ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་རེ་དགུ་པ།༽ གྲོན་ཆུང་བསྲི་ཚགས་ལྷུར་ལེན་དང་། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས།

ཁུངས། ཀློག་གྲངས།

༄༅། །གྲོན་ཆུང་བསྲི་ཚགས་ལྷུར་ལེན་དང་། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས།*

(2013ལོའི་ཟླ1ཚེས17ཉིན་དང་། ཟླ2ཚེས22ཉིན།)

གཅིག

 རྩོམ་ཡིག་ལས་བརྗོད་པའི་གནས་ཚུལ་ལ་བལྟས་ན། བཟའ་བཏུང་གི་ཐད་ཆུད་ཟོས་གཏོང་བའི་སྣང་ཚུལ་དངོས་འབྲེལ་ཧང་སང་དགོས་པ་ཞིག་རེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཟའ་བཏུང་གི་ཆུད་ཟོས་སོགས་ཆུད་ཟོས་གཏོང་རིགས་སྣ་ཚོགས་དང་། ལྷག་པར་དུ་གཞུང་དངུལ་སྤྱད་དེ་ཆུད་ཟོས་གཏོང་བའི་བྱ་སྤྱོད་ལ་བསམ་འཆར་ཧ་ཅང་ཆེན་པོ་འདོན་གྱི་ཡོད། རང་རྒྱལ་ལ་ད་དུང་གྲོང་གསེབ་ཀྱི་དབུལ་སྐྱོར་བྱ་ཡུལ་མི་གྲངས་དུང་ཕྱུར1ལྷག་དང་། གྲོང་ཁྱེར་གྱི་མ་མཐའ་འགན་སྲུང་བྱ་ཡུལ་མི་གྲངས་བྱེ་བ་དུ་མ་དང་དེ་མིན་དཀའ་ངལ་ཅན་གྱི་མང་ཚོགས་གཞན་དག་འབོར་ཆེན་ཡོད་པ་བསམ་ན་ཆུད་ཟོས་ཀྱི་སྣང་ཚུལ་སྣ་ཚོགས་ཚབས་ཆེ་བ་ནི་བློ་ཕམ་དགོས་པ་ཞིག་རེད། ཆུད་ཟོས་ཀྱི་སྲོལ་ངན་དེ་ངེས་པར་དུ་བཀག་འགོག་ནན་པོ་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་བྱེད་པའི་ཡུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་དང་། གྲོན་ཆུང་བྱས་ན་གཟི་བརྗིད་དང་འཕྲོ་བརླག་བཏང་ན་ངོ་ཚ་ཡིན་པའི་བསམ་བློའི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཆགས་སུ་འཇུག་དགོས། རིམ་པ་ཁག་གི་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་དང་བྱ་གཞག་སྡེ་ཚན། མི་དམངས་ཚོགས་པ་ཁག་དང་གཞུང་ཁོངས་ཁེ་ལས་ཁག རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཚང་མས་དཔེ་སྟོན་བྱས་ཏེ། གཞུང་དོན་སྣེ་ལེན་གྱི་ལམ་ལུགས་ལག་བསྟར་ནན་ཏན་དང་། གྲོན་ཆུང་བྱེད་ཐབས་ཁག་ཚང་མ་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། གཞུང་དངུལ་སྤྱད་དེ་ཆུད་ཟོས་གཏོང་བའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། དམིགས་སའི་རང་བཞིན་དང་། སྤྱད་འཐུས་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་པའི་བྱེད་ཐབས་སྤྱོད་པ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོན་ཆུང་ལ་བསྔགས་སྐུལ་དང་ཆུད་ཟོས་བཅོས་སྐྱོང་བྱེད་དགོས། །

(2013ལོའི་ཟླ1ཚེས17ཉིན་ཞིན་ཧྭ་གསར་འགྱུར་ཁང་གི《བཟའ་བཏུང་ཐད་ཀྱི“ལྕེ་ཐོག་གི་ཆུད་ཟོས”བཀག་འགོག་བྱེད་པའི་དྲ་དམངས་ཀྱི་རེ་འབོད་》ཅེས་པར་བཀོད་པའི་མཆན་བཀོད་མཛུབ་སྟོན།)

གཉིས།

  ཀྲུང་དབྱང་གིས་གྲོན་ཆུང་བསྲི་ཚགས་ལྷུར་ལེན་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་བླང་བྱ་བཏོན་པར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྙིང་ཐག་པ་ནས་གོང་བཀུར་ཐོབ་ཡོད། རྗེས་མཐུད་ལས་ཀ་འཐུས་མི་ཤོར་བར་བསྒྲུབས་ཏེ། བཟོ་ལྟ་སྟོན་པ་ཙམ་དང་རླུང་འཚུབ་ལངས་པ་ཙམ་གཏན་ནས་བྱེད་མི་རུང་བར་མཐར་ཕྱིན་པ་དང་མགོ་མཇུག་ཡོད་པ་ཞིག་བྱེད་དགོས་པ་ལས། བཟུང་ཡང་དམ་པོ་མེད་པ་དང་། བཟུང་ཡང་དོན་འབྲས་མེད་པ། བཟུང་ཡང་རྒྱུན་མི་འཁྱོངས་བ་བཅས་བྱས་ན་མ་བཟུང་བ་དང་གཅིག་པ་རེད། དུས་སྐབས་ཤིག་གི་ཚུན་དུ། སྤྱི་ཚོགས་ཀྱི་ཕྱོགས་གང་ཅི་ནས་གནད་དོན་འདིར་ཐབས་འདོན་ཇུས་འབུལ་མང་པོ་བྱས་ཡོད་པས། བསམ་འཆར་མང་པོ་ཞིག་ལ་མཐོང་ཆེན་བྱེད་རིན་འདུག བསམ་འཆར་ལུགས་མཐུན་རིགས་དག་སྒྲིག་བསྡུ་ལེན་དང་། ང་ཚོ་རང་ཉིད་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས། རྒྱལ་ཁབ་ཕྱི་ནང་གི་དགེ་མཚན་ཅན་གྱི་བྱེད་སྟངས་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། གོ་རིམ་རྗེས་མའི་གནད་འགག་ནི་ལམ་ལུགས་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་གཞུང་དོན་སྣེ་ལེན་དང་། ནོར་དོན་སྔོན་རྩིས་དང་རྩིས་བཤེར། དཔྱད་ཞིབ་འགན་འདེད། ལྟ་སྐུལ་འགན་སྲུང་སོགས་ཀྱི་ལམ་ལུགས་འཐུས་ཚང་གཏང་རྒྱུ་འཛིན་ས་བྱེད་པ་དང་། སྣེ་དང་ཕྱོགས་ཐམས་ཅད་ལ་ཁྱབ་པའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་བར་འཛུགས་གང་ཐུབ་བྱས་ནས། ལམ་ལུགས་ཀྱི་སྡོམ་འཆིང་བཙན་པོ་དང་། ལམ་ལུགས་ལག་བསྟར་ནན་པོ། ལྟ་སྐུལ་ཞིབ་བཤེར་ཤུགས་ཆེན། ཆད་པ་དང་བསླབ་འདོམས་ཀྱི་ལམ་སྲོལ་ནན་པོ་བཅས་ལ་བརྟེན་ནས་གཞུང་དངུལ་འཛད་སྤྱོད་བྱེད་རིམ་ཁྲོད་ཀྱི་སྒྲིག་འགལ་སྲོལ་འགལ་ཁྲིམས་འགལ་གྱི་སྣང་ཚུལ་སྣ་ཚོགས་བཀག་འགོག་ཏན་ཏིག་བྱེད་དགོས། །

(2013ལོའི་ཟླ2ཚེས22ཉིན་མི་དམངས་ཉིན་རེའི་ཚགས་པར་གྱི《གཞུང་དངུལ་སྤྱད་དེ་རྒྱས་བཟའ་རྒྱས་འཐུང་བྱེད་རིགས་བཀག་འགོག་བྱེད་པའི་སྐོར་གྱི་མཁས་པའི་དབྱེ་ཞིབ་དང་བསམ་འཆར》སོགས་ཀྱི་ཡིག་རིགས་ལ་བཀོད་པའི་མཆན་བཀོད་མཛུབ་སྟོན།)