
༄༅། །དབང་ཆ་ཉིད་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་དགོས།
(2013ལོའི་ཟླ་1ཚེས་22ཉིན།)
ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བཀོད་སྒྲིག་ལྟར། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ” གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་། ཆད་གཅོད་དང་སྔོན་འགོག་མཉམ་འཛིན། སྔོན་འགོག་ལ་མཐོང་ཆེན་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས། སྔར་ལས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པར་རུལ་སུངས་སྔོན་འགོག་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་གཏིང་ཟབ་སར་སྤེལ་དགོས། །
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་དང་“ལོ་བརྒྱ་གཉིས” ཀྱི་དམིགས་འབེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་བཅས་མངོན་འགྱུར་བྱེད་ན། ངེས་པར་དུ་ང་ཚོའི་ཏང་འཛུགས་སྐྲུན་ཡག་པོ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་ཏང་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན། སྤྱོད་གཙང་ངང་སྲིད་དབང་བསྐྱངས་ན་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་། དབང་ཆ་དྲང་གཞག་ངང་སྤྱད་ན་མི་སེམས་འགུགས་ཐུབ། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་30འདས་ཚུན་ལ། བློ་མཐུན་ཏེང་ཞའོ་ཕིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གཉིས་པ་དང་། བློ་མཐུན་ཅང་ཙེ་རྨིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གསུམ་པ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་བཅས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཡོད་པ་སྟེ། ལྟ་བ་གསལ་པོ་ཡིན་པ་དང་། བྱེད་ཐབས་ནུས་ལྡན་ཡིན་པ། གྲུབ་འབྲས་མངོན་གསལ་ཆེ་བ་བཅས་ལ་བརྟེན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་དང་དར་སྤེལ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། ང་ཚོའི་ཏང་གིས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པར་ཁག་ཐེག་ཤུགས་ཆེན་འདོན་སྤྲོད་བྱས་ཡོད། །
ང་ཚོའི་ཏང་ཡོན་དང་ལས་བྱེད་པའི་དཔུང་སྡེའི་འཕེལ་ཕྱོགས་གཙོ་བོ་ནི་ཐོག་མཐའ་ཀུན་ཏུ་ཡག་པོ་ཡོད། དུས་མཚུངས་ང་ཚོས་གསལ་པོར་མཐོང་དགོས་པ་ནི། མིག་སྔར་ཁྱབ་ཁོངས་ཁག་ཅིག་ཏུ་སྒྱིད་ལུག་དང་རུལ་སུངས་ཀྱི་སྣང་ཚུལ་སྔར་བཞིན་འབྱུང་སླ་བ་དང་འབྱུང་མང་བ། ཁྲིམས་འགལ་ལུགས་དཀྲུག་གི་གྱོད་གཞི་ཚབས་ཆེན་ཁག་ཅིག་གིས་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད་པ། རུལ་རྒོལ་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ། མི་དམངས་མང་ཚོགས་ཀྱི་བློར་མི་འབབ་ས་ད་རུང་མང་པོ་ཡོད་པ་བཅས་རེད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ནི་ཡུན་རིང་ཞིང་རྙོག་འཛིང་ཆེ་ལ་དཀའ་ཚེགས་ཡོད་པའི་ལས་འགན་ཞིག་ཡིན། རུལ་རྒོལ་གཙང་སྤེལ་ནི་ངེས་པར་དུ་རྒྱུན་གཏན་ལྷོད་མེད་ཀྱིས་འཛིན་དགོས་པ་དང་། རུལ་ཟློག་འགྱུར་འགོག་ནི་ཉེན་བརྡ་དུས་ཡུན་རིང་པོར་སྒྲོག་དགོས། གནད་འགག་ནི “རྒྱུན་གཏན” དང་ “ཡུན་རིང” ཞེས་པ་གཉིས་ཀྱི་སྟེང་ཡོད་དེ། སྔ་མ་ནི་དུས་རྒྱུན་དུ་འཛིན་རྒྱུ་དང་། ཕྱི་མ་ནི་དུས་ཡུན་རིང་པོར་འཛིན་རྒྱུ་དེ་རེད། ང་ཚོས་སེམས་ཐག་བརྟན་པོ་བཅད་དེ། རུལ་སུངས་བྱུང་ན་རྒོལ་ངེས་པ་དང་། ལྐོག་ཟ་བྱུང་ན་སེལ་ངེས་པ་བྱས་ནས། རུལ་སུངས་ཀྱི་སྣང་ཚུལ་རྒྱུན་འབྱམས་སུ་སྐྱེ་འཕེལ་ཡོང་བའི་ས་རྒྱུ་གཙང་སློག་བྱེད་དགོས་པ་དང་། དོན་འབྲས་ངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། །
ང་ཚོའི་ཏང་ནི་གསར་བརྗེའི་ཕུགས་བསམ་དང་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་སྒྲིག་འཛུགས་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པས། སྒྲིག་ཁྲིམས་དམ་པོ་ལྡན་པ་ནི་ཏང་གི་གཟི་བརྗིད་ཆེ་བའི་སྲོལ་རྒྱུན་དང་ཐུན་མོང་མིན་པའི་དགེ་མཚན་ཡིན། ཏང་གི་མདུན་དུ་ལྷགས་པའི་གནས་བབ་ཇི་ལྟར་ཛ་དྲག་ཆེ་བ་དང་། ཕྲག་ཏུ་འཁུར་བའི་ལས་འགན་ཇེ་ལྟར་དཀའ་ཚེགས་ཆེ་ན། སྒྲིག་ཁྲིམས་འཛུགས་རྒྱུ་དེ་ལྟར་ཤུགས་སྣོན་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་དེ་ལྟར་སྲུང་སྐྱོབ་བྱས་ཏེ། ཏང་ཡོངས་ཀྱི་བློ་སྟོབས་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་དུ་སྐྱོད་རྒྱུ་འགན་ལེན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དམ་པོ་བཟོ་བར་དོ་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་པོ་བཟོ་རྒྱུ་དེ་ཡིན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་པོ་བཟོ་བར་ཏང་གི་སྒྲིག་ཡིག་བརྩི་སྲུང་དང་སྲུང་སྐྱོང་བྱེད་པ་ནས་འགོ་རྩོམ་དགོས།
ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པར་ཆེས་སྙིང་པོར་གྱུར་པ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་རྩ་བའི་རིགས་པའི་གཞུང་ལུགས་དང་། རྩ་བའི་ལམ་ཕྱོགས། རྩ་བའི་རྩ་འཛིན། རྩ་བའི་ཉམས་མྱོང་། རྩ་བའི་བླང་བྱ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་། ཀྲུང་དབྱང་གི་དབང་གྲགས་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་དགོས་པ་དེ་ཡིན། སློབ་སྟོན་བསམ་བློ་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་དང་དེ་བཞིན་སྤྱི་ཁོག་གི་གནས་བབ་ལ་འབྲེལ་བའི་རྩ་དོན་གྱི་གནད་དོན་གལ་ཆེན་ཐོག ཏང་ཡོངས་ངེས་པར་དུ་བསམ་བློ་དང་ཆབ་སྲིད་སྟེང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་ཚོས་སྤྱི་ཁོག་གི་ལྟ་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོར་བསྐྱེད་དེ། ཀྲུང་དབྱང་གི་བཀའ་བཀོད་ཐོགས་མེད་ཕར་བགྲོད་ཡོང་རྒྱུ་ཁག་ཐེག་བྱེད་པ་དང་དོན་དངོས་ལ་གཞི་ཚུགས་ཏེ་གསར་གཏོད་རང་བཞིན་གྱིས་ལས་དོན་སྒྲུབ་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས་པ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལས་ཀའི་བཀོད་སྒྲིག་གང་ཡིན་ཚང་མའི་ཐད་ངེས་པར་དུ་ཀྲུང་དབྱང་གི་དགོངས་དོན་མཐའ་འཁྱོངས་བྱ་རྒྱུ་དེ་སྔོན་འགྲོ་བྱེད་དགོས། ས་གནས་སྲུང་སྐྱོབ་རིང་ལུགས་དང་སྡེ་ཁག་སྲུང་སྐྱོབ་རིང་ལུགས་དང་རང་གནས་རིང་ལུགས་སྔོན་འགོག་དང་ཁྱད་གསོད་བྱས་ཏེ། “གོང་ལ་སྲིད་ཇུས་ཡོད་ན། འོག་ལ་ཁ་གཏད་འཇལ་ཐབས་ཡོད་པ” གཏན་ནས་བྱས་མི་ཆོག་པ་དང་། བཀའ་ཡོད་ཀྱང་མི་སྒྲུབ་པ་དང་བཀག་སྡོམ་ཡོད་ཀྱང་མི་སྲུང་བ་གཏན་ནས་བྱས་མི་ཆོག་ལ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་འཕྲི་འཐེན་དང་། གདམ་གསེས། སྐབས་བསྟུན་བཅས་གཏན་ནས་བྱས་མི་ཆོག་པ་ཡིན། གུང་ཁྲན་ཏང་ཡོན་རེ་རེ་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཡིག་གི་འདུ་ཤེས་བརྟན་པོར་བསྐྱེད་དེ། རང་རྟོགས་ངང་ཏང་གི་སྒྲིག་ཡིག་སྤྱད་དེ་རང་ཉིད་ཀྱི་གཏམ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་དང་། གནས་ཚུལ་གང་ཡང་རུང་བའི་འོག་ཏུ་ཡང་ཆབ་སྲིད་ཀྱི་དད་མོས་མི་འགྱུར་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ། ཆབ་སྲིད་ཀྱི་ཁ་ཕྱོགས་མི་ཡོ་བ་བཅས་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་སྲུང་སྐྱོང་བྱེད་པའི་འགན་འཁྲི་རང་རྟོགས་ཀྱིས་འཁུར་དགོས་པ་དང་། ཏང་ཡོན་གྱིས་ཆབ་སྲིད་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་སློབ་གསོར་ཤུགས་སྣོན་རྒྱག་དགོས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་རིམ་པ་ཁག་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀ་ཨང་དང་པོར་དངོས་སུ་བཞག་སྟེ། ཆབ་སྲིད་སྒྲིག་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས།
ལས་ཀའི་སྤྱོད་ཚུལ་ཐོག་གི་གནད་དོན་ནི་དོན་དག་ཆུང་ཆུང་ཞིག་མ་ཡིན་ཏེ། གལ་སྲིད་ཚུལ་མིན་གྱི་སྤྱོད་པ་བློ་རྩ་བརྟན་པོས་ཡོ་བསྲང་མ་བྱས་པར་རྒྱ་ཡན་དུ་བཏང་ན། གཟུགས་མེད་ཀྱི་ལྕགས་རི་ཞིག་གིས་ང་ཚོའི་ཏང་དང་མི་དམངས་མང་ཚོགས་གཉིས་ལོགས་སུ་བཅད་འགྲོ་བས། ང་ཚོའི་ཏང་གི་གཞི་རྩ་དང་། ཁྲག་རྒྱུད། སྟོབས་ཤུགས་བཅས་ཤོར་འགྲོ་བ་རེད། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་གཏོང་བར་ལས་ཀ་ཁག་ཚང་མ་གལ་ཆེན་ཡིན་མོད་ཀྱང་། ཆེས་གཞི་རྩར་གྱུར་པ་ནི་དཀའ་སྤྱད་འབད་ཐབས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་གཏོང་དགོས་པ་དེ་ཡིན། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་གཏོང་བའི་ལས་འགན་ཤིན་ཏུ་ལྕི་ཞིང་། གཏན་འབེབས་བརྒྱད་ནི་འཇུག་སྒོ་དང་སྐུལ་སློང་གི་བཀའ་བརྡ་ཡིན། གཏན་འབེབས་བརྒྱད་ནི་ཚད་གཞི་མཐོ་ཤོས་མ་ཡིན་ལ། མཐའ་མཇུག་གི་དམིགས་ཡུལ་ནི་དེ་བས་ཀྱང་མ་ཡིན་པར། ང་ཚོའི་སྤྱོད་ཚུལ་ལེགས་བཅོས་གཏོང་བའི་གོམ་པ་དང་པོ་ཙམ་ཡིན་པ་དང་། ང་ཚོ་གུང་ཁྲན་ཏང་མི་རྣམས་ཀྱིས་སྒྲུབ་ཐུབ་འོས་པའི་རྩ་བའི་བླང་བྱ་ཡིན།“རྒྱལ་ཁམས་ཁྲིམས་ཀྱིས་སྐྱོང་མཁས་པས། །ཐོག་མར་རང་ཉིད་བསྡམ་བྱེད་ལ། །དེ་ནས་སྐྱེ་བོ་གཞན་དག་འདོམས། །” [1] ཞེས་ཟེར་བ་ལྟར། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་མིག་ལྟོས་ཡར་འགྲན་བྱས་ཏེ། ཁ་བཤད་དོན་གནས་དང་ཁས་བླངས་ལག་བསྟར་བྱེད་དགོས། བྱ་གཞག་ཐམས་ཅད་བསྲི་ཚགས་ཀྱིས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱས་གཤོམ་སུ་ཆེ་དང་ལག་གཤོགས་སུ་ཆེ་འགྲན་རེས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ལ་དགའ་བའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་དང་། གྲོན་ཆུང་བྱེད་ན་གཟི་བརྗིད་ཡིན་པ་དང་ཆུད་ཟོས་བྱེད་ན་ངོ་ཚ་ཡིན་པའི་བསམ་བློའི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། གྲོན་ཆུང་ལྟུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་དེ་སྤྱི་ཚོགས་ཡོངས་སུ་དར་ཁྱབ་ཧུར་ཐག་གཏོང་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་གཏོང་བའི་འབྲེལ་ཡོད་གཏན་འབེབས་ཁག་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ཏེ། ལས་ཀ་རེ་རེ་དང་ལྷུ་ཚིགས་རེ་རེའི་ཁྲོད་དུ་བླང་བྱ་དོན་འཁྱོལ་བྱེད་དགོས། སྤྱོད་ཚུལ་ལེགས་བཅོས་བྱུང་ཡོད་མེད་དེ་མི་དམངས་ཀྱི་བློར་འབབ་མིན་ཚད་གཞིར་འཛིན་དགོས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་དགོས་པ་དང་། མང་ཚོགས་ཀྱི་དཔྱད་ཞིབ་དང་སྤྱི་ཚོགས་ཀྱི་་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱེད་དགོས། མང་ཚོགས་ཀྱི་བློར་མི་འབབ་ས་གང་ཡོད་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་པུའུ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་བཅས་ཀྱིས་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། སྒྲིག་ཁྲིམས་ཡག་པོར་འཛིན་དགོས་པ་དང་། ཁག་འགན་རྩད་འདེད་ཡག་པོ་བྱེད་དགོས་ལ། འགག་སྒོ་ཡག་པོར་སྲུང་དགོས། རྡོ་ལ་རྐང་རྗེས་དང་ལྕགས་ལ་ལག་རྗེས་འཇོག་ཐུབ་པའི་ངར་ཤུགས་ཀྱིས་དམ་འཛིན་བྱས་ནས། མགོ་མཇུག་ཡོད་པ་དང་རྒྱུ་བཟང་འབྲས་བཟང་ཐོན་པ་ཞིག་བྱེད་དགོས་པ་ལས། མགོ་མཇུག་ཡ་མ་ཟུང་དུ་གྱུར་བའི་སྣང་ཚུལ་མི་ཡོང་བར་བྱེད་དགོས་པ་དང་། ཏང་ཡོངས་དང་མི་དམངས་ཡོངས་ལ་ལྟ་སྐུལ་བྱེད་དུ་འཇུག་དགོས་ཤིང་། མི་དམངས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དོན་འབྲས་དང་འགྱུར་ལྡོག་རྒྱུན་ཆད་མེད་པར་མཐོང་དུ་འཇུག་དགོས། །
བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ཆད་པ་གཅོད་པ་ནི་ང་ཚོའི་ཏང་ལ་སྟོབས་ཤུགས་ལྡན་པའི་མཚོན་བྱེད་ཡིན་པ་དང་། ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན། མཐོ་རིམ་ལས་བྱེད་པ་ཚུད་པའི་ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་སྒྲིག་འགལ་ཚབས་ཆེན་བྱས་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པའི་ང་ཚོའི་ཏང་གི་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་གསལ་པོ་དེས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་ང་ཚོས་བཤད་པའི་མི་སུ་ཡང་རུང་བ་དང་དེའི་གོ་གནས་ཇི་ལྟར་མཐོ་རུང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་ཕྱིན། ཚང་མར་ཁག་འགན་བདའ་འདེད་ནན་པོ་དང་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་པ་དེ་ནི་སྟོང་བཤད་ཅིག་གཏན་ནས་མིན་པ་གསལ་པོར་བསྟན་ཡོད། ཏང་ནན་སྐྱོང་བྱེད་པར་ཆད་པ་གཅོད་པའི་ཐབས་འདི་ལྷོད་གཡེང་གཏན་ནས་གཏོང་མི་རུང་། “སྟག་མོ” དང་“སྦྲང་ནག” མཉམ་རྡུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགོ་ཁྲིད་ལས་བྱེད་པའི་ཁྲིམས་འགལ་ལུགས་དྲག་གི་གྱོད་གཞི་བློ་ཐག་རྡང་ཆོད་ཀྱིས་ཞིབ་གཅོད་བྱེད་པར་མ་ཟད། མང་ཚོགས་ཀྱི་ཉེ་འཁོར་དུ་འབྱུང་བའི་ཚུལ་མིན་གྱི་སྤྱོད་ཡན་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་རྣལ་མ་ཞིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མདུན་དུ་དམིགས་བསལ་གང་ཡང་མེད་པ་རྒྱུན་འཁྱོངས་བྱས་ཏེ། མི་སུ་འདྲ་ཞིག་ལ་ཐུག་ཀྱང་རྩད་ཞིབ་མཐའ་གཅིག་ཏུ་བྱེད་དགོས་པ་ལས་གུ་ཡངས་གཏན་ནས་གཏོང་མི་རུང་། མུ་མཐུད་དུ་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། རུལ་རྒོལ་གཙང་སྤེལ་གྱི་སློབ་གསོ་དང་སྲིད་གཙང་རིག་གནས་འཛུགས་སྤེལ་ལ་ཤུགས་སྣོན། དབང་ཆ་བཀོལ་སྤྱོད་བྱེད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་སྒོ་ཚང་བར་འཛུགས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན། རུལ་རྒོལ་གཙང་སྤེལ་སྐོར་གྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། རུལ་སུངས་ཀྱི་གནད་དོན་འབྱུང་མང་བའི་ཁྱབ་ཁོངས་དང་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བཅས་བྱས་ནས། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་བཀོད་དབང་མཚམས་དང་ལས་རིམ་ལྟར་དབང་ཆ་སྤྱོད་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། དབང་ཆ་བཀོལ་སྤྱོད་བྱེད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། དབང་ཆ་ཉིད་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་དགོས་པ་དང་། རུལ་མི་ཕོད་པའི་ཆད་གཅོད་བསླབ་འདོམས་ཀྱི་ལམ་སྲོལ་དང་། རུལ་མི་ཐུབ་པའི་སྔོན་ཟོན་གྱི་ལམ་སྲོལ། རུལ་མི་སླ་བའི་འགན་སྲུང་གི་ལམ་སྲོལ་བཅས་ཆགས་པར་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚང་མས་སེམས་ལ་འཇགས་དགོས་པ་ཞིག་ནི། མི་སུ་འདྲ་ཞིག་ཡིན་རུང་དེ་ལ་བཅའ་ཁྲིམས་ལས་འདས་པའི་ལྟོས་མེད་ཀྱི་དབང་ཆ་མེད་པ་དང་། མི་སུ་འདྲ་ཞིག་ཡིན་རུང་དབང་ཆ་སྤྱོད་ན་ངེས་པར་དུ་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དང་། མི་དམངས་ལ་འགན་འཁྲི་འཁུར་དགོས་པར་མ་ཟད།མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱེད་དགོས་པ་བཅས་ཡིན། འགོ་ཁྲིད་པ་དང་པོ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་སྟེ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ་དང་། སྲིད་དོན་སྒྲུབ་པའི་བྱ་སྤྱོད་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འགོ་ཁྲིད་ལས་བྱེད་པ་ཚོས་གོ་ས་མཐོ་ཡང་དབང་ཆ་གང་བྱུང་དུ་མི་སྤྱོད་པ་དང་། དབང་ཆ་ཆེ་ཆེ་ཡང་སྒེར་དོན་མི་གཉེར་བ་ཁག་ཐེག་བྱེད་དགོས། །
རུལ་རྒོལ་གཙང་སྤེལ་གྱི་འཛུགས་སྐྲུན་ཡག་པོར་འཛིན་དགོས་ན། ངེས་པར་དུ་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་བྱེད་དགོས། གུང་ཁྲན་ཏང་ཡོན་ནི་ནམ་ཡང་ངལ་རྩོལ་མི་དམངས་གྲས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན་པས། བཅའ་ཁྲིམས་དང་སྲིད་ཇུས་ལས་གཏན་ལ་ཕབ་ཁོངས་ཀྱི་སྒེར་གྱི་ཁེ་ཕན་དང་ལས་ཀའི་འགན་དབང་ཕུད། གུང་ཁྲན་ཏང་ཡོན་ཚང་མས་སྒེར་དོན་དང་ཁྱད་དབང་གང་ཡང་གཉེར་མི་ཆོག གནད་དོན་འདི་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་དང་རྒྱལ་ཁབ་ལ་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཐུབ་མིན་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཀྱང་ཡིན། དེ་ལ་བྱེད་ཐབས་ནུས་ལྡན་སྤྱད་དེ་བློ་ཐག་རྦད་ཆོད་ཀྱིས་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་དང་དེ་ཁྱད་གསོད་བྱེད་དགོས། །
ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཡག་པོར་འཛིན་དགོས་ན། ངེས་པར་དུ་ཏང་ཡོངས་ཀྱིས་འབད་བརྩོན་བྱེད་དགོས། ཏང་ཨུ་རིམ་པ་ཁག་ལ་རང་འཁྲིའི་འགན་དབང་ཁྱབ་ཁོངས་ནང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་འགན་འཁྲི་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ། ཁྲིམས་འཛིན། རྩིས་བཤེར་སོགས་ལས་ཁུངས་དང་སྡེ་ཁག་གི་འགན་ནུས་དང་བྱེད་ལས་འདོན་སྤེལ་ཡག་པོ་བྱས་ཏེ། ཐུན་མོང་ཐོག་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལས་དོན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་ལས་ཀ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པ་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། ཁྱད་པར་དུ་ཏང་གཤིས་བཟང་བ་དང་རྩ་དོན་རྒྱུན་འཁྱོངས་བྱེད་ཕོད་པའི་བློ་མཐུན་གྲས་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་བྱས་ནས། ཁོང་ཚོས་ལས་ཀ་སྤེལ་བར་མཐུན་རྐྱེན་སྐྲུན་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས། རང་འཁྲིའི་འགན་དབང་སྤྱོད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་ནུས་པ་སྔར་ལས་ལྷག་པར་འདོན་དུ་འཇུག་དགོས། །