ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་དོན་བཞི་པ།༽ལོ་རྒྱུས་ཀྱི་བློ་གྲོས་ལ་བརྟེན་ནས་རུལ་རྒོལ་གཙང་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཁུངས། ཀློག་གྲངས།

ལོ་རྒྱུས་ཀྱི་བློ་གྲོས་ལ་བརྟེན་ནས་རུལ་རྒོལ་གཙང་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

(2013ལོའི་ཟླ་4ཚེས་19ཉིན།)

ལོ་རྒྱུས་ཀྱི་ཉམས་མྱོང་ལ་དོ་སྣང་བྱེད་རིན་ཡོད་པ་དང་། ལོ་རྒྱུས་ཀྱི་བསླབ་བྱ་ནི་དེ་བས་ཀྱང་བསླབ་བྱར་ལེན་འོས་པ་རེད། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ལྡན་ཞིང་ལྗིད་རྫོབ་ཆེ་བའི་བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་གྱི་མདུན་དུ། “ལོ་བརྒྱ་གཉིས་” ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ངེས་པར་དུ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་ཕུལ་དུ་བྱུང་བའི་སྲིད་དོན་གཙང་སྐྱོང་གི་རིག་གནས་ཧུར་ཐག་གིས་དཔྱད་གཞིར་བཟུང་ནས། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་མཐོར་འདེགས་དང་། རུལ་ཟློག་འགྱུར་འགོག་དང་ཉེན་ཁ་བཀག་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་ཆགས་རྒྱུ་ཁག་ཐེག་བྱེད་དགོས། །

ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པར། ང་ཚོས་ཏང་གིས་རུལ་རྒོལ་གཙང་སྤེལ་བྱེད་པའི་ཡུན་རིང་ལག་ལེན་ཁྲོད་གསོག་འཇོག་བྱས་པའི་ལེགས་གྲུབ་ཉམས་མྱོང་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་རུལ་རྒོལ་གཙང་སྤེལ་གྱི་བྱེད་ཐབས་དགེ་མཚན་ཅན་དཔེ་ལྟ་ཧུར་ཐག་བྱེད་དགོས་ཤིང་། རང་རྒྱལ་གྱི་ལོ་རྒྱུས་སྟེང་གི་རུལ་རྒོལ་གཙང་སྤེལ་གྱི་ཤུལ་བཞག་རྩ་ཆེན་ལའང་དཔེ་ལྟ་ཧུར་ཐག་བྱེད་དགོས། རང་རྒྱལ་གྱི་རུལ་རྒོལ་གཙང་སྤེལ་ལོ་རྒྱུས་ལ་ཞིབ་འཇུག་དང་། རང་རྒྱལ་གྱི་གནའ་རབས་ཀྱི་སྲིད་དོན་གཙང་སྐྱོང་གི་རིག་གནས་ཤེས་རྟོགས། རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་རུལ་རྒོལ་གཙང་སྤེལ་གྱི་རྒྱལ་ཕམ་ཐོབ་ཤོར་ལ་བརྟག་དཔྱད་བཅས་བྱས་ན། ང་ཚོར་བློ་སྐྱེད་ཟབ་མོ་འབྱུང་ཐུབ་པ་དང་། ང་ཚོས་ལོ་རྒྱུས་ཀྱི་བློ་གྲོས་ལ་བརྟེན་ནས་རུལ་རྒོལ་གཙང་སྤེལ་ལས་དོན་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་རེད།

ང་ཚོའི་ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཏང་དང་རྒྱལ་ཁབ་ལ་ཤི་གསོན་ཆགས་འཇིག་ཅི་ཡོང་དང་འབྲེལ་བའི་མཐོ་ཚད་དུ་བཞག་ནས་ངོས་འཛིན་བྱེད་པ་ནི་གནའ་དེང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ལོ་རྒྱུས་ཀྱི་བསླབ་བྱ་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་ཡིན། སྙིང་པོར་གྱུར་པའི་གནད་དོན་ནི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་རྒྱབ་བརྟེན་དམ་པོ་བྱ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ལ་བཅངས་པའི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱ་རྒྱུ། མང་ཚོགས་དང་སྐད་ཅིག་ཙམ་ཡང་ཁ་མི་འབྲལ་བ་བྱ་རྒྱུ་བཅས་ཡིན། དེ་འདྲ་ཞིག་བྱེད་ཐུབ་དགོས་ན། ངེས་པར་དུ་སྟོབས་ཤུགས་ཆེས་ཆེར་བསྐྱེད་དེ་སྒྱིད་ལུག་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། ཏང་ཉིད་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་གཅིག་སེམས་གཅིག་གཏོད་དང་། དབུགས་ལམ་གཅིག་གྱུར། ལས་དབང་མཉམ་འཁུར་བཅས་ཡོང་རྒྱུ་ཁག་ཐེག་བྱེད་དགོས།

ཀྲུང་དབྱང་གིས་ཀུན་སྤྱོད་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཅས་ལ་ངོ་རྒོལ་བྱེད་དགོས་ཚུལ་བཏོན་པ་ནི། རུལ་རྒོལ་གཙང་སྤེལ་དམ་འཛིན་བྱེད་པའི་ཤུགས་རྒྱག་ས་དང་། ཏང་གིས་སྲིད་དབང་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་པོར་འདིང་བའི་འཇུག་སྒོ་ཞིག་བཏོན་པ་དེ་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དེ་ལྟ་བུའི་ཆབ་སྲིད་ཀྱི་མཐོ་ཚད་སྟེང་ནས་གནད་དོན་འདི་ངོས་འཛིན་བྱས་ཏེ། བསམ་བློའི་སྟེང་རྨོངས་གཉིད་ལས་སད་པ་དང་། “ངེས་པར་དུ་བྱེད་དགོས་པ་གཉིས” ཡིད་ལ་བརྟན་པོར་འཆང་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་ཚུལ་ལེགས་བཅོས། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བཅས་ཏེ། དངོས་གནས་དྲང་གནས་རྡོ་ལ་རྐང་རྗེས་དང་ལྕགས་ལ་ལག་རྗེས་འཇོག་ཐུབ་པའི་སྒོ་ནས་རུལ་རྒོལ་གཙང་སྤེལ་གྱི་འཕེལ་ཀ་གསར་པ་དང་གྲུབ་འབྲས་གསར་པར་བརྟེན་ནས་མི་དམངས་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས།

རུལ་རྒོལ་གཙང་སྤེལ་སྐོར་གྱི་སློབ་གསོ་དང་སྲིད་གཙང་རིག་གནས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་གིས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བསམ་བློ་ཀུན་སྤྱོད་ནས་འཛིན་འགོ་རྩོམ་པ་དེར་རྨང་གཞིའི་རང་བཞེན་གྱི་ནུས་པ་ལྡན་པ་སྟེ། བསམ་བློ་དྭངས་གཙང་ཡོང་རྒྱུ་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གིས་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པའི་གཞི་རྩ་ཡིན་པ་དང་། ཀུན་སྤྱོད་མཆོག་ཏུ་གྱུར་པ་ནི་འགོ་ཁྲིད་ལས་བྱེད་པ་གཞུང་དྲང་སྤྱོད་གཙང་ཡོང་བའི་རྨང་གཞི་ཡིན། ང་ཚོས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོ་སྣེ་ཁྲིད་བྱས་ཏེ་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སྤྱོད་པ་གཙང་པོས་སྲིད་དོན་ལ་འཇུག་པའི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་འདིང་དགོས་པ་དང་། རུལ་ཟློག་འགྱུར་འགོག་གི་བསམ་བློ་དང་ཀུན་སྤྱོད་ཀྱི་སྲུང་རགས་བརྟན་པོར་རྩིག་དགོས། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་འཛུགས་སྐྲུན་ཡག་པོར་འཛིན་པ་དང་། ཏང་གཤིས་ཀྱི་སློབ་གསོ་དང་ཏང་གི་ངོ་བོའི་བློ་སྦྱོང་ཡག་པོར་འཛིན་པ། ཀུན་སྤྱོད་ཀྱི་འཛུགས་སྐྲུན་ཡག་པོར་འཛིན་པ་བཅས་བྱེད་དགོས་པ་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན། འཇིག་རྟེན་ལྟ་བ་དང་། དབང་ཆའི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་པ་བརྟན་པོར་སྐྱེད་པ། མིག་དཔེ་བསྟན་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་ཉམས་ལེན། རིགས་པའི་གཞུང་ལུགས་སྟེང་གི་བློ་རྩ་བརྟན་པོའི་ཐོག་ནས་བྱ་སྤྱོད་སྟེང་དུ་བློ་རྩ་བརྟན་པོ་ཡོང་བར་ཁག་ཐེག བསམ་བློའི་སྟེང་གི་རིག་པ་གསལ་པོའི་ཐོག་ནས་དབང་ཆ་སྤྱོད་པའི་ཐད་དུ་རིག་པ་གསལ་པོ་ཡོང་རྒྱུ་ཁག་ཐེག ཏང་གི་དམིགས་འབེན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་མཆོག་གྱུར་གཤིས་རྒྱུད་དང་ལྷད་མེད་སྤྱོད་ལམ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

ལམ་ལུགས་ཀྱི་གནད་དོན་ལ་ནི་དེ་བས་ཀྱང་གཞི་རྩའི་རང་བཞིན་དང་། སྤྱི་ཁོག་གི་རང་བཞིན། བརྟན་བརླིང་གི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ལྡན་ཡོད། གནད་འགག་ནི་དབང་ཆ་བཀོལ་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས། མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་དུ་འཇུག་པ་དང་། དབང་ཆ་ཉིད་ཉི་མའི་འོད་ཀྱི་འོག་ཏུ་བཀོལ་སྤྱོད་བྱེད་དུ་འཇུག་དགོས་ལ། དབང་ཆ་ཉིད་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་དགོས། སྔར་བས་ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་རུལ་སུངས་སྔོན་འགོག་བྱེད་དགོས་པ་སྟེ། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་རྒྱུ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དང་། རུལ་རྒོལ་སྐོར་གྱི་བཅའ་ཁྲིམས་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། བཅའ་ཁྲིམས་དང་ལམ་ལུགས་དབང་བཙན་ངང་འཁོར་རྒྱུག་བྱེད་དུ་འཇུག་དགོས། དཔེ་མཚོན་ཅན་གྱི་གྱོད་དཔེ་དབྱེ་ཞིབ་བྱེད་པར་ཤུགས་སྣོན་དང་། རུལ་སུངས་ཀྱི་གནད་དོན་འབྱུང་མང་བའི་ཁྱབ་ཁོངས་དང་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ཟབ་སྤེལ། སྒྲིག་སྲོལ་ངོས་ཀྱི་ཞན་ཆ་དང་ལམ་ལུགས་ངོས་ཀྱི་འཐུས་ཤོར་བྱུང་ས་ཉུང་འཕྲི་གང་ཆེ་བཅས་བྱས་ནས། བསྒྱུར་བཅོས་ཟབ་སྤེལ་བརྒྱུད་རུལ་སུངས་ཀྱི་སྣང་ཚུལ་རྒྱུན་འབྱམས་སུ་སྐྱེ་འཕེལ་ཡོང་བའི་ས་རྒྱུ་རྒྱུན་ཆད་མེད་པར་གཙང་སློག་བྱེད་དགོས། 

རུལ་རྒོལ་གཙང་སྤེལ་ནི་ངེས་པར་དུ་རྒྱུན་གཏན་ལྷོད་མེད་ཀྱིས་འཛིན་དགོས་པ་དང་། རུལ་ཟློག་འགྱུར་འགོག་ལ་ངེས་པར་དུ་ཉེན་བརྡ་ཡུན་རིང་སྒྲོག་དགོས། “གནོད་འབུ་མང་ན་ཤིང་སྡོང་འགྱེལ། ། སེར་ཀ་ཆེ་ན་རྩིག་པ་ཉིལ། །”ཞེས་པའི་གནས་ལུགས་མི་བརྗེད་སེམས་ལ་འཛིན་པ་དང་། རུལ་སུངས་ལ་ཆད་པ་གཅོད་པའི་བཙན་སྟབས་མཐའ་འཁྱོངས་བྱས་ཏེ། གྱོད་དོན་ཡོད་ཕྱིན་རྩད་ཞིབ་བྱེད་ངེས་པ་དང་། རུལ་སུངས་བྱུང་ཕྱིན་ཆད་པ་གཅོད་ངེས་པ་བྱེད་ཐུབ་དགོས་པ་དང་། “སྟག་མོ་” དང་ “སྦྲང་ནག” མཉམ་རྡུང་བྱ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་། ལས་བྱེད་པ་གཙང་མ། སྲིད་གཞུང་གཙང་མ། ཆབ་སྲིད་གཙང་མ་བཅས་ཡོང་བར་ཧུར་ཐག་བྱེད་དགོས།