ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་བདུན་ཅུ་པ།༽མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན།

ཁུངས། ཀློག་གྲངས།

༄༅། །མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན།*

(2013ལོའི་ཟླ6ཚེས18ཉིན།)

མང་ཚོགས་ལམ་ཕྱོགས་ནི་ང་ཚོའི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་རྒྱུ་ནི་ང་ཚོའི་ཏང་གིས་གནས་བབ་གསར་པའི་འོག་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་བཀོད་ཇུས་གལ་ཆེན་ཞིག་ཡིན་ལ། མང་ཚོགས་ཀྱི་འདོད་བློ་དང་བསྟུན་པ་དང་སློབ་སྦྱོང་ཅན་དང་ཞབས་ཞུ་ཅན་དང་གསར་སྐྲུན་ཅན་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་སྲིད་སྐྱོང་གོ་གནས་སྲ་བརྟན་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ལ་ཆ་མཚོན་ན་དོན་སྙིང་གལ་འགངས་ཆེ་ལ་གཏིང་ཟབ་ལྡན་ཡོད། །

       དང་པོ། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་གཏན་འབེབས་བྱས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལྷོག་མེད་ཀྱི་བླང་བྱ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ100འཁོར་སྐབས་འབྱོར་ཕྱུག་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཏང་ཀྲུང་དབྱང་གིས་སླར་ཡང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་འབེབས་བྱས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ངེས་པར་དུ་སྤྱོད་ཚུལ་བཟང་པོ་ལྡན་དགོས་པའི་བླང་བྱ་བཏོན་ཡོད། །

     སྤྱོད་ཚུལ་བཟང་པོ་ཞེས་པ་གང་འདྲ་ཞིག་ཡིན་ནམ་ཞེ་ན། དེ་ནི་ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་རྒྱུན་འཁྱོངས་བྱེད་པའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱེད་པ་དང་། དེ་བཞིན་དཀའ་སྤྱད་འབད་བརྩོན་དང་བདེན་འཚོལ་དོན་གཉེར་བྱེད་པ་སོགས་ཀྱི་སྤྱོད་ཚུལ་ཡིན། གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་གྱི་དུས་ཡུན་རིང་པོའི་ལག་ལེན་ནང་དུ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་བློ་མཐུན་ཚོར་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཁྱོངས་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་

རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད། །

         ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་རབས་གསར་པའི་ནང་དུ། ང་ཚོར་ངོས་འཛིན་གསལ་པོ་བྱུང་བར། བསྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་སྤེལ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་གཏོང་བ་དང་སྦྲགས། ཏང་ལ་སྔར་བྱུང་མ་མྱོང་བའི་ཉེན་ཁ་དང་འགྲན་སློང་འཕྲད་ངེས་ཡིན་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་མདུན་དུ་ལྷགས་པའི་གལ་འགངས་ཆེ་ལ་དགོས་གཏུགས་ཆེ་བའི་ལས་འགན་ཡིན་པས། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་ལ་ལྷོད་གཡེང་སྤུ་ཙམ་བྱེད་མི་རུང་བ་དང་། སྐད་ཅིག་ཙམ་ལ་ཡང་མཚམས་འཇོག་མི་རུང་། །

       བསྒྱུར་བཅོས་སྒོ་འབྱེད་བྱས་མ་ཐག་པའི་དུས་སུ། བློ་མཐུན་ཏེང་ཞའོ་ཕིན་གྱིས་“མིག་སྔའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ལ་ཐུག་པའི་སྐབས་འདིར་གནད་དོན་སྤུང་གསོག་ཐེབས་ནས་རི་བོ་ལྟར་ཆགས་པ་དང་། ལས་ཀ་མང་པོ་བསྒྲུབ་རྒྱུར་ལུས་ཡོད་པས། ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཏང་ནང་གི་ཀུན་སྤྱོད་ཡང་དག་ཡོང་བ་བྱ་རྒྱུ་དེ་ནི་རག་ལས་སའི་དོན་སྙིང་ཡོད་པ་ཞིག་རེད། ” ཅེས་ནན་བཤད་གནང་ཡོད། བློ་མཐུན་ཏེང་ཞའོ་ཕིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གཉིས་པ་དང་། བློ་མཐུན་ཅང་ཙེ་རྨིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གསུམ་པ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་བཅས་ཚང་མས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད། ལོ་འདི་དག་གི་རིང་ལ་སྔ་རྗེས་སུ་ཏང་དག་ཐེར་དང་། “སྣང་ཆེན་བྱེད་དགོས་པ་གསུམ་” གྱི་སློབ་གསོ། གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་འཛིན་སྐྱོང་བྱེད་པའི་སློབ་གསོ།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་སྒོ་སོགས་སྤེལ་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱེད་དོན། སྲིད་སྐྱོང་ཏང་གི་ཏང་སྲོལ་ནི་ཏང་གི་སྣང་བརྙན་དང་འབྲེལ་བ་ཡོད་པ་དང་། མི་སེམས་གཏད་ཕྱོགས་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཤི་གསོན་ཆགས་འཇིག་ཅི་ཡོང་དང་འབྲེལ་བ་ཡོད། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ལེགས་བཅོས་དང་ཤུགས་སྣོན་རྒྱག་པའི་སྙིང་པོར་གྱུར་པའི་གནད་དོན་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་གི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་འབྲལ་བ་དེ་རེད། །

         ཕྱི་མིག་བལྟས་ཚེ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། ང་ཚོའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་ཡང་བསྐྱར་གཏན་འཁེལ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་པར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བཅས་བྱས་པར་བརྟེན། ཏང་ཡོངས་ཀྱི་བསམ་བློའི་རྣམ་པ་དང་སྤྱོད་ཚུལ་གསར་སྐྱེས་བྱུང་སྟེ། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད། །

         ལོ་རྒྱུས་དང་དངོས་ཡོད་ཀྱིས་ང་ཚོར་གསལ་བཤད་བྱས་དོན། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་མཚོན་ཚུལ་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་ཉིད་སྲིད་ཏང་གཞན་དག་དང་ཁྱད་པར་འབྱེད་པའི་མངོན་གསལ་མཚོན་རྟགས་ཡིན་ཞིང་། ཏང་དར་རྒྱས་གོང་འཕེལ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་ཡིན་པ་དང་། ཏང་གི་བྱ་གཞག་ལེགས་འགྲུབ་བྱེད་ཐུབ་མིན་དེ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་ཐུབ་མིན་ལ་རག་ལས་ཡོད། །

        ང་ཚོའི་ཏང་ནི་མི་དམངས་ལས་བྱུང་ཞིང་། མི་དམངས་ལ་རྩ་བ་ཚུགས་ཡོད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡིན། ཏང་གི་གཞི་རྩ་མི་དམངས་ལ་ཟུག་ཡོད་ཅིང་། ཏང་གི་ཁྲག་རྩ་མི་དམངས་དང་འབྲེལ་ཡོད་ལ། ཏང་གི་སྟོབས་ཤུགས་མི་དམངས་ལས་འབྱུང་བ་རེད། མི་དམངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་མེད་ན། ཏང་གི་བྱ་གཞག་དང་ལས་ཀ་ནི་མིང་གི་ལྷག་མ་ཙམ་དུ་ཟད། ཏང་གིས་སྲིད་སྐྱོང་གི་ཉམས་སད་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་མུ་མཐུད་དུ་ཐེག་དགོས་ན། ངེས་པར་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་ལངས་ཕྱོགས་འགྱུར་མི་ཉན་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྗེད་མི་ཉན་པ། མང་ཚོགས་ནི་དཔའ་བོ་ངོ་མ་ཡིན་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་འདོར་མི་ཉན་པར། སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། །

            ད་ལྟ། ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་འབེབས་བྱས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་མི་དམངས་ལ་རྩེ་གཅིག་ཏུ་བརྟེན་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྒོ་ཀུན་ནས་སྐུལ་སློང་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་དོན་ནི་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་གཞི་རྩའི་དམིགས་ཡུལ་འདི་མི་བརྗེད་སྲུང་བརྩི་བྱེད་པ་དང་། སྤྱོད་ཚུལ་བཟང་པོ་ལ་བརྟེན་ནས་མི་དམངས་

གོང་བུ་གཅིག་ཏུ་བསྒྲིལ་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་དཀའ་སྤྱད་འབད་འཐབ་བྱེད་དུ་འཇུག་པ་དེ་རེད། །

              གཉིས་པ། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་རྒྱུ་ནི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་སྲིད་སྐྱོང་གནས་བབ་སྲ་བརྟན་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་རེད། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་རྒྱུ་ནི་ཏང་འཛུགས་སྐྲུན་གྱི་མདུན་དུ་ལྷགས་པའི་གཞི་རྩའི་གནད་དོན་དང་དུས་རབས་ཀྱི་བསླབ་གཞི་རེད། །

                 ཏང་གི་སྔོན་ཐོན་རང་བཞིན་དང་ཏང་གི་སྲིད་སྐྱོང་གནས་བབ་ནི་སྒྲུབ་ཐེངས་གཅིག་གིས་མཐར་ཆོད་པ་དང་། འགྱུར་མེད་རྟག་བརྟན་ཞིག་མ་ཡིན་ཏེ། སྔོན་ཆད་སྔོན་ཐོན་ཡིན་ན་ད་ལྟ་ཡང་སྔོན་ཐོན་ཡིན་པས་མ་ཁྱབ་ལ། ད་ལྟ་སྔོན་ཐོན་ཡིན་ན་ནམ་ཡང་སྔོན་ཐོན་ཡིན་པས་མ་ཁྱབ་པ་དང་། སྔོན་ཆད་ཡོད་ན་ད་ལྟ་ཡང་ཡོད་པའི་ངེས་པ་མེད་ལ། ད་ལྟ་ཡོད་ན་ནམ་ཡང་ཡོད་པའི་ངེས་པ་མེད་ཅེས་ང་ཚོས་ཐེངས་མང་བཤད་མྱོང་ཡོད། འདི་ནི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་སྤྱད་དེ་གནད་དོན་ལ་ལྟ་ཞིབ་བྱས་པ་ལས་ཐོབ་པའི་སྡོམ་ཚིག་ཅིག་ཡིན། ཏང་གི་སྔོན་ཐོན་རང་བཞིན་མཐའ་འཁྱོངས་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་སྲིད་སྐྱོང་གོ་གནས་སྲ་བརྟན་གཏོང་བར་གང་ལ་བརྟེན་དགོས་སམ་ཞེ་ན། གལ་ཆེ་ཤོས་ནི་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པར་བརྟེན་དགོས། །

         དམངས་སེམས་ཁུག་ན་རྒྱལ་ཁམས་ཐོབ། དམངས་སེམས་ཤོར་ན་རྒྱལ་ཁམས་ཤོར། མི་དམངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ནི་ཏང་གིས་སྲིད་དབང་སྐྱོང་བའི་གཞི་རྩ་བརྟན་ཤོས་དེ་རེད། ཏང་ལ་ཤི་གསོན་ཆགས་འཇིག་ཅི་ཡོང་ནི་མི་སེམས་ཀྱི་གཏད་ཕྱོགས་ལ་རག་ལས་ཡོད། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་རྒྱབ་རྟེན་བཅོལ་ནས་ལོ་རྒྱུས་མདུན་ཕྱོགས་སུ་སྐུལ་འདེད་བཏང་ན་ད་གཟོད་ “ སྤྲིན་ནག་འཁྲིགས་ནས་བཙན་མཁར་གཞོམ་སྙམ་བྱེད། ” ཀྱང་ “ རང་ཕྱོགས་རི་ལྟར་གཡོ་མེད་གནས། ”ཞེས་པའི་ཚུལ་

གྱིས་གཡོ་མེད་རི་བོ་ཐའེ་ཧྲན་དང་མི་འགྱུར་རྡོ་རྗེ་བྲག་ལྟ་བུ་ཞིག་བྱེད་ཐུབ། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་བར། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གསུམ་གྱི་རིན་ཐང་དོན་གཉེར་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱི་བསམ་བློ་དང་བྱ་སྤྱོད་ནང་དུ་གཞི་ཚུགས་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོར་འདིང་བ། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ། ཏང་གི་གསར་གཏོད་བྱེད་ཤུགས་དང་། གོང་བུར་སྒྲིལ་ཤུགས། འཐབ་འཛིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་སྲིད་སྐྱོང་གོ་གནས་སྲ་བརྟན་གཏོང་བར་ཟབ་ཅིང་ཡངས་ལ་ཡིད་རྟོན་རུང་བའི་མང་ཚོགས་ཀྱི་རྨང་གཞི་ལྡན་པར་བྱེད་དགོས། །

        གསུམ་པ། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་རྒྱུ་ནི་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་མངོན་གསལ་དོད་པོ་དག་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། སྤྱིའི་ཆ་ནས་བལྟས་ན། དེང་སྐབས་ཏང་རྩ་འཛུགས་རིམ་པ་ཁག་དང་། ཏང་ཡོན། ལས་བྱེད་པ་རྣམས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཡག་པོ་ཡོད་ལ། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཡང་ཡག་པོ་ཡོད། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ་ཚོས་བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་ཀ་ཁག་གི་ནང་དུ་གདོང་མཆོང་བརྟུལ་ཕོད་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཡོད་པས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁས་ལེན་དང་གོང་བཀུར་ཐོབ་ཡོད། འདི་ནི་འཕེལ་ཕྱོགས་གཙོ་བོ་ཡིན་པས་ངེས་པར་དུ་ཁས་ལེན་བྱེད་དགོས། །

                 དུས་མཚུངས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་ཟབ་མོ་འབྱུང་བའི་མདུན་དུ། བསམ་པ་ལེ་ལོའི་དབང་དུ་འགྱུར་བའི་ཉེན་ཁ་དང་། འཇོན་ཐང་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུགས་དང་རུལ་སུངས་ཀྱི་ཉེན་ཁ་བཅས་སྔར་ལས་རྣོ་ངར་ལྡན་པའི་ངང་ཏང་ཡོངས་ཀྱི་མདུན་དུ་ལྷགས་ཡོད་པ་དང་། ཏང་ནང་ཁུལ་དུ་མང་ཚོགས་དང་ཁ་བྲལ་བའི་སྣང་ཚུལ་མང་པོ་གནས་ཡོད་པ་སྟེ། གནད་དོན་ཁག་ཅིག་ཧ་ཅང་ཚབས་ཆེན་རེད། དེ་དག་གཙོ་བོར་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཅས་པའི་“སྤྱོད་ཚུལ་བཞིའི་”ཕྱོགས་ནས་མངོན་ཡོད། །

          ཕྱི་ཚུལ་རིང་ལུགས་ཀྱི་མངོན་ཚུལ་ནི། གཙོ་བོར་ཤེས་པ་དང་ཉམས་ལེན་ཐ་དད་དུ་གྱུར་པ་དང་། དོན་འབྲས་ལྷུར་ལེན་མི་བྱེད་པ། ཚོགས་འདུ་དང་ཡིག་ཆ་མང་བ། ལྟར་སྣང་མཛེས་ལམ་ལ་དགའ་བ། མིང་གྲགས་ལ་རྔམ་པ། མི་བདེན་རྫུན་སྒྲིག་བྱེད་པ་བཅས་ཡིན། འགའ་ཞིག་གིས་ཏང་གི་རིགས་པའི་གཞུང་ལུགས་དང་། བྱ་བ་ཡག་པོར་སྒྲུབ་པར་མཁོ་བའི་ཤེས་བྱ་ཡོན་ཏན་སློབ་སྦྱོང་ནན་ཏན་མི་བྱེད་པ་དང་། སློབ་སྦྱོང་བྱས་ཀྱང་ཁ་ཁྲལ་ཁ་ཆོས་ཙམ་གྱི་དོན་དུ་ལྟ་ཙམ་སྐྱོར་ཙམ་བྱེད་པ་ལས། སྦྱོང་བ་ཡུན་མི་བརྟན་པ་དང་། གོ་བ་རྣལ་མ་མི་ལེན་ལ། ལག་ལེན་ཁྲོད་དུ་ནན་ཏན་གྱིས་བེད་སྤྱོད་བྱེད་མི་འདོད་ལ་བྱེད་ཡང་མི་ནུས་པ། ལ་ལ་ཞིག་ཚོགས་འདུར་བརྟེན་ནས་ཚོགས་འདུ་དོན་འཁྱོལ་དང་། ཡིག་ཆར་བརྟེན་ནས་ཡིག་ཆ་དོན་འཁྱོལ་བྱེད་པར་གོམས་པ། འུད་ཤོབ་དང་ཀྲོག་ཀྲོག་ལ་དགའ་བ། འགོ་ཁྲིད་གདན་འདྲེན་ཞུས་ནས་གསུང་བཤད་བཀོད་སྒྲིག་བྱེད་པ་དང་། གསར་འགྱུར་ཡིག་རིགས་འགྲེམས་པ། བརྙན་འཕྲིན་ནང་ནས་གདོང་བསྟན་རྒྱུ་སོགས་ནི་དོན་ཆེན་ནང་གི་དོན་ཆེན་ལ་འཛིན་པ་དང་། མཇུག་མཐར་ལས་མཐའ་མི་འཁྱོངས་བར་རང་སོར་བསྐྱུར་འགྲོ་བ་རེད། ཁ་ཅིག་གིས་ལས་ཀ་འཛིན་དུས་དོན་འབྲས་མི་གཉེར་བ་དང་། འགལ་བ་དང་གནད་དོན་ཐག་གཅོད་ལ་འབད་བརྩོན་མི་བྱེད་པ། འགོ་ཁྲིད་ལ་བག་ཆགས་ཟབ་མོ་འཇོག་མི་ཐུབ་པའི་བྱ་བ་མི་སྒྲུབ་པ། ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་པའི་བྱ་བ་མི་སྒྲུབ་པ། ལས་ཀའི་སྙན་ཞུའམ་ལོ་མཇུག་ཕྱོགས་བསྡོམས་ཀྱི་སྐབས་སུ་ངོ་མི་ཐོན་པའི་བྱ་བ་མི་སྒྲུབ་པ། མཛད་སྒོ་གཅིག་རྗེས་གཉིས་མཐུད་དང་། ཕྱོགས་བསྡོམས་གཅིག་རྗེས་གཉིས་མཐུད། བྱ་དགའ་གཅིག་རྗེས་གཉིས་མཐུད་ཡིན་ཀྱང་། མཐའ་མཇུག་ཚང་མ་“ཁོ་ལེ་ཁུང་”ཆགས་ཀྱི་ཡོད། ཡང་འགའ་ཞིག་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་ལ་འགྲོ་དུས་ཁྲལ་མངོན་སླ་བཅོས་བྱས་ཏེ། གཞི་རིམ་དུ་འགྲོ་བ་ནི་པར་རེ་ལེན་པ་དང་གདོང་རེ་སྟོན་ཆེད་ཡིན་པ་དང་། རླངས་འཁོར་ལ་བསྡད་ནས་སྐོར་བ་རྒྱག་པ་དང་། ཤེལ་སྒོའི་ནང་ནས་ “ཕྱི་ངོས་” དང་ “སྒེའུ་ཁུང་” ཙམ་ལས་ “སྦུག” དང་ “ཁུག་ཀྱོག” ལ་མི་ལྟ་བས། མང་ཚོགས་ཀྱིས་དེ་ལ་ “བརྟག་དཔྱད་ཞིབ་འཇུག་ཤོག་བུས་བཅད། །སྲིད་ཇུས་ལག་བསྟར་རི་བོས་བཅད། །” ཅེས་ཟེར་གྱི་ཡོད། ཁ་ཅིག་གིས་གོང་ཞུ་བྱས་དོན་དེ་གནས་ཚུལ་རྫུན་མ་དང་། གྲངས་ཀ་རྫུན་མ། དཔེ་མཚོན་རྫུན་མ་བཅས་ཡིན་པ་ཤེས་བཞིན་དུ་སྣང་མེད་ཟོལ་འཇོག་བྱེད་པ་དང་། ཐ་ན་བློ་ངན་ཡོད་རྒུ་རྩལ་སྤྲུགས་ཀྱིས་བྱས་འབྲས་རྫུན་མ་བཟོས་ཏེ་བདེ་མདོག་བཟང་མདོག་བྱེད། །

         དཔོན་ཉམས་རིང་ལུགས་ཀྱི་མངོན་ཚུལ་ནི། གཙོ་བོར་དོན་དངོས་དང་ཁ་བྲལ་བ་དང་མང་ཚོགས་དང་ཁ་བྲལ་བ། མཐོན་པོ་ཁྲི་ལ་བསྡད་དེ་དངོས་ཡོད་སྣང་མེད་དུ་སྐྱུར་བ། རང་ཆེ་རང་མཐོ་དང་རྐྱལ་བ་རླུང་སྦོས་བྱེད་པ་བཅས་རེད། ལ་ལས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་དང་དོ་སྣང་མི་བྱེད་པ་དང་། དཀའ་ངལ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ཟབ་འཇུག་བྱེད་མི་འདོད་པ། གཞི་རིམ་དང་མང་ཚོགས་ལ་གནད་དོན་དངོས་ཐག་གཅོད་རོགས་བྱེད་མི་འདོད་པ། ཐ་ན་རང་ཉིད་ལ་དཀའ་ལས་ཡོང་དོགས་ཀྱིས་གཞི་རིམ་དང་མང་ཚོགས་ཕལ་པར་འབྲེལ་འདྲིས་བྱེད་མི་འདོད་པ་དང་། ལས་ཀར་ཁྲལ་མངོན་སླ་བཅོས་དང་། ཁག་འགན་ཕར་དཀྲི་ཚུར་དཀྲི། ཉི་མ་གང་འཁྱོལ་བཅས་བྱེད་ཀྱི་ཡོད། འགའ་ཞིག་གིས་ས་གནས་ཀྱི་དངོས་ཡོད་དང་མང་ཚོགས་ཀྱི་འདོད་བློར་མི་བསྟུན་པར་ཇུས་ཐག་གང་དགར་གཅོད་པ་དང་ཁས་ལེན་བྱུང་རྒྱལ་དུ་བྱེད་པ། རྨོངས་ཚོད་ཀྱིས་ལས་སྒོ་རྩོམ་པ་དང་ལས་གཞི་གཤོམ་པར་དགའ་ཞིང་། མཇུག་མཐར་རྐུབ་རྡབ་རྡབ་བཏང་སྟེ་གནས་གཞན་དུ་སྤོས་འགྲོ་བ་དང་། སོང་ཤུལ་དུ་རྙོག་དྲ་ལུང་པ་གང་བསྐྱུར་ཡོད་པ་རེད། ཁ་ཅིག་གིས་གོང་རིམ་ལ་ཁ་ཡག་ངོ་བསྟོད་དང་བསྟུན་མཁས་སྤྲེལ་ལད་བྱེད་པ་དང་། འོག་རིམ་ལ་ཁ་དྲག་དབང་ཡོད་དང་ངར་མདོག་རྫིག་མདོག་བྱེད་པ། སྒོར་འཛུལ་དཀའ་ཞིང་། རྣམ་འགྱུར་སྡུག་པ། བྱ་བ་སྒྲུབ་དཀའ་བ་བཅས་དང་། ཐ་ན་རྔན་པ་མ་སྤྲད་ན་བྱ་བ་མི་སྒྲུབ་པ་དང་། རྔན་པ་སྤྲད་ཕྱིན་གང་བྱུང་མང་བྱུང་སྒྲུབ་ཀྱི་ཡོད། ཡང་ལ་ལ་ཞིག་གིས་གོང་རིམ་གྱི་བཀོད་སྒྲིག་མ་བརྟག་ཁྱུར་མིད་གཏོང་བ་དང་གོ་བ་ལོག་སྒྲུབ་བྱེད་པ། གོང་རིམ་གྱི་གཏན་འཁེལ་ཁ་ཆོས་འདོན་འདོན་དང་བཀའ་ལུང་སྒྲོག་སྒྲོག་བྱེད་ལ། ཡང་ན་ཞྭ་དཔེ་ལྷམ་འགེབས་དང་རྡོ་ཆག་བཙན་སྒྲིག་བྱེད་ཅིང་། སྔོན་ཆད་ཇི་ལྟར་བསྒྲུབས་ན་ད་ལྟ་ཡང་དེ་ལྟར་སྒྲུབ་པ་དང་། གཞན་གྱིས་ཇི་ལྟར་བསྒྲུབས་ན་རང་གིས་ཀྱང་དེ་ལྟར་སྒྲུབ་ཀྱི་ཡོད་ལ། ས་གནས་དང་སྡེ་ཁག་དེ་གའི་གནས་ཚུལ་དངོས་ལ་གཏན་ནས་མི་ལྟ་བ་རེད། འགའ་ཞིག་དཔོན་ཉམས་ཀྱིས་བརྒྱགས་པ་དང་དབང་བཙན་སྒེར་གཅོད་བྱེད་ཅིང་། རང་གི་མགོ་ན་གནམ་མ་གཏོགས་མེད་པར་སྙེམས་པ་དང་། ཡོད་ཚད་རང་གཅིག་པུས་བརྒྱ་ཁ་གཅིག་གཅོད་བྱེད་ལ། སྐྱོན་བརྗོད་དང་རོགས་རམ་དང་ལེན་མི་བྱེད་ཅིང་། མི་གཞན་པར་བཟོད་སྒོམ་མི་ཐུབ་ལ། བསམ་འཆར་མི་མཐུན་པ་ཉན་མི་བཟོད་པ་རེད། །

             སྐྱིད་འདོད་རིང་ལུགས་ཀྱི་མངོན་ཚུལ་ནི། གཙོ་བོར་བསམ་པ་ལེ་ལོའི་དབང་དུ་གྱུར་ཅིང་བརྩོན་སེམས་མེད་པ་དང་། ཁེ་གྲགས་གཉེར་ཞིང་ལོངས་སྤྱོད་ལ་རྔམ་པ། རྒྱས་སྤྲོས་ལ་དང་དོད་ཆེ་ཞིང་རྩེད་འཇོ་ལ་མགོ་འཁོར་བ་བཅས་རེད། ལ་ལ་ཞིག་བློ་སྟོབས་ཉམས་པ་དང་དད་སེམས་ཤོར་ནས། སྐབས་འཕྲལ་སྐྱིད་འདོད་ཀྱི་མི་ཚེའི་རིང་ལུགས་འཛིན་ཅིང་། “ཆང་ཞིམ་པོ་ཡོད་ན་དེ་རིང་འཐུང་” བ་དང་། “འདོད་དོན་འགྲུབ་དུས་དགའ་བདེའི་དཔལ་ལ་རོལ”གྱི་ཡོད། འགའ་ཞིག་དངོས་པོའི་ལོངས་སྤྱོད་ལ་དགའ་ཞིང་། མ་རབས་ཐ་ཤལ་ལ་སྤྲོ་བ་དང་། རྩེད་མོ་ལ་མགོ་འཁོར་ནས་བློ་སྟོབས་ཉམས་པ། ཇ་ཆང་གི་འཚོ་བས་མྱོས་ཤིང་། འདོད་སྲེད་ལོངས་སྤྱོད་ལ་ཆགས་པ་དང་། འཆལ་སྤྱོད་ལ་བག་མེད་དུ་འཇུག་པ་སོགས་བྱེད། ཁ་ཅིག་གིས་ཡང་དགའ་ལྗིད་སྐྲག་དང་། མིག་མདུན་ཙམ་ལ་ཡིད་ཚིམས་ནས་སྡོད་པ། དཀའ་ཁག་སྤྱོད་མི་འདོད་ཅིང་ཤུགས་མི་རྒྱག་པ། ད་ཡོད་ཀྱི་ཡོན་ཏན་དང་ཤེས་བྱ་ལ་བློ་ཚིམ་ཞིང་། བླངས་ཟིན་པའི་གྲུབ་འབྲས་ཀྱིས་ཡིད་མྱོས་ནས་སྡོད་པ། དམིགས་འབེན་གསར་པ་མི་འཛུགས་ཤིང་། སྒུལ་ཤུགས་གསར་པ་མེད་པར། “སྦང་ཇ་འཐུང་ཞིང་ཚགས་པར་ལྟ། ། པུས་མོའི་ཁ་ལ་པུས་མོ་བརྩེགས། །ལས་ལ་མི་བརྩོན་བག་ནི་ཡངས། ། ཆོ་མེད་གཏམ་གྱིས་ཉི་མ་འཁྱོལ། །” ཞེས་ཟེར་བ་ལྟར་ཡིན། །

        བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་གྱི་མངོན་ཚུལ་ནི། གཙོ་བོར་རྒྱས་སྤྲོས་ཆུད་ཟོས་དང་འཛད་སྤྱོད་ཆོད་མེད་བྱེད་པ་དང་། ཨར་ལས་རྒྱ་ཆེར་གཤོམ་ཞིང་དུས་སྟོན་རྒྱུན་ཆད་མེད་ལ། འཚོ་བ་རྒྱས་གཤོམ་ཆེ་ཞིང་འཆལ་བའི་ལས་ལ་འཁོར་བ་དང་། ཐ་ན་དབང་ཆ་སྤྱད་དེ་སྒེར་དོན་གཉེར་བ་དང་། ཁོག་རུལ་ངན་རེངས་སུ་གྱུར་པ་བཅས་ཡིན། ལ་ལས་རྒྱས་གཤོམ་ཆེ་བའི་གཞུང་ལས་ཐོག་ཁང་སྐྲུན་པ་མ་ཟད། ཐ་ན་ས་ཁྱོན་མུའུ་བརྒྱ་ཕྲག་ལས་འདས་པ་བཟུང་ཞིང་འགྲོ་སོང་སྐོར་དུང་ཕྱུར་དུ་མ་བཏང་ཡོད་ལ། རྒྱས་སྤྲོས་ཀྱི་མཐར་སོན་ཞིང་། བཟའ་བ་བཏུང་བ་དང་དགའ་བདེ་རྩེད་འཇོ་སོགས་མ་འཛོམས་པ་སྣེ་གཅིག་མེད། འགའ་ཞིག་དུས་ཆེན་དང་སྟོན་མོ་རྟེན་འབྲེལ་ལ་སྤྲོ་ཞིང་། དུས་སྟོན་མཛད་སྒོར་རྫོགས་མཐའ་མེད་པ་དང་། ཐེངས་གཅིག་ལ་ཚམ་ཚོམ་མེད་པར་འགྲོ་སོང་སྒོར་ས་ཡ་ཁ་ཤས་དང་བྱེ་བ་ཁ་ཤས་གཏོང་བས། དངོས་ནས་མི་རྒྱུ་གཉིས་ཀ་འཕྲོ་བརླག་བཏང་བ་རེད་ཨང་།འགའ་ཞིག་རང་སྒེར་གྱི་ལོངས་སྤྱོད་ལ་ཆགས་ནས། སྡོད་ཁང་གང་ཆེ་གང་མང་དང་། རླངས་འཁོར་གང་བཟང་གང་རྫིག བཟའ་བཏུང་གང་ཞིམ་གང་མངར། གྱོན་གོས་གང་གྲགས་གང་ཡག་བཅས་ལ་སྤྱོད་པ་དང་། གཏན་འཁེལ་ལས་བརྒལ་བའི་འཚོ་བའི་ཐོབ་ཐང་ཡིན་ན་ཡང་འོས་བབ་ལ་རྩི་བས་མི་ཚད་ད་དུང་འདོད་པ་མི་ཚིམ་པ་རེད། ཁ་ཅིག་གིས་ཚད་གཞི་ལས་འདས་པའི་སྣེ་ལེན་གྱི་རེ་བ་འདོན་པ་དང་། རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ལ་སྡོད་ཅིང་། རོ་བརྒྱའི་ཟས་མཆོག་སྤྱོད་ལ། ཇ་ཕུད་ཆང་ཕུད་ལ་རོལ་བ་དང་། གང་དགའ་གང་སྐྱིད་བྱས་པའི་རྗེས་ལ་ད་དུང་“རྔན་པ་ཆུང་ཆུང་”རེ་ལེན་གྱི་ཡོད། ཡང་འགའ་ཞིག་གིས་ཨམ་ཕྲག་ཏུ་གོང་ཐང་ཆེ་བའི་ཚོགས་མིའི་བྱང་བུ་དང་འཛད་སྤྱོད་བྱང་བུ་བཅུག་ནས། རྒྱས་སྤྲོས་ཆེ་བའི་སྤྲོ་ཁང་འདུ་ཁང་དུ་དགའ་བདེར་རོལ་ལ། མཐོ་རིམ་ལུས་སྦྱོང་ར་བར་རྩེད་འཇོར་ཆགས་ནས་ཁྱིམ་ལ་ལོག་རྒྱུ་བརྗེད་པ་དང་། རི་ཀླང་བཀོད་པ་མཛེས་པའི་ལྗོངས་སུ་ནངས་མྱུལ་དགོང་མྱུལ་དང་། ཕྱིའི་རྒྱལ་ཁབ་ཀྱི་ཐུན་མིན་ལོངས་སྤྱོད་ལ་མྱོས་ནས་ཉི་མ་འདའ་བར་བྱེད་ལ། ཁ་ཅིག་གིས་མངའ་ཁོངས་ཕྱི་རོལ་གྱི་སྦག་ཁང་དུ་སྒོར་མོ་ཆུ་ལ་སྤྱོད་སྤྱོད་བྱེད་ཨང་། ལ་ལ་ཞིག་སྤྱོད་པ་འཆལ་བར་གྱུར་ལ། ཐ་ན་ཀུན་སྤྱོད་དང་དམ་ཚིག་ཉམས་ནས་བག་མེད་སྤྱོད་པར་མ་ཟད། ད་དུང་དེ་ཉིད་ངོ་ཚར་མི་རྩི་བར་ངོ་སོ་ལ་རློམ་གྱི་ཡོད། །

               ངས་གནས་ཚུལ་འདི་དག་བཤད་དོན་ནི་ཏང་ཡོངས་ལ་བག་ཟོན་བྱེད་དུ་འཇུག་ཆེད་ཡིན། གལ་སྲིད་གནད་དོན་འདི་རིགས་རྒྱ་ཡན་དུ་བཏང་ན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་བཙན་ཚབས་ཆེན་འབྱུང་སྲིད་པས། བློ་མཐུན་མའོ་ཙེ་ཏུང་གིས་དཔེ་བཞག་ནས་གསུངས་པའི“བཙན་རྒོད་རྒྱལ་པོ་བཙུན་མོ་དབྱི་ཅིས་དང་ཞལ་གྱེས་པ་”ཞེས་པའི་ཚུལ་དུ་གྱུར་ཡོང་ངེས་རེད། དེ་བས་ཀྱང་ཚབས་ཆེ་བ་ཞིག་ནི། ང་ཚོའི་བློ་མཐུན་ལ་ལས་དེ་དག་བཏང་སྙོམས་སུ་འཇོག་པས་མི་ཚད་ད་དུང་འོས་བབ་ཅིག་ཏུ་བརྩིས་ནས།“ཉ་ཤའི་ཚོང་ཁང་མྱུལ་རིང་ནས། དྲི་ངན་ཚོར་བར་མི་འགྱུར་བཞིན།”ཞེས་པ་ལྟ་བུ་ཆགས་ལ། དེ་འདྲར་གྱུར་ཚེ་ཉེན་ཁ་དེ་བས་ཆེ། །

             ང་ཚོས་ངེས་པར་དུ“བག་མེད་ཆུད་ཟོས་བྱུང་བའི་མོད། འཇིག་པའི་ཉེན་ཁ་འབྱུང་ལ་ཉེ་”བའི་གནའ་བོའི་ཞལ་གདམས་ཡིད་ལ་དམ་འཛིན་བྱེད་དགོས་པ་དང་། སྤྱོད་ཚུལ་སྟེང་གི་སྐྱོན་དང་དྲི་མ་ལ་དག་སེལ་ཆེན་པོ་དང་། ཉམས་གསོ་ཆེན་པོ། གཙང་འཕྱག་ཆེན་པོ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་མངོན་གསལ་དོད་པའི་གནད་དོན་རིགས་ཐག་གཅོད་གནད་ལ་འཁེལ་བ་ཞིག་བྱེད་དགོས། །