ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་རེ་བརྒྱད་པ།༽ཨེ་ཤ་ཡའི་བདེ་འཇགས་ལྟ་བ་ཧུར་བསྐྱེད་ཀྱིས་ཐུན་མོང་ཐོག་བདེ་འཇགས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས།

ཁུངས། ཀློག་གྲངས།

​༄༅། །ཨེ་ཤ་ཡའི་བདེ་འཇགས་ལྟ་བ་ཧུར་བསྐྱེད་ཀྱིས་ཐུན་མོང་ཐོག་བདེ་འཇགས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས།*

(2014ལོའི་ཟླ་5ཚེས་21ཉིན།)

སྐུ་མགྲོན་རྣམ་པ་དང་། ལས་གྲོགས་རྣམ་པ།

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

ཐུར་ཁེའི་ཙུང་ཐུང་གི་ཆེད་མངག་སྐུ་ཚབ་ཕྱི་འབྲེལ་པུའུ་ཀྲང་ཏ་ཝུའུ་ཐེ་ཨོ་ལུའུ་ཡིས་ད་གིན་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་སྐབས་འདིར། ངས་ཕྱོགས་སོ་སོ་དང་ལྷག་པར་དུ་ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་གྲོས་འགོ་འདོན་མཁན་རྒྱལ་ཁབ་ཧ་སག་སི་ཐན་དང་སྐབས་གོང་མའི་ཀྲུའུ་ཞིའི་རྒྱལ་ཁབ་ཐུར་ཁེ་གཉིས་ཀྱིས་ཀྲུང་གོར་ཡིད་རྟོན་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་ལྟ་ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་རྒྱུ་ཡིན།།

དེ་རིང་ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་། ལྟ་ཞིབ་པ། དབུ་ཚོགས་ལ་ཞུགས་མཁན་མགྲོན་པོ་བཅས་ཚུད་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་47གྱི་འགོ་ཁྲིད་པ་དང་དེ་བཞིན་འཐུས་ཚབ་བཅས་ཧྲང་ཧའེ་ལ་འཛོམས་ནས། ཚང་མས་“གླེང་མོལ་དང། ཡིད་རྟོན། རོགས་རེས་ལ་ཤུགས་བརྒྱབ་སྟེ། ཞི་བདེ་དང་། བརྟན་ལྷིང་། མཉམ་ལས་བཅས་བྱེད་པའི་ཨེ་ཤ་ཡ་གསར་པ་”ཞེས་པའི་བརྗོད་གཞི་འདིར་དམིགས་ནས། ཐུན་མོང་ཐོག་བདེ་འཇགས་སྐོར་གྱི་མཉམ་ལས་ཇུས་ཆེན་གྲོས་མོལ་དང་། ཐུན་མོང་ཐོག་ཡུན་རིང་བདེ་འགོད་ཀྱི་ཇུས་བཟང་སྒྲིག་འགོད། ཐུན་མོང་ཐོག་དར་རྒྱས་ཕུན་ཚོགས་ཀྱི་ཐབས་བཀོད་སྒྲིག་གཤོམ་བཅས་བྱེད་པ་དེ་ནི་ཨེ་ཤ་ཡ་དང་འཛམ་གླིང་གི་བདེ་འཇགས་གཉིས་ཀར་དོན་སྙིང་ཆེན་པོ་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད།

ད་ལྟའི་ཨེ་ཤ་ཡར་འཛམ་གླིང་གི་མི་འབོར་གྱི་67%དང་དཔལ་འབྱོར་བསྡོམས་འབོར་གྱི་སུམ་ཆ་གཅིག་མངའ་ཞིང་། ཤེས་དཔལ་དང་མི་རིགས་མང་པོའི་འདུ་གནས་དང་འདྲེས་གནས་ཡིན། ཨེ་ཤ་ཡའི་ཞི་བའི་གོང་འཕེལ་དེ་མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཨེ་ཤ་ཡའི་བརྟན་བརླིང་ནི་འཛམ་གླིང་གི་ཞི་བདེའི་བསོད་བདེ་རེད་ལ། ཨེ་ཤ་ཡའི་དར་རྒྱས་ནི་འཛམ་གླིང་གོང་འཕེལ་གྱི་བསོད་བདེ་རེད།

ད་ལྟའི་ཨེ་ཤ་ཡར་ཉེན་ཁ་དང་འགྲན་སློང་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་། སྔར་བཞིན་འཛམ་གླིང་ཐོག་གོང་འཕེལ་གྱི་སྐྱེ་སྟོབས་དང་བག་ཉལ་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་རེད། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་ཁེ་བཅས་ནི་ཐོག་མཐའ་བར་གསུམ་དུ་ས་ཁུལ་འདིའི་གནས་བབ་ཀྱི་འཕེལ་ཕྱོགས་གཙོ་བོ་ཡིན་པ་དང་། གྲོས་བསྡུར་དང་གྲོས་མོལ་བརྒྱུད་ལྟ་ཕྱོགས་མི་གཅིག་པ་དང་རྩོད་གཞི་ཐག་གཅོད་བྱེད་པ་དེ་ཡང་ས་ཁུལ་འདི་གའི་རྒྱལ་ཁབ་ཁག་གི་སྲིད་ཇུས་ཀྱི་འཕེལ་ཕྱོགས་གཙོ་བོ་ཡིན། འཛམ་གླིང་གི་འཐབ་ཇུས་ཀྱི་སྤྱི་ཡོངས་བཀོད་པའི་ནང་གི་ཨེ་ཤ་ཡའི་གོ་གནས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བ་དང་། འཛམ་གླིང་སྣ་མང་ཅན་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་སྒྱུར་རིམ་ཁྲོད་ནུས་པ་གལ་ཆེན་ནས་གལ་ཆེར་འདོན་བཞིན་ཡོད། ཨེ་ཤ་ཡའི་རྣམ་པ་ཡག་པོ་འདི་ལྟ་བུ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་གཅེས་སྤྲས་བླ་ལྷག་བྱེད་དགོས།

ད་ལྟའི་ཨེ་ཤ་ཡར་ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་པ་དང་། བདེ་འཇགས་ཀྱི་མཉམ་ལས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་བཞིན་པ། མཉམ་ལས་ཀྱི་ལམ་སྲོལ་འདྲ་མིན་འཁྲུག་ཆ་ཆེ་རུ་འགྲོ་བཞིན་པ། ས་ཁུལ་གྱི་བདེ་འཇགས་ཀྱི་མཉམ་ལས་སྤེལ་རིམ་སྔ་མཐུད་ཕྱི་སྐྱོང་གི་འགག་རྩའི་དུས་རིམ་ལ་གནས་ཡོད།

“དུས་ལ་བསྟུན་ཤེས་མཁས་པ་ཡིན། ཆོས་ཉིད་སྤྱོད་ཤེས་བློ་ལྡན་ཡིན”ཞེས་ཟེར་བ་ལྟར། གནས་བབ་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། དུས་རབས་མདུན་དུ་སྐྱོད་བཞིན་ཡོད། དུས་རབས་མདུན་སྐྱོད་ཀྱི་གོམ་རྗེས་ཟིན་དགོས་ན། ལུས་པོ་དུས་རབས་21པར་སླེབས་ཟིན་ཀྱང་། སེམས་པ་ད་དུང་འཇམ་འཐབ་ཀྱི་བསམ་གཞིགས་དང་ཐོབ་གྲངས་ཀླད་ཀོར་གྱི་རྩལ་འགྲན་བྱེད་པའི་དུས་རབས་རྙིང་པར་རང་འཇགས་སུ་སྡོད་མི་ཉན། ང་ཚོའི་འདོད་ཚུལ་ལྟར་ན། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་ཨེ་ཤ་ཡའི་བདེ་འཇགས་ཀྱི་ལྟ་བ་དར་སྤེལ་ཧུར་ཐག་དང་། བདེ་འཇགས་ཀྱི་ལྟ་བ་གསར་གཏོད། ས་ཁུལ་གྱི་བདེ་འཇགས་དང་མཉམ་ལས་སྐོར་གྱི་སྒྲོམ་གཞི་གསར་པ་འཛུགས་པ་བཅས་བྱས་ཏེ། མཉམ་འཛུགས་དང་། མཉམ་སྤྱོད། མཉམ་ཁེ་བཅས་ཀྱི་ཨེ་ཤ་ཡའི་བདེ་འཇགས་ཀྱི་བགྲོད་ལམ་ཞིག་གསར་གཏོད་བྱེད་དགོས། །

ཐུན་མོང་ཞེས་པ་ནི་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་པ་དེ་རེད། ཨེ་ཤ་ཡར་སྣ་མང་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། རྒྱལ་ཁབ་ཁག་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་བཅས་ཧ་ཅང་མི་གཅིག་པས། ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་ལམ་ལུགས་འདྲ་མིན་སྣ་ཚོགས་ཡོད་པར་མ་ཟད། བདེ་འཇགས་ཀྱི་ཁེ་ཕན་དང་དགོས་འདོད་ཀྱང་འདྲ་མིན་སྣ་ཚོགས་ཡོད། ལྷན་རྒྱས་ཚང་མ་ཨེ་ཤ་ཡའི་ཁྱིམ་ཚང་ཆེན་པོ་འདིའི་ནང་མཉམ་དུ་འཚོ་ཞིང་གནས་པས་ཁེ་ཕན་བསྣོལ་ཅིང་འདྲེས་ཡོད་ལ། བདེ་ཉེན་མཉམ་འཁུར་ཡིན་པས། དར་ན་མཉམ་དར་དང་གུད་ན་མཉམ་གུད་ཡོང་བའི་ལས་དབང་གཅིག་པའི་ཚོགས་སྡེ་ཆགས་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། །

བདེ་འཇགས་ནི་ཀུན་ལ་ཁྱབ་པའི་ངོ་བོ་ཅན་ཡིན། རྒྱལ་ཁབ་གཅིག་ཁོ་ནར་བདེ་འཇགས་ཡོད་པ་ལས་རྒྱལ་ཁབ་གཞན་དག་ལ་བདེ་འཇགས་མེད་པ་དང་། རྒྱལ་ཁབ་འགའ་ལ་བདེ་འཇགས་ཡོད་པ་ལས་རྒྱལ་ཁབ་གཞན་འགའ་ལ་བདེ་འཇགས་མེད་ན་མི་འགྲིག་ཅིང་། རྒྱལ་ཁབ་གཞན་པའི་བདེ་འཇགས་རིན་དོད་དུ་སྤྲད་ནས་རང་ཉིད་ཀྱི་བལྟོས་མེད་བདེ་འཇགས་ཟེར་བ་ཞིག་གཉེར་ན་ནི་དེ་བས་ཀྱང་མི་འགྲིག དེ་ལས་ལྡོག་ན་ཧ་སག་སི་ཐན་གྱི་གཏམ་དཔེར། “གཞན་གྱི་མར་མེ་ལ་ཕུ་འདེབས་དུས། རང་གི་སྨ་ར་འཚིག་ཡོང་” ཟེར་བའི་དཔེ་ལྟར་ཡོང་སྲིད།།

བདེ་འཇགས་ནི་འདྲ་མཉམ་གྱི་ངོ་བོ་ཅན་ཡིན། རྒྱལ་ཁབ་ཚང་མར་འདྲ་མཉམ་ངང་ས་ཁུལ་གྱི་བདེ་འཇགས་ལས་དོན་ལ་ཐེ་ཞུགས་བྱེད་པའི་ཁེ་དབང་ཡོད་ལ། ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡང་ཡོད། རྒྱལ་ཁབ་གང་ཡང་རུང་བས་ས་ཁུལ་གྱི་བདེ་འཇགས་ལས་དོན་སྒེར་སྡེམ་བྱས་ནས་རྒྱལ་ཁབ་གཞན་པའི་ལུགས་མཐུན་གྱི་ཁེ་དབང་ལ་བཙན་གནོད་བྱེད་མི་འོས། །

བདེ་འཇགས་ནི་ཁོང་ཡངས་ཀྱི་ངོ་བོ་ཅན་ཡིན། ཨེ་ཤ་ཡའི་སྣ་མང་རང་བཞིན་དང་རྒྱལ་ཁབ་ཁག་གི་ཁྱད་པར་རང་བཞིན་དེ་ས་ཁུལ་བདེ་འཇགས་ཀྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་བའི་སྐྱེ་སྟོབས་དང་སྒུལ་ཤུགས་སུ་བསྒྱུར་ཏེ། བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པར་བརྩི་འཇོག་བྱེད་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྩི་སྲུང་དང་། རྒྱལ་ཁབ་ཁག་གིས་རང་ཉིད་ཀྱིས་གདམ་གསེས་བྱས་པའི་སྤྱི་ཚོགས་ལམ་ལུགས་དང་གོང་འཕེལ་བགྲོད་ལམ་ལ་བརྩི་འཇོག ཕྱོགས་སོ་སོའི་བདེ་འཇགས་སྐོར་གྱི་ལུགས་མཐུན་དོ་ཁུར་ལ་བརྩི་འཇོག་དང་ལྟ་རྟོག་བཅས་བྱེད་དགོས། ཕྱོགས་གསུམ་པར་དམིགས་པའི་དམག་དོན་མནའ་མཐུན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དེ་ནི་ས་ཁུལ་གྱི་ཐུན་མོང་བདེ་འཇགས་སྲུང་སྐྱོང་ལ་ཕན་ཐོགས་མེད་པ་ཞིག་རེད། །

ཕྱོགས་བསྡུས་ཞེས་པ་ནི་སྲོལ་རྒྱུན་གྱི་ཁྱབ་ཁོངས་དང་སྲོལ་རྒྱུན་མ་ཡིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྡེབ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་དེ་རེད། ཨེ་ཤ་ཡའི་བདེ་འཇགས་ཀྱི་གནད་དོན་ནི་རྙོག་འཛིང་ཧ་ཅང་ཆེན་པོ་ཡོད་པ་སྟེ། ཚ་གནད་དང་ཚོར་སྐྱེན་གྱི་གནད་དོན་ཡོད་པ་དང་། མི་རིགས་དང་ཆོས་ལུགས་ཀྱི་འགལ་བ་ཡང་ཡོད་པ། འཇིགས་སྐུལ་རིང་ལུགས་དང་། རྒྱལ་ཁོངས་བརྒལ་བའི་ཉེས་གསོག་ཁོར་ཡུག་གི་བདེ་འཇགས། དྲ་བའི་བདེ་འཇགས། ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས། རང་བྱུང་གི་གནོད་འཚེ་ཚབས་ཆེན་སོགས་ལས་བྱུང་བའི་འགྲན་སློང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་པ། སྲོལ་རྒྱུན་བདེ་འཇགས་ཀྱི་འཇིགས་སྐུལ་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ཕན་ཚུན་བསྣོལ་མར་གནས་ཡོད་པ། བདེ་འཇགས་གནད་དོན་གྱི་ནང་དོན་དང་མཆེད་ཁོངས་སྔར་བས་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་རེད། །

ང་ཚོས་ཨེ་ཤ་ཡའི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་འཕྲེད་གཞུང་དང་དངོས་ཡོད་ཀྱི་གནས་ཚུལ་ལ་སྒོ་ཀུན་ནས་བསམ་གཞིགས་བྱས་ཏེ། ཐབས་མང་མཉམ་སྤྱོད་དང་ཇུས་མང་མཉམ་གཤོམ་གྱིས་ས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་མཐུན་སྦྱོར་བྱེད་འོས། མིག་སྔའི་ས་ཁུལ་བདེ་འཇགས་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས་པར་མ་ཟད། བག་ལ་ཉལ་བའི་བདེ་འཇགས་ཀྱི་ཉེན་ཁ་འདྲ་མིན་ལ་ཁག་གཏད་ཇི་ལྟར་འཇལ་རྒྱུའི་སྐོར་གཅིག་གྱུར་གྱིས་འཆར་འགོད་ཀྱང་བྱེད་དགོས་ཀྱི། སྐབས་འཕྲལ་སླ་བཅོས་དང་འོལ་ཚོད་བྱེད་མི་རུང་། །

འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་པའི“སྟོབས་ཤུགས་ཁག་གསུམ” ལ་བཟོད་སྒོམ་སྤུ་ཙམ་མི་བྱེད་པའི་རྣམ་འགྱུར་འཛིན་དགོས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ས་ཁུལ་འདི་གའི་མི་དམངས་རྣམས་དུས་བདེ་ཞོད་འཇགས་ཀྱི་གནས་སུ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱེད་དགོས། །

མཉམ་ལས་ཞེས་པ་ནི་གླེང་མོལ་དང་མཉམ་ལས་བྱེད་པ་བརྒྱུད། རྒྱལ་ཁབ་ཁག་དང་ས་ཁུལ་འདི་གའི་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས་པ་དེ་རེད། གཏམ་དཔེར་“སྟོབས་ཤུགས་མཐུན་སྒྲིལ་གྱི་སྟེང་ན་ཡོད་པ་ལས། དཔུང་པའི་སྟེང་ན་མེད་”ཟེར་བ་ལྟར། ཁ་ཞེ་གཉིས་མེད་ཀྱིས་གླེང་མོལ་དང་འབྲེལ་གཏུག་བྱས་པ་བརྒྱུད། ཕན་ཚུན་འཐབ་ཇུས་ངོས་ཀྱི་ཡིད་རྟོན་སྐྱེད་ཅིང་དོགས་པ་སེལ་བ། མཐུན་པ་ཡོང་ཐུབ་དང་མི་མཐུན་པ་སེལ་ཐུབ་བྱས་ཏེ་འགྲོགས་བདེ་གཤིབ་བདེ་བྱེད་དགོས། རྒྱལ་ཁབ་ཁག་གི་ཐུན་མོང་གི་བདེ་འཇགས་ཁེ་ཕན་ལ་གཞིགས་ནས་ཚོར་སྐྱེན་གྱི་ཚད་དམའ་བའི་ཁྱབ་ཁོངས་ནས་འགོ་བཙུགས་ཏེ་བདེ་འཇགས་འགྲན་སློང་ལ་མཉམ་ལས་སྒོས་ཁ་གཏད་འཇལ་བའི་འདུ་ཤེས་སྐྱེད་བསྲིང་ཧུར་ཐག་བྱེད་དགོས་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་ཆེར་སྐྱེད་དང་མཉམ་ལས་བྱེད་སྟངས་གསར་གཏོད་རྒྱུན་ཆད་མེད་པར་བྱས་ཏེ། མཉམ་ལས་ལ་བརྟེན་ནས་ཞི་བདེ་ཡོང་ཐབས་དང་མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་སྤེལ་གཏོང་དགོས། ཞི་བའི་ཐབས་ཀྱིས་རྩོད་གཞི་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ལས། འཕྲལ་དུ་དྲག་ཤུགས་སྤྱོད་པའམ་དྲག་ཤུགས་ཀྱིས་འཇིགས་སྣང་སྐུལ་བར་ངོ་རྒོལ་བྱེད་དགོས་པ་དང་། རང་གཅིག་པུའི་ཁེ་ཕན་གྱི་དོན་དུ་དོན་རྐྱེན་སློང་བ་དང་འགལ་བ་ཛ་དྲག་ཆེ་རུ་གཏོང་བར་ངོ་རྒོལ་བྱེད་དགོས་ལ། གཞན་གནོད་རང་ཕན་དང་ཁྱིམ་མཚེས་བར་གཅོད་བྱེད་པར་ངོ་རྒོལ་བྱེད་དགོས། །

ཨེ་ཤ་ཡའི་བྱ་བ་ནི་མཐར་གཏུགས་ན་ཨེ་ཤ་ཡའི་མི་དམངས་ཀྱིས་སྒྲུབ་དགོས་པ་དང་། ཨེ་ཤ་ཡའི་གནད་དོན་ནི་མཐར་གཏུགས་ན་ཨེ་ཤ་ཡའི་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་ལ། ཨེ་ཤ་ཡའི་བདེ་འཇགས་ནི་མཐར་གཏུགས་ན་ཨེ་ཤ་ཡའི་མི་དམངས་ཀྱིས་སྲུང་སྐྱོང་བྱེད་དགོས། ཨེ་ཤ་ཡའི་མི་དམངས་ལ་མཉམ་ལས་ལ་ཤུགས་བརྒྱབ་པ་བརྒྱུད་ཨེ་ཤ་ཡའི་ཞི་བདེ་དང་བརྟན་བརླིང་མངོན་འགྱུར་བྱེད་པའི་འཇོན་ཐང་དང་བློ་གྲོས་ཡོད། །

ཨེ་ཤ་ཡ་ནི་སྒོ་མོ་ཕྱེ་བའི་ཨེ་ཤ་ཡ་ཞིག་རེད། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་རང་ཁོངས་ཀྱི་མཉམ་ལས་ལ་ཤུགས་རྒྱག་པ་དང་ལྷན་དུ་བློ་རྩ་བརྟན་པོས་ས་ཁུལ་གཞན་པའི་རྒྱལ་ཁབ་དང་། ས་ཁུལ་གཞན་དག རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་མཉམ་ལས་བྱེད་པར་འབད་བརྩོན་བྱེད་དགོས་པ་དང་། ཕྱོགས་སོ་སོས་ཨེ་ཤ་ཡའི་བདེ་འཇགས་དང་མཉམ་ལས་ལ་བཟང་ཆ་དང་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། གཉིས་ཁེ་དང་། མང་ཁེ། མཉམ་ཁེ་བཅས་མངོན་འགྱུར་ཧུར་ཐག་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། །

རྒྱུན་མཐུད་ཅེས་པ་ནི་གོང་འཕེལ་དང་བདེ་འཇགས་གཉིས་གལ་ཆེ་མཉམ་དུ་བཟུང་ནས་ཡུན་རིང་བདེ་འཇགས་ཡོང་བར་བྱེད་དགོས་པ་དེ་རེད། “ཤིང་སྡོང་རིང་པོར་སྐྱེ་འདོད་ན། །ངེས་པར་རྩ་བ་བརྟན་པར་བྱ། །ཆུ་མོ་རྒྱང་དུ་འབབ་འདོད་ན། །ངེས་པར་ཆུ་མགོ་གཤང་བར་བྱ”ཞེས་ཟེར་བ་ལྟར། གོང་འཕེལ་ནི་བདེ་འཇགས་ཀྱི་རྨང་གཞི་ཡིན་པ་དང་། བདེ་འཇགས་ནི་གོང་འཕེལ་གྱི་མཐུན་རྐྱེན་ཡིན། ས་ངན་གྱི་ཐང་དུ་ཞི་བདེའི་ལྗོན་པ་སྐྱེ་མི་ཐུབ་ལ། འཁྲུག་ཟིང་གི་མེ་དབལ་ནང་དུ་གོང་འཕེལ་གྱི་འབྲས་བུ་སྐྱེ་མི་ཐུབ། ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བའི་ངོས་ནས་བཤད་ན། གོང་འཕེལ་ནི་བདེ་འཇགས་ཆེ་ཤོས་ཡིན་ལ། ས་ཁུལ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི“ལྡེ་མིག་”ཀྱང་རེད། །

ཆར་རླུང་གི་ཉམས་སད་ཐེག་ཐུབ་པའི་ཨེ་ཤ་ཡའི་བདེ་འཇགས་ཀྱི་གཞལ་ཡས་ཁང་སྐྲུན་དགོས་ན། གོང་འཕེལ་གྱི་བརྗོད་གཞིར་དམིགས་ནས། དམངས་འཚོ་ལེགས་བཅོས་ཧུར་ཐག་དང་། དབུལ་ཕྱུག་གི་ཧེ་བག་ཆུང་དུ་གཏོང་བའི་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཐུན་མོང་ཐོག་གོང་འཕེལ་དང་ས་ཁོངས་གཞི་གཅིག་ཅན་དུ་སྒྱུར་རིམ་ལ་སྐུལ་འདེད་བཏང་ནས། ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་དང་བདེ་འཇགས་ཀྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་སྐུལ་རེས་དང་གོམ་པ་མཉམ་སྤོ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས་པ་དང་། རྒྱུན་མཐུད་གོང་འཕེལ་གྱིས་རྒྱུན་མཐུད་བདེ་འཇགས་སྐུལ་འདེད་གཏོང་དགོས། །

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ནི་ཨེ་ཤ་ཡའི་ཁྱབ་རྒྱ་ཆེ་ཤོས་དང་། ཁོངས་ཞུགས་རྒྱལ་ཁབ་མང་ཤོས། འཐུས་ཚབ་རང་བཞིན་ཆེ་ཤོས་བཅས་ཀྱི་ས་ཁུལ་བདེ་འཇགས་གླེང་སྟེགས་ཤིག་རེད། ལོ་20ལྷག་གི་རིང་ལ། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱིས་ཕན་ཚུན་ཡིད་རྟོན་རོགས་རེས་ཟབ་སྤེལ་དང་། ཨེ་ཤ་ཡའི་བདེ་འཇགས་དང་བརྟན་བརླིང་ལ་སྐུལ་འདེད་གཏང་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་རྩི་བ། གྲོས་མོལ་གཅིག་མཐུན་ཡོང་བའི་རྩ་དོན་འཛིན་པ་བཅས་བྱས་ཏེ་རྒྱུས་ལོན་ཟབ་སྤེལ་དང་། ངོས་འཛིན་གཅིག་སྒྲིལ། མཉམ་ལས་ཟབ་སྤེལ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། །

མིག་སྔར། ཨེ་ཤ་ཡའི་མི་དམངས་ཀྱིས་ཞི་བདེ་བརྟན་བརླིང་ལ་འཆང་བའི་རེ་ལྟོས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ལག་གདང་སྦྲེལ་ནས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་དགོས་འདོད་ཇེ་ཆེར་འགྲོ་བཞིན་ཡོད།

ཀྲུང་གོའི་ཕྱོགས་ཀྱིས་གྲོས་འགོ་འདོན་རྒྱུར། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་འདི་ཉིད་ཨེ་ཤ་ཡ་ཡོངས་ལ་ཁྱབ་པའི་བདེ་འཇགས་ཀྱི་གླེང་མོལ་དང་མཉམ་ལས་ཀྱི་ལས་སྟེགས་ཤིག་ཆགས་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། རྨང་གཞི་དེའི་ཐོག་ས་ཁུལ་གྱི་བདེ་འཇགས་མཉམ་ལས་བྱེད་པའི་སྒྲོམ་གཞི་གསར་པ་འཛུགས་རྒྱུའི་སྐོར་གྲོས་ཞིབ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱི་བསམ་ཚུལ་ལྟར་ན། གནས་བབ་གོང་འཕེལ་འགྲོ་བའི་དགོས་མཁོར་གཞིགས་ནས་ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་དང་ཐ་ན་དབུ་ཚོགས་ཀྱི་ཚོགས་ཐེངས་མང་དུ་འོས་འཚམ་བཏང་སྟེ། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ལ་ཆབ་སྲིད་ཀྱི་ཁ་ཕྱོགས་འཁྲིད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་གོང་འཕེལ་འཆར་གཞི་ཡག་པོར་འགོད་དགོས། །

ཀྲུང་གོའི་ཕྱོགས་ཀྱིས་གྲོས་འགོ་འདོན་རྒྱུར། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ནུས་པ་དང་ལམ་སྲོལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་དྲུང་ཡིག་ཁང་གི་འགན་ནུས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་སྒྲོམ་གཞིའི་ནང་དུ་ཁོངས་ཞུགས་རྒྱལ་ཁབ་ཁག་བར་འགོག་སྲུང་ལས་དོན་གྲོས་མོལ་བྱེད་པའི་ལམ་སྲོལ་དང་དེ་བཞིན་ཁྱབ་ཁོངས་ཁག་བར་ཡིད་རྟོན་ཡོང་ཐབས་དོན་འཁྱོལ་དང་ལྟ་སྐུལ་བྱེད་པའི་བྱ་སྤྱོད་ལས་དོན་ཚོ་ཆུང་འཛུགས་དགོས་ལ། འཇིགས་སྐུལ་ལ་ངོ་རྒོལ་དང་། དཔལ་འབྱོར་ཉོ་ཚོང་། ཡུལ་སྐོར། ཁོར་ཡུག་སྲུང་སྐྱོང་། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་སྤེལ་བྱེད་དགོས།

ཀྲུང་གོའི་ཕྱོགས་ཀྱིས་གྲོས་འགོ་འདོན་རྒྱུར། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་སྲིད་གཞུང་མ་ཡིན་པའི་གླེང་སྟེགས་གཉེར་བ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཕྱོགས་སོ་སོའི་དམངས་ཁྲོད་ཀྱི་སྤེལ་རེས་དྲ་བ་བཙུགས་ནས། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་བདེ་འཇགས་ལྟ་བ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཤུགས་རྐྱེན་ཆེར་སྐྱེད། ས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་དུ་སྤྱི་ཚོགས་ཀྱི་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་དགོས།

ཀྲུང་གོའི་ཕྱོགས་ཀྱིས་གྲོས་འགོ་འདོན་རྒྱུར། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཁོང་ཡངས་རང་བཞིན་དང་སྒོ་འབྱེད་རང་བཞིན་ཇེ་ཆེར་གཏོང་དགོས་ན། ས་ཁུལ་འདི་གའི་ཁོངས་ཀྱི་མཉམ་ལས་རྩ་འཛུགས་གཞན་དག་ལ་མཐུན་སྦྱོར་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་། ས་ཁུལ་གཞན་དག་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ལ་གླེང་མོལ་དང་སྤེལ་རེས་བྱ་རྒྱུར་ཡང་ཤུགས་སྣོན་རྒྱག་པའི་ཐོག་ནས། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་ལ་ལེགས་སྐྱེས་འབུལ་དགོས། །

ཀྲུང་གོས་ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་ཏེ་ཕྱོགས་སོ་སོ་དང་མཉམ་དུ་ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་གོ་གནས་དང་ནུས་པ་མུ་མཐུད་དུ་ཆེ་རུ་བསྐྱེད་རྒྱུ་དང་། ལག་གདང་སྦྲེལ་ནས་ཨེ་ཤ་ཡའི་བདེ་འཇགས་མཉམ་ལས་ལ་རྣམ་པ་གསར་པ་གཏོད་རྒྱུ་ཡིན། །

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་ཐོག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་འགྱུར་མེད་ཅིག་ཡིན། ཀྲུང་གོས་རྒྱ་གར་དང་འབར་མ་དང་མཉམ་དུ་བཏོན་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བར་སློབ་སྟོན་བྱེད་པའི་གཞི་རྩའི་རྩ་དོན་ཞིག་ཆགས་བཞིན་ཡོད། ཀྲུང་གོས་ཐོག་མ་ཉིད་ནས་ཞི་བའི་ཐབས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་བར་གནས་པའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་གི་རྩོད་གཞི་ཐག་གཅོད་བྱེད་བཞིན་ཡོད་པས། མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད། ཁྱིམ་མཚེས་རྒྱལ་ཁབ་14ལས་རྒྱལ་ཁབ་12དང་སྐམ་སའི་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་དབྱིས་ཕྱིན་པ་བྱས་ཟིན། ཀྲུང་གོས་ས་ཁུལ་བདེ་འཇགས་ཀྱི་མཉམ་ལས་ལ་ཧུར་ཐག་ཞུགས་ནས། འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། ཡིད་རྟོན་དང་། གཉིས་ཕན། འདྲ་མཉམ། རོགས་འདེགས་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་དར་སྤེལ་བཏང་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་དང་། ལྷོ་ཕྱོགས་མནའ་མཐུན། ཨ་རབ་མནའ་མཐུན་སོགས་ཀྱིས་ས་ཁུལ་གྱི་ལས་དོན་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་དུ་ཨེ་ཞི་ས་ཁུལ་གྱི་བདེ་འཇགས་དང་མཉམ་ལས་ཀྱི་གྲོས་འགོ་བཏོན་ནས། ཨེ་ཞི་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲ་བརྟན་དང་སྲུང་སྐྱོང་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོས་ཕྱོགས་དྲུག་གྲོས་མོལ་སྐུལ་འདེད་དང་། ཨ་ཧྥུ་ཀ་ནི་སི་ཐན་ཞི་བས་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གླེང་མོལ་དང་གྲོས་མོལ་བརྒྱུད་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཚ་བའི་གནད་དོན་ཐག་གཅོད་ཡོང་ཕྱིར་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད། ཀྲུང་གོས་འདི་ག་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་ལས་བྱས་ཏེ་ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་བཅག་ནས། འདི་ག་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད། །

ཀྲུང་གོ་ཉིད་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ལ་བསྐྱོད་རྒྱུ་ཡིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་གཉིས་ཕན་མཉམ་ཁེ་ཡོང་བའི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་སྤེལ་རྒྱུ་ཡིན། ཀྲུང་གོའི་ཞི་བའི་གོང་འཕེལ་ནི་ཨེ་ཤ་ཡ་ནས་འགོ་བཙུགས་པ་དང་། ཨེ་ཤ་ཡར་རྒྱབ་རྟེན་བཅོལ་བ། ཨེ་ཤ་ཡར་བདེ་སྐྱིད་བསྐྲུན་རྒྱུ་ཡིན། །

“སྤུན་གྱིས་སྤུན་མཆེད་ཡག་རེ་བྱེད། །གྲོང་པས་གྲོང་པ་ཡག་རེ་བྱེད། །”ཟེར་བ་ལྟར། ཀྲུང་གོས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འགྲོགས་བདེ་གཤིབ་བདེ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁྱིམ་མཚེས་ལ་འཆམ་མཐུན་དང་། ཁྱིམ་མཚེས་ལ་བདེ་བ། ཁྱིམ་མཚེས་ལ་འབྱོར་བ་རྒྱས་པ་བཅས་བྱ་རྒྱུ་རྒྱུན་འཁྱོངས། ཉེ་བ་དང་། དྲང་བ། ཕན་པ། ཁོང་ཡངས་བཅས་ཀྱི་འདུ་ཤེས་ཉམས་ལེན་བཅས་བྱས་ཏེ། རང་ཉིད་ཀྱི་གོང་འཕེལ་ཉིད་སྔར་ལས་ལྷག་པར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཕན་པའི་གསོས་སུ་སྨིན་པར་བརྩོན་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་རྩ་འཇོག་པའི་དངུལ་ཁང་སྔ་ཙམ་འཛུགས་འགོ་རྩོམ་རྒྱུ། ས་ཁོངས་མཉམ་ལས་ཀྱི་བརྒྱུད་རིམ་ལ་སྔར་བས་ཟབ་འཇུག་བཅས་བྱས་ཏེ། ཨེ་ཤ་ཡའི་གོང་འཕེལ་དང་བདེ་འཇགས་གཉིས་འཕྱར་པ་གྲུ་འདེགས་དང་ཆར་པ་ཆུ་གྲོགས་སུ་འགྱུར་བར་སྐུལ་འདེད་གཏང་རྒྱུ་ཡིན། །

“རི་བོ་སྤུངས་བས་མཐོ། །ཆུ་མོ་འདུས་པས་རིང་། །”ཟེར་བ་ལྟར། ཀྲུང་གོ་ནི་ཨེ་ཤ་ཡའི་བདེ་འཇགས་ལྟ་བའི་སེམས་རྩ་འཁོལ་བའི་གྲོས་འགོ་འདོན་མཁན་ཡིན་ལ། བློ་རྩ་བརྟན་པའི་ལག་བསྟར་བྱེད་མཁན་ཡང་ཡིན། ཀྲུང་གོས་ནན་ནན་བཅག་བཅག་གིས་ཕྱོགས་སོ་སོ་དང་བདེ་འཇགས་ཀྱི་གླེང་མོལ་དང་མཉམ་ལས་བྱེད་ཤུགས་ཆེར་སྐྱེད་དང་། ཐུན་མོང་ཐོག་ས་ཁུལ་བདེ་འཇགས་ཀྱི་བྱ་སྤྱོད་ཚད་གཞི་དང་ཨེ་ཤ་ཡའི་བདེ་འཇགས་རོགས་ཟླའི་འཆར་གཞི་ཞིབ་མོལ་གཏན་འབེབས་བྱས་ཏེ། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཕན་ཚུན་ཡིད་རྟོན་དང་། འདྲ་མཉམ་མཉམ་ལས་བྱེད་པའི་རོགས་ཟླ་ཡག་པོ་ཆགས་པར་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ལ་འདི་ག་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་རྒྱུན་གཏན་གྱི་སྤེལ་རེས་དང་མཉམ་ལས་ལམ་སྲོལ་བཙུགས་ཏེ་མཉམ་དུ་ “སྟོབས་ཤུགས་ཁག་གསུམ་” ལ་རྡུང་རྡེག་གཏོང་བ་དང་། ཨེ་ཤ་ཡའི་ཁྲིམས་བསྟར་བདེ་འཇགས་མཉམ་ལས་གླེང་སྟེགས་དང་། ཨེ་ཤ་ཡའི་བདེ་འཇགས་ཀྱི་འཕྲལ་བསྟུན་ལྟེ་གནས་སོགས་འཛུགས་རྒྱུའི་གྲོས་ཞིབ། ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། འདི་ག་ས་ཁུལ་གྱི་རྒྱལ་ཁབ་ཁག་མཐུན་སྦྱོར་གྱིས་ཐོལ་བྱུང་གི་བདེ་འཇགས་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་སྔར་ལས་ལྷག་པ་འཇལ་རྒྱུའི་མོས་འདུན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཤ་ཡའི་ཤེས་དཔལ་བགྲོ་གླེང་ཚོགས་ཆེན་སྐོང་བ་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཤེས་དཔལ་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ་ཕན་ཚུན་སྤེལ་རེས་དང་། ལྟ་རེས། དགེ་སྐྱོན་གསབ་རེས། ཐུན་མོང་ཐོག་ཡར་རྒྱས་བཅས་ཡོང་བར་སྐུལ་སྤེལ་གཏོང་བའི་གྲོས་འགོ་འདོན་རྒྱུ་ཡིན། །

མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ་ཚོ།

ཀྲུང་གོའི་མི་དམངས་ཀྱིས་ཧུར་བརྩོན་ཆེན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད། དེ་དང་ཕྱོགས་མཚུངས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སོ་སོའི་ཕུགས་འདུན་བཟང་པོ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་དང་། ཕྱོགས་སོ་སོ་དང་མཉམ་དུ་ཡུན་རིང་ཞི་བདེ་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བའི་ཨེ་ཤ་ཡའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ། མིའི་རིགས་ཞི་བདེ་དང་གོང་འཕེལ་ཡོང་བའི་བླ་མེད་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད། །

ལྷན་རྒྱས་ཐུགས་རྗེ་ཆེ།