ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་དོན་གཉིས་པ།༽  “དོ་ནན་གསུམ་དང་ཏན་ཏིག་གསུམ་” གྱི་སྤྱོད་ཚུལ་དར་སྤེལ་གཏོང་དགོས།

ཁུངས། ཀློག་གྲངས།

​༄༅། ། “དོ་ནན་གསུམ་དང་ཏན་ཏིག་གསུམ་” གྱི་སྤྱོད་ཚུལ་དར་སྤེལ་གཏོང་དགོས།

(2014ལོའི་ཟླ་3ཚེས་9ཉིན།)

སྤྱོད་ཚུལ་འཛུགས་སྐྲུན་ནི་ནམ་ཡང་བྱེད་བཞིན་ད་ལྟ་བ་ཡིན། གལ་ཏེ་འགོ་ཚ་ལ་མཇུག་གྲང་བ་དང་འགོ་དམ་ལ་མཇུག་ལྷོད་པ་ཡིན་ན་རྐང་རྗེས་ལག་བསུབས་བྱེད་སྲིད།  རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚང་མས་སྤྱོད་ཚུལ་བཟང་པོ་འཛུགས་པ་དང་སྤེལ་དགོས་པ་སྟེ།  བློ་སྦྱོང་ལ་དོ་ནན་དང་། དབང་ཆ་སྤྱོད་པར་དོ་ནན།  རང་གཅུན་ལ་དོ་ནན་བཅས་བྱེད་དགོས་ལ།  ལས་ཀ་ཏན་ཏིག་ཅིག་དང་། ལས་འབྱེད་ཏན་ཏིག་ཅིག  མི་ཏན་ཏིག་ཅིག་བཅས་ཀྱང་བྱེད་དགོས།  བློ་སྦྱོང་ལ་དོ་ནན་ཞེས་པ་ནི་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་དང་།  ཕུགས་བསམ་དང་དད་སེམས་སྲ་བརྟན།  ཀུན་སྤྱོད་ཀྱི་གོ་རྟོགས་མཐོར་འདེགས།  མཆོག་གྱུར་གྱི་གཤིས་རྒྱུད་དོན་གཉེར་བཅས་བྱེད་པ་དང་། ཐ་ཤལ་གྱི་དགའ་ཕྱོགས་རང་རྟོགས་ཀྱིས་སྤང་དགོས་པ་དང་། ཚུལ་མིན་གྱི་སྤྱོད་ངན་རང་རྟོགས་ཀྱིས་འགོག་དགོས་པ་དེ་ཡིན།  དབང་ཆ་སྤྱོད་པར་དོ་ནན་ཞེས་པ་ནི་དམངས་དོན་དུ་དབང་ཆ་སྤྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ལམ་དང་ལམ་ལུགས་ལྟར་དབང་ཆ་སྤྱོད་པ།  དབང་ཆ་ཉིད་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ།  དུས་དང་རྣམ་པ་ཀུན་ཏུ་ཁྱད་དབང་མི་སྤྱོད་པ་དང་། དབང་ཆ་སྤྱད་དེ་སྒེར་དོན་མི་སྒྲུབ་པ་བཅས་ཡིན།  རང་གཅུན་ལ་དོ་ནན་ཞེས་པ་ནི་སེམས་ལ་གུས་ས་ཞུམ་ས་ཡོད་པ་དང་། ལག་ཏུ་ཁྲིམས་ཀྱི་ལྕགས་ཚན་ཐོགས་ཏེ།  རང་ཁྲིམས་རང་སྡོམ་དང་རང་ཉེས་རང་འཆགས། ཏང་ཁྲིམས་དང་རྒྱལ་ཁྲིམས་བརྩི་སྲུང་བྱེད་པ།  སྤྱོད་གཙང་གིས་སྲིད་སྐྱོང་བྱེད་པ་བཅས་ཡིན།  ལས་ཀ་ཏན་ཏིག་ཅིག་སྒྲུབ་པ་ཞེས་པ་ནི་དངོས་དོན་ལ་གཞིགས་ནས་བྱ་གཞག་དང་ལས་དོན་སྒྲིག་གཤོམ་བྱས་ཏེ།  ཐབས་ཤེས་དང་། སྲིད་ཇུས།  འཆར་གཞི་བཅས་ཀྱི་གནས་ཚུལ་དངོས་དང་མཐུན་པ་དང་།  ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ།  ཚན་རིག་གི་སྙིང་སྟོབས་དང་མཐུན་པ་བཅས་བྱེད་དགོས་པ་དང་།  ཆེ་འདོད་མཐོ་འདོད་མི་བྱེད་པ་དང་། དངོས་ཡོད་དང་ཁ་མི་འབྲལ་བ་དེ་ཡིན།  ལས་འབྱེད་ཏན་ཏིག་ཅིག་བྱེད་པ་ཞེས་པ་ནི་ཏན་ཏན་ཏིག་ཏིག་དང་དངོས་དོན་ལྷུར་ལེན་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ་དང་། འགལ་བར་གདོང་གཏུག་ཕོད་པ།  གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་བྱས་ཏེ།  ལག་ལེན་དང་། མི་དམངས། ལོ་རྒྱུས་གསུམ་གྱི་དཔྱད་ཞིབ་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གིས་སྐྲུན་དགོས་པ་དེ་ཡིན།  མི་ཏན་ཏིག་བྱེད་དགོས་ཞེས་པ་ནི་ཏང་དང་། རྩ་འཛུགས། མི་དམངས།  བློ་མཐུན་བཅས་ལ་བློ་དཀར་བ་དང་།  མི་དྲང་མོ་བྱེད་པ།  སྐད་ཆ་དྲང་མོ་བཤད་པ།  བྱ་བ་དྲང་མོ་སྒྲུབ་པ་བཅས་བྱེད་ཅིང་།  བློ་ཁོག་ཡངས་པ་དང་།  དྲང་པོ་དྲང་གཞག་བྱེད་པ་བཅས་ཡིན། ལྕགས་གཟེར་རྒྱག་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་སྟེ།  ཤུགས་ཚད་དང་ལྡེམ་ཚད་སྙོམ་དགོས་པ་དང་། མགོ་བཟང་མཇུག་བཟང་དང་རྒྱུ་བཟང་འབྲས་བཟང་ཐོན་པ་ཞིག་བྱས་ཏེ།  རྒྱུན་ཆད་མེད་པར་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་ལེན་དགོས། །