
༄༅། ། “ཧྲང་ཧའེ་ཡི་དགོངས་དོན” དར་སྤེལ་བཏང་ནས་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
(2013ལོའི་ཟླ9ཚེས13ཉིན།)
གུས་པར་འོས་པའི་ཙུང་ཐུང་ཨ་ཐན་པ་ཡེ་ཧྥུ་དང་།
གུས་པར་འོས་པའི་ལས་གྲོགས་རྣམ་པ་ཚོ།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་པི་ཧྲེ་ཁའེ་ཁོ་དབུ་ཚོགས་ལ་ཞུགས་པའི་གོ་སྐབས་བྱུང་བས་དགའ་པོ་བྱུང་། ཀྲུའུ་ཞིའི་རྒྱལ་ཁབ་ཁེར་གྷི་སི་ཐན་གྱིས་དབུ་ཚོགས་འདི་ཉིད་བདེ་བླག་ངང་འཚོགས་ཐུབ་པར་གྲ་སྒྲིག་ཨང་གསར་དང་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་གཅིག་རིང་ཁེར་གྷི་སི་སི་ཐན་ཕྱོགས་ནས་འདི་ག་རྩ་འཛུགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དོན་དུ་དོན་འབྲས་ལྡན་པའི་ལས་ཀ་མང་པོ་གནང་ཡོད་པས། ཀྲུང་གོའི་ཕྱོགས་ནས་དེར་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད།
རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་གོང་འཕེལ་དང་འགྱུར་ལྡོག་གསར་པ་བྱུང་བར་དམིགས་པ་དང་། བརྟན་བརླིང་སྲུང་སྐྱོང་དང་། དཔལ་འབྱོར་གོང་སྤེལ། དམངས་འཚོ་ལེགས་བཅོས་བཅས་བྱེད་པའི་ཐད་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཁག་གི་སྤྱི་མཐུན་གྱི་རེ་འདོད་ལ་གཞིགས་ནས། ཐེངས་འདིའི་དབུ་ཚོགས་ཐོག《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དག་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་བྱེད་ཕྱོགས་སྐོར་གྱི་ཆིངས་ཡིག》དོན་འཁྱོལ་བྱ་རྒྱུ་དེ་བརྗོད་གཞི་བྱས་ཡོད་པ་དང་སྦྲགས། 《ཆིངས་ཡིག》གི་ལག་བསྟར་རྩ་འཛིན་ལ་ཆོག་མཆན་འགོད་རྒྱུ་ཡིན་པ་དང་། འདི་ག་རྩ་འཛུགས་ཀྱི་མ་འོངས་ལོ་5ཡི་གོང་འཕེལ་གྱི་འཆར་གཞི་ཆེན་པོ་འགོད་རྒྱུ་ཡིན་པས། འདི་ག་རྩ་འཛུགས་ལ་སྔར་ལས་རྒྱ་ཆེ་བའི་གོང་འཕེལ་གྱི་མདུན་ལམ་གཏོད་ཐུབ་རྒྱུ་རེད།
མིག་སྔར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གོང་འཕེལ་ཐད་ཐོབ་དཀའ་བའི་གོ་སྐབས་འཕྲད་ཡོད་ལ། ཇེ་དྲག་ཆེ་བའི་འགྲན་སློང་ཡང་འཕྲད་ཡོད་པ་སྟེ། “སྟོབས་ཤུགས་ཁག་གསུམ་”དང་། དུག་ཚོང་། རྒྱལ་ཁོངས་བརྒལ་ལ་སྒྲིག་འཛུགས་ཡོད་པའི་ནེས་གསོག་བཅས་ཀྱིས་རང་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་འཇིགས་སྐུལ་བྱེད་བཞིན་ཡོད། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱིས་ཤན་ཤུགས་ཐེབས་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་གོང་འཕེལ་ལ་ཆད་མི་འདྲ་བའི་དཀའ་ངལ་འཕྲད་ཡོད་པས་ལེགས་སྒྲིག་དང་སླར་གསོ་བྱེད་པའི་དུས་ལ་སླེབས་ཡོད།
འགྲན་སློང་དེ་དག་ནི་རྒྱལ་ཁབ་གང་ཡང་རུང་བས་རང་གཅིག་པུས་ཁ་གཏད་འཇལ་དཀའ་བས་ང་ཚོས་ངེས་པར་དུ་མཉམ་ལས་ལ་ཤུགས་སྣོན་དང་། མཉམ་འབྲེལ་གྱིས་རང་སྟོབས་སྐྱེད་དགོས།
གོང་སྨོས་གནས་ཚུལ་གཞིར་བཟུང་ནས་ངས་དེ་ག་རྩ་འཛུགས་ཀྱིས་གཤམ་གསལ་ཕྱོགས་འགའི་ཐད་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བའི་གྲོས་འགོ་འདོན་རྒྱུ་ཡིན།
དང་པོ། “ཧྲང་ཧའེ་ཡི་དགོངས་དོན་” དར་སྤེལ་གཏོང་དགོས། “ཧྲང་ཧའེ་ཡི་དགོངས་དོན་” དོན་འཁྱོལ་བྱས་ནས་ཁོངས་ཞུགས་རྒྱལ་ཁབ་ཁག་བར་ཕན་ཚུན་ཡིད་རྟོན་ཇེ་ཆེར་གཏོང་བ་དང་། འདྲ་མཉམ་དང་། གྲོས་མོལ། ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་བཅས་བྱེད་པའི་རྨང་གཞིའི་ཐོག་གཉིས་ཕན་མཉམ་ལས་བྱེད་པ་དེ་ནི། ཞི་བདེ་དང་གོང་འཕེལ་ཡོང་བའི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། ཁོངས་ཞུགས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་རེ་འདོད་དང་མཐུན་པ་ཞིག་རེད།
ང་ཚོས་དར་ཆ་འདི་མཐོན་པོར་བསྒྲེངས་ནས་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དག་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་བྱེད་ཕྱོགས་སྐོར་གྱི་ཆིངས་ཡིག》དོན་འཁྱོལ་ཏན་ཏིག་དང་། ཁ་ཞེ་གཉིས་མེད་ཀྱིས་འདི་ག་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཁོངས་ཞུགས་རྒྱལ་ཁབ་རྣམས་འགྲོགས་བདེ་གཤིབ་བདེའི་ཁྱིམ་མཚེས་བཟང་པོ་དང་། དཔུང་པ་མཉམ་གཤིབ་ཀྱི་གྲོགས་པོ་བཟང་པོ། སྐྱིད་སྡུག་མཉམ་མྱོང་གི་རོགས་ཟླ་བཟང་པོ་བཅས་ཆགས་པར་བྱེད་དགོས།
གཉིས་པ། ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། བདེ་འཇགས་དང་བརྟན་བརླིང་གི་ཁོར་ཡུག་ནི་གཉིས་ཕན་མཉམ་ལས་སྤེལ་བ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད། 《འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་གཏོང་ཕྱོགས་སྐོར་གྱི་ཧྲང་ཧའེ་ཆིངས་ཡིག》དང་མཉམ་ལས་རྩ་འཛིན་དོན་འཁྱོལ་བྱེད་དགོས་པ་དང་། འདི་ག་རྩ་འཛུགས་ཀྱི་ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་མ་ལག་འཐུས་ཚང་གཏོང་དགོས་ལ། ས་ཁུལ་གྱི་འཇིགས་རྒོལ་སྡེ་ཚན་ལ་དུག་འགོག་གི་འགན་ནུས་སྤྲོད་དགོས་ཤིང་། རྨང་གཞི་འདིའི་ཐོག་བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཕྱོགས་བསྡུས་ལྟེ་གནས་འཛུགས་དགོས།
ཁོངས་ཞུགས་རྒྱལ་ཁབ་ཁག་གི་འབྲེལ་ཡོད་ལས་ཁུངས་དག་གིས་ཀྱང་ཉིན་རྒྱུན་གྱི་ཆ་འཕྲིན་སྤེལ་རེས་བྱེད་པའི་ཐབས་ལམ་འཛུགས་པ་དང་། མཉམ་འབྲེལ་བྱ་སྤྱོད་སྤེལ་སྟངས་ཞིབ་མོལ། “སྟོབས་ཤུགས་ཁག་གསུམ” ལ་རྡོག་རྩ་གཅིག་སྒྲིལ་གྱིས་རྡུང་རྡེག་བཅས་བྱས་ཏེ། རང་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས།
ཨ་ཧྥུ་ཀ་ནི་སི་ཐན་ནི་འདི་ག་རྩ་འཛུགས་ཀྱི་ལྟ་ཞིབ་པའི་རྒྱལ་ཁབ་ཡིན་ཞིང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་བབ་འཕེལ་ཕྱོགས་དེ་ས་ཁུལ་འདིའི་བདེ་འཇགས་དང་བརྟན་བརླིང་དང་འབྲེལ་བ་དམ་པོ་ཡོད། འདི་ག་རྩ་འཛུགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་རིགས་འདུམ་འགྲིག་གི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་ལ་སྔ་ཙམ་ནས་ཞི་བདེ་དང་བརྟན་བརླིང་ཡོང་བར་རོགས་རམ་བྱས་ཏེ་ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
གསུམ་པ། དོན་འབྲས་ལྡན་པའི་མཉམ་ལས་ཤུགས་བརྒྱབ་ནས་སྤེལ་དགོས། དོན་འབྲས་ལྡན་པའི་མཉམ་ལས་སྤེལ་རྒྱུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གོང་འཕེལ་ཡོང་བའི་དངོས་པོའི་རྨང་གཞི་དང་ཐོག་མའི་སྒུལ་ཤུགས་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་6པོ་དང་ལྟ་ཞིབ་པའི་རྒྱལ་ཁབ་5པོ་ཚང་མ་གནའ་བོའི་དར་གོས་ཚོང་ལམ་གྱི་རྒྱུད་དུ་གནས་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ་ཡིན་པའི་ཆ་ནས་ང་ཚོར་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འགན་འཁྲི་ཡོད།
གཅིག་ནས་འགྲིམ་འགྲུལ་དང་ཟོག་འདྲེན་གྱི་ལམ་ཆེན་གཏོད་དགོས། 《རྒྱལ་སྤྱིའི་བགྲོད་ལམ་སྐྱེལ་འདྲེན་སྟབས་བདེ་ཅན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་ཆིངས》གང་མགྱོགས་ཀྱིས་འཇོག་དགོས།
《གྲོས་ཆིངས》བཞག་རྗེས་རང་མོས་ཀྱི་རྩ་དོན་ལྟར་ལྟ་ཞིབ་པའི་རྒྱལ་ཁབ་གང་མང་བསྡུ་ལེན་བྱས་ཏེ་དེའི་ནང་ཐེ་ཞུགས་བྱེད་དུ་བཅུག་སྟེ། པོ་ལོ་ཏེ་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོ་དང་། ཨེ་ཤ་ཡ་དབུས་མ་ནས་ཧིན་རྡུ་རྒྱ་མཚོ་དང་པར་སིག་མཚོ་དབུག་བར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྱམས་ལམ་ཤར་བགྲོད་ཡོང་བའི་གྲོས་འགོ་འདོན་རྒྱུ་ཡིན།
གཉིས་ནས་ཉོ་ཚོང་དང་མ་རྩ་འཇོག་རྒྱུ་སྟབས་བདེ་ཅན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་ཆིངས་གྲོས་མོལ་བྱེད་དགོས། ཕྱོགས་སོ་སོའི་ཁེ་ཕན་དང་དོ་འཁུར་ལ་ལྟ་རྟོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཉོ་ཚོང་དང་མ་རྩ་འཇོག་པའི་ཁྱབ་ཁོངས་སུ་མཉམ་ལས་རྒྱ་ཆེན་པོ་འཚོལ་བ་དང་། ཁོངས་ཞུགས་རྒྱལ་ཁབ་ཁག་གི་མཉམ་ལས་ཀྱི་བག་ཉལ་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། དགེ་མཚན་གསབ་རེས་ཡོང་བ་བྱེད་དགོས་པ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་བྱེད་དགོས།
གསུམ་ནས་དངུལ་རྩའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་སྤེལ་དངུལ་ཁང་འཛུགས་པར་སྐུལ་འདེད་བཏང་ནས། འདི་ག་རྩ་འཛུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ལས་གཞི་ལ་མ་རྩ་བསྡུ་སྒྲུག་གི་འགན་ལེན་དང་རྩིས་རྒྱག་ལས་སྟེགས་འདོན་སྤྲོད་བྱེད་དགོས། དེ་དང་ལྷན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆེད་མངག་རྩིས་ཐོ་གང་མགྱོགས་འཛུགས་འགོད་བྱས་ནས། འདི་ག་རྩ་འཛུགས་ཀྱི་སྒྲོམ་གཞིའི་ཁོངས་ཀྱི་ལས་གཞིའི་ཞིབ་འཇུག་དང་། སྤེལ་རེས་དང་གསོ་སྐྱོང་ཐད་གྲོན་དངུལ་གྱི་རྒྱབ་སྐྱོར་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངུལ་ཁང་མཉམ་འབྲེལ་ཚོགས་སྡེའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། འདི་ག་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་དངུལ་རྩའི་སྡེ་ཚན་བར་སྤེལ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་དགོས། །
བཞི་ནས་ནུས་ཁུངས་མཉམ་སྤྲོ་ཁང་འཛུགས་དགོས། འདི་ག་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་ནུས་ཁུངས་མཉམ་ལས་མཐུན་སྦྱོར་བྱས་ཏེ། མཁོ་སྤྲོད་ཀྱི་འབྲེལ་བ་གཏན་འཇགས་བཟོ་དགོས་པ་དང་། ནུས་ཁུངས་ཀྱི་བདེ་འཇགས་འགན་ལེན་ཏག་ཏིག་བྱེད་དགོས་ཤིང་། དེ་དང་ཕྱོགས་མཚུངས་ནུས་ཁུངས་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུ་དང་ནུས་ཁུངས་གསར་པ་ཐོན་འབྱེད་བྱ་རྒྱུ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་རྒྱ་ཆེན་པོ་བྱེད་དགོས། །
ལྔ་ནས་འབྲུ་རིགས་བདེ་འཇགས་ཀྱི་མཉམ་ལས་ལམ་སྲོལ་འཛུགས་དགོས། ཞིང་ལས་ཐོན་སྐྱེད་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་། བཟའ་བཅའ་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། །
བཞི་པ། སྤྱི་ཚོགས་རིག་གནས་སྤེལ་རེས་དང་དམངས་ཁྲོད་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གོང་འཕེལ་ལ་དམངས་སེམས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ང་ཚོས་རིག་གནས་དང་། སློབ་གསོ། གློག་བརྙན་བརྙན་འཕྲིན། འཕྲོད་བསྟེན། ལུས་རྩལ། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་རྒྱ་ཆེན་པོ་བྱེད་དགོས། །
ཀྲུང་གོའི་ཕྱོགས་ཀྱིས་པེ་ཅིན་དབུ་ཚོགས་ཐོག་མ་འོངས་ལོ་10ཡི་ནང་དུ་ཁོངས་ཞུགས་རྒྱལ་ཁབ་གཞན་དག་ལ་སྲིད་གཞུང་གི་བྱ་དགའ་སློབ་ཡོན་གྱི་སློབ་མའི་མིང་སྐལ་ཁྲི3སྤྲོད་རྒྱུ་ཁྱབ་བསྒྲགས་བྱས་ཟིན། ང་ཚོར་ཁོངས་ཞུགས་རྒྱལ་ཁབ་ཁག་དང་མཉམ་ལས་དམ་ཟབ་བྱས་ཏེ་ལས་གཞི་འདི་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། །
ཀྲུང་གོའི་ཕྱོགས་ཀྱིས་ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་ལ་ “ཀྲུང་གོ—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཁྲིམས་འཛིན་སྤེལ་རེས་མཉམ་ལས་ཀྱི་གསོ་སྦྱོང་ལྟེ་གནས་”འཛུགས་རྒྱུ་དང་། ལས་སྟེགས་འདིར་བརྟེན་ནས་ཁོངས་ཞུགས་རྒྱལ་ཁབ་གཞན་དག་ལ་ཁྲིམས་འཛིན་ཤེས་ལྡན་པ་གསོ་སྐྱོང་བྱེད་འདོད་ཡོད། །
སྲོལ་རྒྱུན་གྱི་གསོ་རིག་ནི་ཕྱོགས་གང་གི་མཉམ་ལས་བྱེད་སའི་ཁྱབ་ཁོངས་གསར་པ་ཞིག་ཡིན་པས། ཀྲུང་གོའི་ཕྱོགས་ལ་ཁོངས་ཞུགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་ཀྲུང་དབྱི་སྨན་བཅོས་སྡེ་ཚན་བཙུགས་ནས། སྲོལ་རྒྱུན་གསོ་རིག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཁོངས་ཞུགས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་ཞབས་འདེགས་ཞུ་འདོད་ཡོད། །
ཕྱོགས་ཚང་མར་བྱུང་བའི་ངོས་འཛིན་གཅིག་མཐུན་ལྟར། ཀྲུང་གོའི་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་སྔོན་ལ་བཙུགས་ཟིན་ཡོད། ཁོངས་ཞུགས་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ་ཁག་གིས་ཀྱང་དེར་མཐུན་གྱི་སྤྱི་ཚོགས་ཚོགས་པ་བཙུགས་ནས། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་སྔར་བས་ཆ་རྒྱུས་ལོན་པ་དང་སྲོལ་རྒྱུན་གྱི་མཛའ་བཤེས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། །
ཐེངས་འདིའི་དབུ་ཚོགས་ནས་སྤེལ་བའི་《པི་ཧྲེ་ཁའེ་ཁོ་བསྒྲགས་གཏམ་》ནང་སི་རི་ཡའི་གནད་དོན་ཐད་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཁག་གིས་འཛིན་པའི་ལངས་ཕྱོགས་བཤད་ཟིན་ཡོད། ངས་འདིར་ནན་བཤད་བྱེད་འདོད་པ་ནི། ཀྲུང་གོའི་ཕྱོགས་ནས་སི་རི་ཡའི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཁྲུག་ཟིང་བཀག་འགོག་དང་འདུམ་མོལ་ལ་སྐུལ་མ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། སི་རི་ཡའི་འཐབ་ཡ་ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཉམས་རྩེ་ཐག་གཅོད་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན།
ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱོགས་ནས་བཏོན་པའི་སི་རི་ཡའི་རྫས་འགྱུར་མཚོན་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྩིས་སྤྲོད་བྱས་ནས་བདག་པོ་རྒྱག་ཏུ་འཇུག་རྒྱུ་དང་སྦྲགས་མེད་པར་བཟོ་རྒྱུའི་གྲོས་གཞིར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོ་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐོག་ནས་སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་ནས་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། །
ལྷན་རྒྱས་ཐུགས་རྗེ་ཆེ། །