
༄༅། །ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་བླང་བྱ་
གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་དགོས།
(2013ལོའི་ཟླ་6ཚེས་18ཉིན།)
ཀྲུང་དབྱང་གིས་ཐེངས་འདིའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོའི་མཛུབ་སྟོན་བསམ་བློ་དང་། དམིགས་འབེན་ལས་འགན། གཞི་རྩའི་རྩ་དོན། སྒྲུབ་ཐབས་གོ་རིམ་བཅས་གཏན་འབེབས་ཁ་གསལ་བྱས་ཡོད། ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་ངེས་པར་དུ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་” གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་གལ་ཆེན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་དང་གོང་སྤེལ་གཏོང་རྒྱུར་རྩེ་གཅིག་ཏུ་དམིགས་པ་དང་། དམངས་ཆེད་དང་། དངོས་སྒྲུབ། སྤྱོད་གཙང་བཅས་བརྗོད་བྱ་གཙོ་བོ་བྱས་ཏེ། ཏང་ཡོན་ཡོངས་ལ་མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་ཤུགས་ཆེན་གཏོང་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་འཇུག་སྒོ་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས། གནད་འགག་ནི་གཤམ་གསལ་ཕྱོགས་འགའི་བླང་བྱ་ཁག་ཁོང་དུ་ཆུད་དགོས། །
དང་པོ། དམིགས་འབེན་ལས་འགན་ཁོང་དུ་ཆུད་དགོས། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་བྱེད་སྒོ་རིམ་སྤེལ་གྱི་ལག་ལེན་ལས་ང་ཚོར་གསལ་བཤད་བྱས་ཡོད་དོན། བྱེད་སྒོ་ལེགས་གྲུབ་འབྱུང་དགོས་ན་འོས་ཤིང་འཚམ་པའི་དམིགས་ཡུལ་ཞིག་གཏན་འཁེལ་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བ་རེད། །
བྱེད་སྒོ་སྤེལ་ཕྱིན་གྲུབ་འབྲས་ཐོབ་དགོས་པ་སྨོས་མེད་ཡིན་པར་མ་ཟད། གྲུབ་འབྲས་ཇི་ཙམ་མང་ན་དེ་ཙམ་བཟང་བ་རེད། དུས་མཚུངས་ང་ཚོས་དངོས་ཐོག་བདེན་འཚོལ་ཡང་བྱེད་དགོས་པ་སྟེ། ཐེངས་འདིའི་བྱེད་སྒོ་སྤེལ་ཡུན་ནི་ལོ་ངོ་གཅིག་ཡིན་པ་ལ། བྱེ་བྲག་གི་ལས་ཁུངས་གཅིག་ལ་སླེབས་དུས་ཟླ་བ་3ཙམ་ལས་མེད་པས། ཏང་ནང་ཁུལ་གྱི་འགལ་བ་དང་གནད་དོན་ཡོད་ཚད་སྒྲུབ་ཐེངས་གཅིག་ལ་ཐག་གཅོད་བྱེད་དགོས་པའི་བླང་བྱ་འདོན་མི་ཉན་ལ། འགལ་བ་དང་གནད་དོན་མང་པོ་ཞིག་ནི་སྔར་བཞིན་རྒྱུན་གཏན་རང་བཞིན་གྱི་ལས་ཀའི་ཐོག་ནས་ཐག་གཅོད་བྱེད་དགོས། འདིའི་ནང་དུ་མཛུབ་མོ་བཅུ་བོ་རྨས་པ་དང་མཛུབ་མོ་གཅིག་གཅོད་པའི་འབྲེལ་བ་གནས་ཡོད། གནད་འདི་ལ་དམིགས་ཏེ་ཀྲུང་དབྱང་གིས་ཞིབ་འཇུག་ཡང་ཡང་བྱས་མཐར། ཐེངས་འདིའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བའི་ལས་འགན་གཙོ་བོ་ནི་སྤྱོད་ལམ་ལེགས་བཅོས་ཀྱི་སྟེང་དུ་བཞག་སྟེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཅས་པའི་ “ སྤྱོད་ཚུལ་བཞི” ཡི་གནད་དོན་གཅིག་བསྡུས་ཀྱིས་ཐག་གཅོད་བྱ་རྒྱུ་གཏན་འཁེལ་བྱས་པ་ཡིན། །
“ སྤྱོད་ཚུལ་བཞི” ཡི་སྟེང་དུ་འཇོག་དགོས་དོན་ཅི་ཡིན་ནམ་ཞེ་ན། “ སྤྱོད་ཚུལ་བཞི” ནི་ང་ཚོའི་ཏང་གི་ངོ་བོ་དང་དམིགས་འབེན་དང་རྒྱབ་འགལ་ཡིན་པ་དང་། མིག་སྔར་མང་ཚོགས་ཞེ་སྡང་ལང་ཆེ་ཤོས་དང་བསམ་འཆར་འདོན་ཆེ་ཤོས་ཀྱི་གནད་དོན་ཡིན་ལ། ཏང་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་གཏོང་བའི་འབྱུང་རྩ་གཙོ་བོ་ཡང་ཡིན་པས་རེད། ཏང་ནང་ཁུལ་དུ་གནས་པའི་གནད་དོན་གཞན་དག་ཚང་མ་ “ སྤྱོད་ཚུལ་བཞི” དང་འབྲེལ་བ་ཡོད་པའམ། ཡང་ན་ “ སྤྱོད་ཚུལ་བཞི་” ལས་མཆེད་དེ་བྱུང་བ་རེད། “ སྤྱོད་ཚུལ་བཞི” ཡི་གནད་དོན་ཐག་གཅོད་ཡག་པོ་བྱས་ན། ཏང་ནང་ཁུལ་གྱི་གནད་དོན་གཞན་པ་ཁག་ཅིག་ཐག་གཅོད་བྱེད་པར་ཆ་རྐྱེན་སྔར་བས་ཡག་པོ་འཛོམས་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐོག་མར་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དམ་འཛིན་བྱས་པ་ཡང་ཕྱོགས་འདི་ལ་བསམ་བློ་བཏང་བ་རེད། ང་ཚོས་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བར་བརྟེན་ནས། དུས་རིམ་སྔོན་མའི་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། །
“སྤྱོད་ཚུལ་བཞི་” ཡི་གནད་དོན་ཐག་གཅོད་བྱེད་དགོས་ན། དམིགས་ཐིག་ལེན་དགོས་ཤིང་། གསང་མིག་ཟིན་དགོས་ལ། གནད་ལ་འཁེལ་དགོས་པ་ལས། “སེམས་གཡེང”་ མི་རུང་ལ། “དམིགས་ཐིག་ཤོར”་ མི་རུང་བ་རེད། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་གཙོ་བོ་ལས་ཀ་གནད་ལ་མ་བབས་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་སྟེ། ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་སྲོལ་དང་རྩོམ་སྲོལ་དང་ཚོགས་སྲོལ་གསུམ་ལེགས་སྒྱུར་དང་ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཡིན་མིན་ཆེན་པོའི་མདུན་དུ་དང་ལེན་བྱེད་ཕོད་པ་དང་རྩ་དོན་རྒྱུན་འཁྱོངས་བྱེད་ཕོད་པ། སེམས་ཤུགས་གང་ཡོད་དངོས་གནས་དྲང་གནས་བྱ་གཞག་སྒྲུབ་པའི་སྟེང་དུ་བཀོལ་བ་དང་། བརྩོན་པ་གང་ཡོད་གནས་ཚུལ་དངོས་རྟོག་པ་དང་། བྱེད་ཐབས་དངོས་འདོན་པ། ལས་ཀ་དངོས་སྒྲུབ་པ། དོན་འབྲས་དངོས་གཉེར་བའི་སྟེང་དུ་སྤྱོད་པ་བཅས་བྱེད་དུ་འཇུག་དགོས། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པར། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་མི་བྱེད་པ་དང་ལྷུར་ལེན་མི་བྱེད་པའི་གནད་དོན་གཙིགས་སུ་བཟུང་ནས་ཐག་གཅོད་བྱེད་དགོས་པ་སྟེ། ཏང་ཡོན་དང་ལས་བྱེད་པ་ཚོས་དངོས་ཡོད་ལ་ཟབ་འཇུག་དང་། གཞི་རིམ་ལ་ཟབ་འཇུག མང་ཚོགས་ལ་ཟབ་འཇུག་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། ཁེངས་སྐྱུང་ངང་མང་ཚོགས་ལ་སློབ་སྦྱོང་། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་འགན་འཁུར། སེམས་རྩ་འཁོལ་བའི་ངང་མང་ཚོགས་ལ་ཞབས་ཞུ། ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན། ཁྲལ་མངོན་སླ་བཅོས་དང་གཡས་ཁག་གཡོན་དཀྲི་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་མཐའ་གཅིག་ཏུ་བསླབ་འདོམས་བཅས་བྱེད་དུ་འཇུག་དགོས། སྐྱིད་འདོད་རིང་ལུགས་ལ་ངོ་རྒོལ་བྱེད་ན། འཕྲལ་གྱི་ལོངས་སྤྱོད་ལ་དགའ་བའི་བསམ་བློ་དང་ཁྱད་དབང་སྤྱོད་པའི་སྣང་ཚུལ་གཙིགས་སུ་བཟུང་ནས་ཁྱད་གསོད་བྱེད་དགོས་པ་སྟེ། ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་“ངེས་པར་དུ་བྱེད་དགོས་པ་གཉིས་” ཡིད་ལ་བརྟན་པོར་བཅངས་ནས། སྒེར་དོན་སྤངས་ནས་སྤྱི་དོན་ལ་གཞོལ་བ་དང་། སྲིད་དོན་ལྷུར་ལེན་བྱེད་པ་དང་སྲིད་དོན་གཙང་མར་སྐྱོང་བ། ངར་བསྐྱེད་ཡར་བརྩོན་དང་སྟོབས་བསྐྱེད་ལས་བརྩོན་གྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་དུ་འཇུག་དགོས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་ལ་ངོ་རྒོལ་བྱེད་ན། རྒྱས་གཤོམ་སྐྱིད་འདོད་དང་བག་མེད་འཆལ་སྤྱོད་ཀྱི་ཚུལ་མིན་སྲོལ་ངན་གཙིགས་སུ་བཟུང་ནས་བཀག་འགོག་བྱེད་དགོས་པ་སྟེ། ཏང་ཡོན་དང་ལས་བྱེད་པ་ཚོར་གྲོན་ཆུང་བྱེད་པ་གཟི་བརྗིད་དང་ཆུད་ཟོས་གཏོང་བ་ངོ་ཚ་ཡིན་པའི་བསམ་པ་བརྟན་སྲུང་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དཀའ་སྤྱད་བབ་ཆགས་དང་ཟ་མཁས་གཏོང་མཁས་ཀྱི་སྒོ་ནས་བྱ་བ་ཚང་མ་གྲོན་ཆུང་བསྲི་ཚགས་ཀྱིས་སྒྲུབ་ཐུབ་པར་བྱེད་དགོས། “སྤྱོད་ཚུལ་བཞི” ཡི་གནད་དོན་ཐག་གཅོད་བྱེད་པར། དོན་དངོས་ལ་གཞིགས་པ་དང་འགལ་བ་གཙོ་བོ་ཟིན་པར་བྱས་ཏེ། གནད་དོན་གང་ཞིག་མངོན་གསལ་ཡིན་ན་གནད་དོན་དེ་ཉིད་གཙོ་གནད་དུ་ཐག་གཅོད་དང་། གནད་དོན་གང་ཞིག་དགོས་གཏུགས་ཆེ་ན་གནད་དོན་དེ་ཉིད་གཙོ་གནད་དུ་ཐག་གཅོད། དམིགས་སའི་འབེན་ཟིན་པ་དང་འབེན་ཡོད་སར་མདའ་འཕངས་ནས་དོན་འབྲས་དངོས་ལོན་པ་བཅས་བྱེད་དགོས།།
གཉིས་པ། སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས། ཡན་ཨན་ཀུན་སྤྱོད་དག་ཐེར་གྱི་སྐབས་སུ། བློ་མཐུན་མའོ་ཙེ་ཏུང་གིས་རང་ཤེད་རིང་ལུགས་དང་། ཕྱོགས་རིས་རིང་ལུགས། ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་བཅས་གཅིག་སྡུད་ཀྱིས་དག་ཐེར་བྱེད་དགོས་ཚུལ་བཏོན་པ་དང་། དེར་མ་ཟད་སྣང་ཚུལ་དེ་དག་གཙང་སེལ་དང་ཕྱི་བདར་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་པར། ནད་པའི་སེམས་ལ་ཟུག་རྔུ་ཆེན་པོ་སྐྱེ་བ་ཞིག་བཟོས་ནས་འདྲོག་ཏུ་འཇུག་པ་དང་། ལུས་ནས་རྔུལ་ཆུ་ཕྲུམ་ཕྲུམ་དུ་ཐོན་པ་ཞིག་བཟོས་ཐོག དེ་ནས་ཁོ་ཚོར་སྨན་བཅོས་ཡག་པོ་ཞིག་བྱེད་དུ་འཇུག་དགོས་ཞེས་གསུངས་ཡོད། ཐེངས་འདིའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོས་ཡན་ཨན་ཀུན་སྤྱོད་དག་ཐེར་གྱི་ཉམས་མྱོང་དཔྱད་གཞིའི་མེ་ལོང་དུ་བཟུང་སྟེ། “མེ་ལོང་ལ་ལྟ་བ་དང་། ཞྭ་གོས་སྲོང་བ། གཟུགས་པོ་བཀྲུ་བ། ནད་གཞི་བཅོས་པ་” ཞེས་པའི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད། སྐད་ཆ་ཚིག་4པོ་འདི་མདོར་བསྡུས་ན་རང་གིས་རང་ཉིད་གཙང་མ་བཟོ་བ་དང་། རང་གིས་རང་ཉིད་འཐུས་ཚང་དུ་གཏོང་བ། རང་གིས་རང་ཉིད་གསར་བརྗེ་བྱེད་པ། རང་གིས་རང་ཉིད་ཡར་རྒྱས་གཏོང་བ་བཅས་རེད། དོན་འདི་བཤད་ན་ཁ་གསལ་གོ་བདེ་ཞིག་ཡིན་ཡང་། དངོས་སུ་སྒྲུབ་རྒྱུ་ནི་དེ་འདྲའི་ལས་སླ་པོ་ཞིག་མེད། །
མེ་ལོང་ལ་ལྟ་བ་ནི། གཙོ་བོར་ཏང་གི་སྒྲིག་ཡིག་མེ་ལོང་དུ་བཟུང་ནས། ཏང་གི་སྒྲིག་ཁྲིམས་དང་། མང་ཚོགས་ཀྱི་རེ་ལྟོས། སྔོན་ཐོན་མིག་དཔེ་བཅས་ལ་གཤིབ་བསྡུར་དང་། སྤྱོད་ལམ་ལེགས་བཅོས་ཀྱི་བླང་བྱ་དང་གཤིབ་བསྡུར་བྱས་ཐོག ཏང་གི་དམིགས་འབེན་གྱི་འདུ་ཤེས་དང་། ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་བཅས་ཀྱི་ཐད་གནད་དོན་འདོན་པ་དང་། ཧེ་བག་འཚོལ་བ། ཁ་ཕྱོགས་གསལ་སྟོན་བཅས་བྱེད་དགོས། མེ་ལོང་ལས་རང་ཉིད་ལ་བལྟས་ཆོག་པ་དང་། གཞན་ལ་ཡང་བལྟས་ཆོག་པ་ལ། ད་ཐེངས་གཙོ་བོར་རང་ཉིད་ལ་ལྟ་དགོས། འཚོ་བ་དངོས་ཀྱི་ནང་དུ། བློ་མཐུན་ལ་ལ་རྒྱུན་པར་རང་རློམ་ཆེ་བས་མེ་ལོང་ལ་བལྟ་མི་འདོད་ཅིང་། བློ་མཐུན་ཁ་ཤས་ཀྱིས་རང་ཉིད་ལ་གནད་དོན་ཡོད་པ་ཤེས་ནས་མེ་ལོང་ལ་བལྟ་རྒྱུར་སྐྲག་པ་དང་། བློ་མཐུན་འགའ་ཞིག་རང་གི་བཟང་ཕྱོགས་མ་གཏོགས་མཐོང་འདོད་མེད་པས་མཛེས་ཆ་སྤྲས་རྗེས་ད་གཟོད་མེ་ལོང་ལ་བལྟ་རྒྱུར་གོམས་པ། ཡང་བློ་མཐུན་ཁ་ཅིག་མེ་ལོང་བཟུང་ནས་མི་གཞན་ལ་བལྟ་རུ་འཇུག་རྒྱུར་དགའ་བ་སྟེ། རང་ཉིད་སྐྱོན་མེད་མཚན་དཔེ་རྫོགས་པ་ཞིག་དང་། གཞན་པ་ཚང་མ་མི་སྡུག་ཞེ་མེར་ལོག་པ་རྐྱང་ཡིན་པར་འདོད་ཀྱི་ཡོད། སྣང་ཚུལ་འདི་དག་ཚང་མ་གུང་ཁྲན་ཏང་མིའི་བློ་སྦྱོང་དང་ཕྱིན་ཅི་ལོག་པ་ཞིག་ཡིན། ཏང་ཡོན་དང་ལས་བྱེད་པ་ཚང་མས་མེ་ལོང་ལ་ལྟ་ཕོད་དགོས་པ་དང་། མེ་ལོང་ལ་ལྟ་ཐེངས་མང་དགོས་ལ། ལྷག་པར་དུ་སྐྱོན་ཆ་དང་ནོར་འཁྲུལ་ལ་ནི་ཟབ་ས་དང་ཕྲ་སར་བལྟས་ཏེ་ཕྲ་ཞིང་ཞིབ་པ་ཞིག་མཐོང་བར་བྱས་ན་ད་གཟོད་ཧེ་བག་གང་ཡོད་ཤེས་ཐུབ་པ་དང་། རང་གི་ལུས་སེམས་དྲང་པོར་སྲོང་ཐུབ། །
ཞྭ་གོས་སྲོང་བ་ནི་གཙོ་བོར་མེ་ལོང་ལ་བལྟས་པའི་རྨང་གཞིའི་ཐོག དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གསུམ་གྱི་བླང་བྱ་ལྟར། རང་ཉིད་ཀྱི་ཞན་ཆ་དང་མི་འདང་སར་ལྟ་ཕོད་པ་དང་། ཏང་གི་སྒྲིག་ཁྲིམས་སྤྱི་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་ནན་བྱེད་པ། བསམ་བློ་ལ་ཕོག་ཐུག་གཏོང་ཕོད་པ་དང་འགལ་བ་དང་གནད་དོན་ལ་གདོང་གཏོད་ཕོད་པ། རང་ཉིད་ནས་འགོ་རྩོམ་ཞིང་དུས་ད་ལྟ་ནས་འགོ་བརྩམས་ཏེ། སྤྱོད་ལམ་དྲང་པོར་སྲོང་བ་དང་། རང་རྟོགས་ཀྱིས་ཏང་གཤིས་བློ་སྦྱོང་སྲོང་བ་དང་། ཏང་ཡོན་གྱི་འོས་འགན་གསེད་བཀྲོལ་བྱེད་པ། ཏང་ཁྲིམས་རྒྱལ་ཁྲིམས་སྡོམ་པ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་སྣང་བརྙན་བཟང་པོ་འཛིན་སྐྱོང་བྱེད་དགོས། ཞྭ་གོས་སྲོང་རྒྱུ་ཉིན་རེར་ཐེངས་རེས་མི་ཆོག་པར། “དེ་ལྟར་བདག་གིས་ཉིན་རེ་ལ། །རང་གི་ལས་ནི་ལན་གསུམ་འཆགས། །”ཅེས་པ་ལྟར་བྱེད་དགོས། རང་ཉིད་ལ་ཡོད་པའི་གནད་དོན་ལ་ཁ་གཏོད་པ་དང་ཐག་གཅོད་བྱེད་པར་སྤོབས་པ་ཡོད་དགོས་ཏེ། འོན་ཀྱང་འདི་ལྟར་བསྒྲུབས་ན་རང་དབང་ཆེ་ཤོས་ཟིན་ཐུབ་པ་རེད། “སྣང་མེད་ཕྲ་མོས་ཉམས་ཉེས་ས་བོན་གསོག །ཞེན་དང་ཆགས་པས་དཔའ་བོ་བཏུལ་བ་མང་། ”ཞེས་ཟེར་བ་ལྟར། རྒྱུན་དུ་ཞྭ་གོས་སྲོང་བའི་གོམས་གཤིས་བཟང་པོ་”ཆགས་ན་རྐྱེན་རྩ་ཆུང་ཟློག་གི་གོ་ཆོད་པས། “བྱ་སྤུ་བསགས་ནས་གྲུ་གཟིངས་ཆུ་ལ་བྱིང་། །ཡང་མོ་ཚོགས་ནས་ཤིང་རྟའི་འཁོར་ལོ་ཆག” ཅེས་པའི་སྣང་ཚུལ་ཟློག་ཐུབ། །
གཟུགས་པོ་བཀྲུ་བ་ནི་གཙོ་བོར་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་བསྐྱེད་དེ་སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་དང་། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་ཟབ་མོ། བསམ་བློ་དང་བྱ་སྤྱོད་ཐད་ཀྱི་དྲི་མ་གཙང་འཁྲུད། གནད་དོན་དངོས་ཐག་གཅོད་བྱེད་པས་མི་ཚད་བསམ་བློའི་གནད་དོན་ནི་དེ་བས་ཀྱང་ཐག་གཅོད་བཅས་བྱས་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་མཐའ་འཁྱོངས་བྱེད་དགོས། མི་རྣམས་ལ་ཉིན་རེ་བཞིན་ཐལ་རྡུལ་འགོ་བཞིན་ཡོད་པས། རྟག་ཏུ་ལུས་པོ་བཀྲུ་དགོས་ཀྱི་ཡོད་ལ། ཡི་ཙི་རེ་བྱུག་པ་དང་། འཕུར་བྱེད་མཉེན་མོས་འཕུར་འཕུར་རེ་བྱེད་པ། ཆུ་བཤལ་གཅིག་གཏོང་བ་བཅས་བྱས་པ་ན། སེམས་དྭངས་ཤིང་ཁམས་བདེ་པོ་ཞིག་ཡོང་གི་རེད། དེ་བཞིན་དུ། ང་ཚོའི་བསམ་བློ་དང་སྤྱོད་ལམ་ལ་ཡང་དྲི་མ་འགོ་སྲིད་ལ། ཆབ་སྲིད་ཀྱི་སྐྱེ་དངོས་ཕྲ་རབ་ཀྱིས་ལྷད་སྐྱོན་གཏོང་སྲིད་པས། “བཀྲུ་བཤལ་” རྒྱག་དགོས་པ་སྟེ། དྲི་ནག་ཕྱུངས་ན་ཁམས་སངས་ལ། རྩ་རླུང་བཤངས་ན་རྙིང་ཚབ་གསར་བརྗེ་ལ་ཕན་སྐྱེད་ཡོད་པས། གཙང་མ་གཙང་རྐྱང་གིས་ལས་ཀ་སྒྲུབ་ཐུབ་པ་དང་། དྲི་མས་མ་གོས་པའི་མི་ཞིག་བྱེད་ཐུབ། མི་ཁག་ཅིག་གིས་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ཐད་ཀྱི་དྲི་ནག་འགེབས་ཅི་ཐུབ་བྱེད་ཅིང། “གཟུགས་པོ་བཀྲུ་” འདོད་ཀྱི་མེད། མི་དེའི་གྲས་ལ་བློ་མཐུན་རྣམས་དང་རྩ་འཛུགས་ཀྱིས་རོགས་རམ་བྱས་ནས་ཁོ་ཚོར་“གཟུགས་པོ་བཀྲུ་”རུ་འཇུག་དགོས། །
ནད་གཞི་བཅོས་པ་ནི་གཙོ་བོར་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནས་ཚུལ་རིགས་དབྱེ་དང་ནད་ཐོག་སྨན་གཏོང་དང། སྤྱོད་ཚུལ་ཐད་གནད་དོན་ཡོད་པའི་ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་གསོ་བཏང་ནས་དྲན་སྐུལ་དང་། གནད་དོན་ཚབས་ཆེན་ཅན་ལ་རྩད་ཞིབ་ཆད་གཅོད་བཅས་བྱས་ཏེ། ཚུལ་མིན་སྤྱོད་ཡན་དང་མངོན་གསལ་དོད་པའི་གནད་དོན་དམིགས་བཀར་གྱིས་བཅོས་སྐྱོང་བྱེད་དགོས། མིའི་ལུས་ཁམས་ལ་ནད་གཞི་བྱུང་ན་སྨན་པ་བསྟེན་དགོས་པ་དང། ཁབ་རྒྱག་པ་དང་སྨན་འཐུང་དགོས་ལ། ནད་གཞི་ཚབས་ཆེན་ཡིན་ན་ད་དུང་གཤག་བཅོས་བྱེད་དགོས། དེ་བཞིན་དུ་མིའི་བསམ་བློ་དང་བྱ་སྤྱོད་ལ་སྐྱོན་བྱུང་ན་ཡང་ངེས་པར་དུ་དམ་འཛིན་བྱས་ནས་སྨན་བཅོས་བྱེད་དགོས། གལ་ཏེ་ནད་གསང་ནས་སྨན་བཅོས་མ་བྱས་ན། ནད་ཕྲན་འཕེལ་ནས་གཅོང་ཆེན་དུ་འགྱུར་ཉེན་ཆེ་ལ། ནད་གཞི་ཕྱི་པགས་སྟེང་ནས་རུས་རྐང་ལ་ཟུག་མཐར་བཅོས་ཐབས་མེད་པར་འགྱུར་བས། “ཆུང་དུས་འགོག་སླ། རྒྱས་མཐར་སྐྱོབ་དཀའ” ཞེས་པ་ལྟར་རེད། ཏང་རྩ་འཛུགས་རིམ་པ་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ། གནད་དོན་ཡོད་པའི་ཏང་ཡོན་དང་ལས་བྱེད་པ་ཚོར་རོགས་རམ་བྱས་ནས་“ནད་གཞི་”ངོས་འཛིན་བྱས་ཏེ། ནད་ལ་བསྟུན་ནས་སྨན་གཏོང་དགོས་ཏེ། ཀྲུང་སྨན་བསྟེན་དགོས་རིགས་ཀྱིས་ཀྲུང་སྨན་བསྟེན་པ་དང། ནུབ་སྨན་བསྟེན་དགོས་རིགས་ཀྱིས་ནུབ་སྨན་བསྟེན་པའམ། ཡང་ན་ཀྲུང་སྨན་དང་ནུབ་སྨན་སྤེལ་མར་བསྟེན་ལ། གཤག་བཅོས་བྱེད་དགོས་རིགས་ལ་གཤག་བཅོས་བྱེད་པ་བཅས་ཀྱིས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་གསལ་པོར་མཚོན་དགོས། །
གསུམ་པ། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་བསྐྱེད་དེ་སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་བྱེད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་བྱེད་པ་ནི་ང་ཚོའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་ཡིན་ལ། ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་སྟོབས་ཆེ་རུ་གཏོང་བ་དང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་མཚོན་ཆ་གོ་ཆོད་ཅིག་ཡིན། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་བསྐྱེད་དེ་འཛིན་དགོས་ཞེས་བརྗོད་དོན་གང་ཡིན་ནམ་ཞེ་ན། ཏང་ནང་ཁུལ་དུ་མང་ཚོགས་དང་ཁ་བྲལ་བའི་གནད་དོན་སྣ་ཚོགས་དང་ལྷག་པར་དུ་ “སྤྱོད་ཚུལ་བཞི” ཡི་གནད་དོན་ཚང་མ་སྨན་བཅོས་བྱེད་དཀའ་བའི་གཅོང་ནད་ཡིན་པས། གནད་དོན་དངོས་འབྲེལ་ཐག་གཅོད་བྱེད་དགོས་ན། ངོ་སོ་ལ་མི་འཛེམ་པ་དང་སྐྱོན་མཚང་འབྱིན་ཐུབ་པའི་སྙིང་སྟོབས་ལྡན་དགོས་པ་དང་། བཙན་པོར་གཏུགས་ཕོད་པ་དང་མདུན་རྩེ་ཁ་སྤྲོད་བྱེད་ཕོད་པའི་སྤོབས་པ་ལྡན་དགོས་པ། རྩ་བ་ཁུངས་འདེད་དང་སྙིང་རྩ་སྒུལ་ཐུབ་པའི་རྣམ་འགྱུར་ཡོད་དགོས། ད་ལྟ་སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་བྱེད་པའི་ “གོ་མཚོན་རྣོན་པོ” དེ་ས་གནས་མང་པོ་ཞིག་ཏུ་ “གོ་མཚོན་རྟུལ་པོ” རུ་གྱུར་ལ་བཙའ་བརྒྱབ་ཡོད་པས། གནད་དོན་ལ་ཕོག་ཐུག་མེད་པ་དང་གཏིང་ཟབ་སར་ཟུག་མེད་པར། བྱ་སྒྲོ་ཕྱོགས་མས་རྐུབ་ལ་གཞུས་པ་ལྟར་ན་ཟུག་ལྟ་ཅི་ཟ་འཕྲུག་ཀྱང་མི་ལང་བ་དང་། འགའ་ཞིག་གིས་ཐ་ན་རང་སྐྱོན་རང་རྗོད་བྱ་རྒྱུ་དེ་རང་ངོ་རང་བསྟོད་བྱེད་པར་བསྒྱུར་ཡོད་པ་དང་། ཕན་ཚུན་སྐྱོན་བརྗོད་བྱ་རྒྱུ་དེ་ཕན་ཚུན་ངོ་བསྟོད་བྱེད་པར་བསྒྱུར་ཡོད། ཐེངས་འདིའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོའི་ནང་དུ་སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་ཀྱི་ཐད་ལ་ཤུགས་ཆེན་པོ་རྒྱག་དགོས་ཀྱི་ཡོད།།
དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོར་འཚོག་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་གསོ་བཏང་ནས་ “མཐུན་སྒྲིལ——སྐྱོན་བརྗོད་——མཐུན་སྒྲིལ” གྱི་སྤྱི་འགྲོས་འདི་རྒྱུན་འཁྱོངས་བྱས་ཏེ། རང་སྐྱོན་རང་རྗོད་བྱས་ན་ངོ་ཚ་ཉོ་བ་དང་། གོང་རིམ་ལ་སྐྱོན་བརྗོད་བྱས་ན་འཁོན་འཛིན་ཁག་འགེལ་བྱེད་དོགས་པ། རང་མཉམ་ལ་སྐྱོན་རྗོད་བྱས་ན་མཐུན་སྒྲིལ་ལ་གནོད་འགྲོ་བ། འོག་རིམ་ལ་སྐྱོན་བརྗོད་བྱས་ན་འདེམས་ཤོག་ཤོར་འགྲོ་བ་སོགས་ཀྱི་སེམས་ཁྲལ་ཁྱད་གསོད་བྱས་ཐོག རང་ཉིད་ལ་དབྱེ་ཞིབ་དང་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་ཕྱོགས་མཚུངས། ཀུན་སློང་རྣམ་དག་གིས་ཕན་ཚུན་ལ་སྐྱོན་བརྗོད་ཀྱང་བྱེད་པ་དང་། བསམ་བློ་དང་སྙིང་ཁོང་ལ་ཕོག་པ་བཟོ་དགོས་ཤིང་། གདོང་མདོག་དམར་པོར་འགྱུར་ལ་ལུས་ནས་རྔུལ་ཆུ་ཐོན་པ་ཞིག་བཟོ་དགོས་པར་མ་ཟད། ཀུན་སྤྱོད་དག་ཐེར་གྱི་ཁ་ཕྱོགས་གསལ་ངེས་ཀྱང་ཡོང་བར་བྱེད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་གང་ཞིག་ཡིན་རུང་ཚང་མ་དངོས་ཐོག་བདེན་འཚོལ་དང་། སྤྱི་དོན་ལ་དམིགས་པ། གཞན་ལ་ཕན་འདོགས་པ་བཅས་ཀྱི་དོན་དུ་ཡིན་དགོས་པ་ལས། “བྱ་རྔ་མོང་གི་སྲིད་ཇུས” སྤྱོད་མི་ཉན་པ་དང་། ཁྲལ་སེལ་སླ་བཅོས་བྱེད་མི་ཉན་ལ། སྐྱོན་འགེབས་མཛེས་སྤྲོས་བྱེད་མི་ཉན་ཞིང་། འཁོན་ལན་སློག་མི་ཉན། ཤ་ཚ་བའི་ཚིག་ལ་སྙན་མོ་མེད། ནད་དྲག་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་ལྟར། སྐྱོན་བརྗོད་དང་བསམ་འཆར་གང་བྱུང་ལ་ཡོད་ན་ཡོ་བསྲང་དང་མེད་ན་དོགས་ཟོན་བྱེད་པའི་རྣམ་འགྱུར་འཛིན་དགོས་པ་ལས་ “སྐྱོན་བརྗོད” ཉིད་ཀྱིས་སྐྱོན་བརྗོད་འགོག་པ་དང་། རྩ་དོན་མེད་པའི་རྩོད་གླེང་གཏན་ནས་བྱེད་མི་རུང་།།
མང་ཚོགས་ཀྱི་མིག་གིས་མི་མཐོང་བ་མེད་པས། ཏང་ཡོན་དང་ལས་བྱེད་པ་ཚོར་གནད་དོན་གང་ཡོད་མང་ཚོགས་ཀྱི་མིག་ནང་དུ་ལྷང་རེར་གསལ་ཞིང་། མང་ཚོགས་ལ་སྐད་ཆ་བཤད་དབང་ཆེན་ཡོད། དེ་ལ་སྒོ་ཕྱེ་ནས་བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མ་ཉིད་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་པ་དང་། ལྷུ་ཚིགས་རེ་རེའི་ནང་དུ་མང་ཚོགས་སྒྲིག་ལམ་ལྡན་པའི་ངང་ཐེ་ཞུགས་བྱེད་དུ་བཅུག་ནས། མང་ཚོགས་ལ་ལྟ་སྐུལ་དང་དཔྱད་པ་གཏོང་དུ་འཇུག་དགོས་པ་ལས། “རང་གཏམ་ཆིག་ལབ་དང་། རང་གཞས་ཁེར་ལེན་” བྱེད་མི་རུང་ལ། སྒོ་བཅད་ནས་སྒོམ་སྒྲུབ་དང་ཁོག་ཏུ་བཅུག་ནས་འཁོར་རྒྱུག་བྱེད་མི་རུང་།།
བཞི་པ། འགོ་ཁྲིད་པས་སྣེ་འཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དར་ཁྱབ་ཆེ་བའི་ཁ་རྒྱུན་འདི་འདྲ་ཞིག་ཡོད་དེ། གནད་དོན་ཁག་ཅིག་དུས་ཡུན་རིང་པོར་ཐག་གཅོད་བྱེད་མི་ཐུབ་པ་ནི་མངོན་ས་གཞི་རིམ་ཡིན་ལ་རྩ་བ་གོང་རིམ་ན་ཡོད་པ་དང་། གོང་རིམ་ལ་ན་ཚ་བྱུང་ན་གཞི་རིམ་གྱིས་སྨན་བསྟེན་གྱི་ཡོད་ཅེས་ཟེར། དངོས་འབྲེལ་བཤད་ན། མང་ཚོགས་དང་ཁ་བྲལ་བའི་གནད་དོན་སྣ་ཚོགས་ལ་ཆ་མཚོན་ན། གཙོ་བོར་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པའི་ནང་དུ་ཐོན་གྱི་ཡོད། ཐེངས་འདིའི་བྱེད་སྒོ་ནས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པ་བཅས་གཙོ་གནད་དུ་གཟུང་རྒྱུ་ཡིན། བཤད་རྒྱུན་ལ་ཡང་། ཐོག་མར་རང་ཉིད་བསྡམ་བྱ་ལ། དེ་ནས་སྐྱེ་བོ་གཞན་འདོམས་བྱ། ཞེས་དང་། ལྕགས་རྡུང་བར་ཐོ་བ་སྲ་དགོས། ཞེས་པའི་བཤད་སྲོལ་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྔོན་མ་བྱས་ནས་ཐེངས་འདིའི་བྱེད་སྒོ་སྤེལ་དགོས་པ་ཀྲུང་དབྱང་གིས་ཐག་གཅོད་བྱས་པ་དེའི་དམིགས་ཡུལ་ནི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཆེད་ཡིན། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ངེས་པར་དུ་མིག་དཔེ་སྟོན་དགོས།།
རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོ་ནི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། ལྟ་སྐུལ་བྱེད་མཁན་བཅས་ཡིན་པར་མ་ཟད། བྱེད་སྒོར་ཞུགས་མཁན་ནི་དེ་བས་ཀྱང་ཡིན་པས། ཏང་ཡོན་ཕལ་བ་ཞིག་གི་ཐོབ་ཐང་ངོས་ནས་རང་ཉིད་དེའི་ནང་དུ་བཅུག་སྟེ། ངོས་འཛིན་མཐོ་ཙམ་དང་། སློབ་སྦྱོང་ཟབ་ཙམ། ལག་ལེན་སྔ་ཙམ། མངོན་གསལ་དོད་པའི་གནད་དོན་དབྱེ་ཞིབ་དང་ཐག་གཅོད་ཡག་ཙམ་བཅས་བྱེད་དགོས།།
རང་གིས་རང་ཉིད་ལ་བརྟག་ཞིབ་བྱས་པ་གནད་ལ་འཁེལ་ཡོད་མེད་དང་། ཟབ་མི་ཟབ། ནན་མི་ནན་བཅས་ནི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་མིན་ལ་དཔྱད་ཞིབ་བྱེད་སྤྱད་གལ་ཆེན་ཞིག་རེད། སྒེར་སེམས་མེད་ན་འཇིགས་པ་མེད། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚང་མས་ཉམས་སྒྲོབ་སྤངས་ཏེ། ཁེངས་སྐྱུང་ངང་རིམ་པ་འོག་མ་དང་གཞི་རིམ། ཏང་ཡོན་དང་མང་ཚོགས་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། ཚད་གཞི་སྟོན་པ་དང་མིག་ལྟོས་ཡར་འགྲན་བྱེད་པའི་རྣམ་འགྱུར་བཟུང་ནས་རང་ཉིད་ལ་ཞིབ་བཤེར་བྱེད་དགོས་ཤིང་། རང་ཉིད་དང་། འགོ་ཁྲིད་ཚན་པ། རང་ས་གནས་དང་རང་སྡེ་ཁག་གི་སྤྱོད་ཚུལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ནན་ཏན་གྱིས་འདོན་དགོས་ལ། གནད་དོན་གྱི་འགག་རྩ་དང་འབྱུང་རྩར་དབྱེ་ཞིབ་ཟབ་མོ་བྱེད་དགོས་པ་དང་། དག་ཐེར་དང་ཡོ་བསྲང་བྱེད་པའི་ཁ་ཕྱོགས་དང་བྱེད་ཐབས་དངོས་གསལ་པོར་འདོན་དགོས་ཀྱི། གནད་དོན་འདོན་སྐབས་བྱ་བ་མ་གཏོགས་མི་མི་འདོན་པ་དང་། མི་གཞན་པར་མ་གཏོགས་རང་ཉིད་ལ་ཁ་མི་གཏོད་པ། ཚབས་ཆེན་བྱོལ་ནས་ཚབས་ཆུང་ལ་འཇུག་པ་སོགས་ནི་བྱེད་མི་རུང་། འདི་ལྟ་བུའི་ཡིད་བརྟན་དང་ཆོད་སེམས་ཡོད་ན། སྐྱོན་བརྗོད་དང་རང་སྐྱོན་རང་རྗོད་སྤེལ་ཐུབ་པ་དང་།མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་གྲུབ་འབྲས་ཡག་པོ་ཐོན་ཐུབ་ལ། རིམ་པ་གོང་མ་གོང་མས་འོག་མ་འོག་མར་མིག་དཔེ་བསྟན་རྒྱུ་དོན་ཐོག་ཏུ་འཁྱོལ་ཐུབ། །
ལྔ་པ། ཡུན་རིང་གོ་ཆོད་ཀྱི་ལམ་སྲོལ་འཛུགས་རྒྱུར་མཐོང་ཆེན་བྱེད་དགོས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱ་རྒུ་ནི་རྟག་བརྟན་གྱི་བརྗོད་གཞི་ཞིག་ཡིན་པ་དང་། སྤྱོད་ཚུལ་གྱི་གནད་དོན་ལ་བསྐྱར་ཟློས་ཀྱི་རང་བཞིན་དང་མཁྲེགས་འཛིན་གྱི་རང་བཞིན་ལྡན་ཡོད་པས། སྒྲུབ་ཐེངས་གཅིག་གིས་འགྲུབ་ཐུབ་པ་དང་མཐར་ཆོད་ཐུབ་པ་ཞིག་ཡོང་མི་སྲིད་ལ། རླུང་ལྟར་གཡུག་ཙམ་བྱས་འཕྲལ་དུ་མཚམས་འཇོག་པ་ནི་དེ་བས་ཀྱང་བྱེད་མི་རུང་བར། ངེས་པར་རྟག་ཏུ་འཛིན་དགོས་པ་དང་དུས་ཡུན་རིང་པོར་འཛིན་དགོས། ང་ཚོས་མིག་མདུན་ལ་གཞི་བཙུགས་ནས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ལ། མིག་རྒྱང་རིང་དུ་བལྟས་ཏེ་ཏང་ཡོན་དང་ལས་བྱེད་པ་ཚོས་དམངས་ཆེད་དང་། དངོས་སྒྲུབ། སྤྱོད་གཙང་གསུམ་རྒྱུན་འཁྱོངས་བྱེད་པའི་ཡུན་རིང་གོ་ཆོད་ཀྱི་ལམ་སྲོལ་ཡང་འཐུས་སྒོ་ཚང་བར་འཛུགས་དགོས། །
ལོ་ངོ་མང་པོར་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ང་ཚོར་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཐད་མ་ལག་ཅུང་ཟད་ཆ་ཚང་བའི་ལམ་ལུགས་ཀྱི་གཏན་འབེབས་མངའ་ཡོད་པ་དང་། དེ་དག་ལས་མང་ཆེ་བ་སྤྱོད་གོ་ཆོད་པ་དང་མང་ཚོགས་ཀྱིས་ཁས་ལེན་བྱེད་པས། མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གིས་ཐེངས་འདིའི་སློབ་གསོ་དང་ལག་ལེན་བྱེད་སྒོར་བླང་བྱ་གསར་པ་ཁག་ཅིག་བཏོན་ཡོད་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྱང་ཉམས་མྱོང་གསར་པ་ཁག་ཅིག་གསར་གཏོད་བྱས་ཡོང་བས། ཀྲུང་དབྱང་གི་བླང་བྱ་དང་། དགོས་མཁོ་དངོས། ཉམས་མྱོང་གསར་པ་བཅས་གཅིག་སྡེབ་བྱས་ཏེ། ལམ་ལུགས་གསར་པ་གཏན་འབེབས་བྱེད་དགོས་པ་དང་། ད་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། སྤྱད་མི་འཐུས་པའི་ལམ་ལུགས་མེད་པར་བཟོ་དགོས། ལམ་ལུགས་གང་འདྲཞིག་གསར་དུ་འཛུགས་པ་དང་འཐུས་ཚང་དུ་གཏོང་ན་ཡང་ཚང་མ་ཁྲིམས་དང་འབྲེལ་རིགས་ཁྱབ་མཉམ་ཡིན་དགོས་པ་དང་། དོན་དང་འབྲེལ་རིགས་སྟབས་བདེ་ཡིན་དགོས་པའི་རྩ་དོན་ལྟར། དངོས་གཞིའི་རང་བཞིན་ཅན་གྱི་ཚད་གཞི་དང་འགན་སྲུང་རང་བཞིན་ཅན་གྱི་ཚད་གཞི་ཟུང་འབྲེལ་དང་ཆ་འགྲིག་ཡོང་རྒྱུ་གཙིགས་སུ་བཟུང་སྟེ། དམིགས་གཏད་རང་བཞིན་དང་། སྤྱོད་བདེའི་རང་བཞིན།མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པའི་ཁག་ཐེག་བྱེད་དགོས།
ལམ་ལུགས་ཆགས་ཚར་ཕྱིན་བརྩི་སྲུང་ནན་པོ་བྱས་ཏེ། ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ལམ་ལུགས་ལག་བསྟར་བྱེད་སྐབས་དམིགས་བསལ་མེད་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ལམ་ལུགས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་དང་། བཀའ་མི་སྒྲུབ་པ་དང་སྡོམ་མི་སྲུང་བའི་བྱ་སྤྱོད་སྣ་ཚོགས་བློ་ཐག་རྦད་ཆོད་ཀྱིས་ཡོ་བསྲང་བྱས་ནས། ལམ་ལུགས་ཉིད་མིང་དོན་མཚུངས་པའི་སྒོ་ནས་ཏང་ཡོན་དང་ལས་བྱེད་པ་ཚོས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དང་ཞབས་ཞུ་སྒྲུབ་པའི་སྡོམ་འཆིང་བཙན་པོ་ཆགས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱ་རྒྱུ་དེ་མིང་དོན་མཚུངས་པའི་སྒོ་ནས་ཏང་ཡོན་དང་ལས་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།།