ་བ་བཙུགས་པ་ཡིན་ན། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སྔར་ལས་བརྟན་པ་དང་། སྔར་ལས་ལེགས་པ། སྔར་ལས་རིང་བ་བཅས་ཀྱི་སྒོ་ནས་མདུན་སྐྱོད་ཐུབ་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་ཡིད་རྟོན་སྔར་བས་ཆེ་བ་དང་། འབྱུང་འགྱུར་གྱི་འཚོ་བར་ཡིད་རྟོན་སྔར་བས་ཆེ་བ་བྱེད་ཐུབ་ངེས་རེད། །
ལྷན་རྒྱས་ཐུགས་རྗེ་ཆེ། །