ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ༼པོད་དང་པོའི་ཁག་དོན་ལྔ་པ༽ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བྱེད་དགོས།

ཁུངས། ཀློག་གྲངས།

​ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བྱེད་དགོས།

(2014ལོའི་ཟླ་1ཚེས་14ཉིན།)

ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་གསར་གཏོད་དང་ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་བློ་དང་ཆབ་སྲིད་ཐད་ཀྱི་སློབ་གསོར་ཤུགས་སྣོན། ཏང་གི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས“ སྤྱོད་ཚུལ་བཞི་ ” ཡོ་བསྲང་། རུལ་སུངས་ལ་ཆད་པ་གཅོད་པའི་བཙན་སྟབས་མཐའ་འཁྱོངས་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་འདོད་བློ་ཅུང་ཟད་ཁེངས་པའི་འཕེལ་ཀ་དང་གྲུབ་འབྲས་བརྩོན་ལེན་བྱེད་དགོས། །

2013ལོར། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཏང་གི་སྒྲིག་ཁྲིམས་སྤྱི་དང་ཁྱད་པར་དུ་ཆབ་སྲིད་སྒྲིག་ཁྲིམས་སྡོམ་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ཀྱི་གྱོད་གཞི་རྩད་ཞིབ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཕྱོགས་སུ་བྱེད་ཐབས་དྲག་པོ་སྤྱད་དེ། ལས་ཀའི་ཁྱད་ཆོས་གསལ་པོ་ཆགས་ཡོད། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་འཕེལ་སྐྱེད་གསར་པ་བླངས་ཡོད། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ནས་སྒྲུབ་འགོ་བརྩམས་ཏེ། རིམ་པ་གོང་མ་གོང་མས་འོག་མ་འོག་མར་སྣེ་ཁྲིད་ཀྱིས་མིག་དཔེའི་ནུས་པ་བཏོན་ཡོད་པ་དང་གཅིག མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རྒྱུ་དེ་འཇུག་སྒོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཟང་སྐྱོར་ངན་འདོན་གྱིས་འཕེལ་སྐྱེད་མངོན་གསལ་བླངས་ཡོད་པ་དང་གཉིས། རུལ་སུངས་ཀྱི་གྱོད་གཞི་བློ་ཐག་རྦད་ཆོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་ཏེ། “སྟག་མོ” དང་ “སྦྲང་ནག” མཉམ་རྡུང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ངན་རུལ་པར་མགོ་གནོན་བྱེད་པའི་བཙན་སྟབས་ཆགས་ཡོད་པ་དང་གསུམ། དབང་ཆ་ཚད་ལྡན་ངང་འཁོར་རྒྱུག་ཡོང་བར་སྐུལ་འདེད་བྱ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་བྱེད་ཤུགས་ཆེར་སྐྱེད་དང་། སྐོར་ཞིབ་ལས་ཀར་ཤུགས་སྣོན་དང་ལེགས་སྒྱུར། མི་དམངས་མང་ཚོགས་ཀྱི་ཐེར་འདོན་དང་ལྟ་སྐུལ་བྱེད་ལམ་གཤོང་བ་བཅས་བྱས་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་དང་བཞི་བཅས་ཡིན།

གྲུབ་འབྲས་ཁས་ལེན་པ་དང་ཆབས་ཅིག་རུལ་སུངས་སྐྱེ་འཕེལ་ཡོང་བའི་ས་རྒྱུ་སྔར་བཞིན་གནས་པ་དང་། རུལ་རྒོལ་གྱི་གནས་བབ་སྔར་བཞིན་ཛ་དྲག་དང་གནས་ཚབས་ཆེ་བ། ཚུལ་མིན་སྤྱོད་པ་དང་རུལ་སུངས་ཀྱི་གནད་དོན་ཁག་ཅིག་གི་ཤུགས་རྐྱེན་ཤིན་ཏུ་ངན་པ་དང་འཕྲལ་དུ་ཐག་གཅོད་བྱེད་དགོས་ཚུལ་བཅས་ཀྱང་ང་ཚོས་མཐོང་ཐུབ་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་རུལ་རྒོལ་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་གི་རང་བཞིན། དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྨན་གཉན་པོས་ནད་གཅོང་འཇོམས་པ་དང་ཁྲིམས་བཙན་པོས་དུས་ཟིང་བཅོས་པའི་ཆོད་སེམས་དང་། རུས་པ་བྲད་ནས་གཉན་དུག་སེལ་བ་དང་དཔའ་བོས་དཔུང་བ་གཅོད་པའི་སྤོབས་སེམས་བསྐྱེད་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་དེ་སེམས་ཐག་གཙང་བཅད་ཀྱིས་མཐར་མ་ཐུག་བར་དུ་སྤེལ་དགོས།

རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་སྒོ་ཚང་བར་འཛུགས་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྩེ་རིམ་གྱི་ཇུས་འགོད་ཅིག་ཡིན། ཀྲུང་དབྱང་གིས་《2013ལོ་ནས་2017ལོའི་བར་གྱི་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་སྒོ་ཚང་བར་འཛུགས་པའི་ལས་ཀའི་འཆར་བཀོད་》དཔར་འགྲེམས་བྱས་པ་དེ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཀྱི་ལས་ཀ་སྤེལ་བའི་སྐོར་གྱི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། ཏང་ཨུ་རིམ་པ་ཁག་གིས་ལག་བསྟར་ནན་ཏན་བྱས་ཏེ། ཆབ་སྲིད་ལས་འགན་གལ་ཆེན་འདི་བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་དོན་ཁག་གི་ནང་དུ་དཀྱུས་གཅིག་ཏུ་བསྟར་དགོས།

ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་པའི་གནད་དོན་ཐག་གཅོད་ཡག་པོར་བྱ་རྒྱུ་དེ་ནི་སྒྲུབ་ཐེངས་གཅིག་གིས་འགྲུབ་ཅིང་མཐར་ཆོད་ཐུབ་པ་ཞིག་མིན་པས། དུས་རྟག་ཏུ་ལྷོད་མེད་དམ་འཛིན་བྱེད་དགོས། ང་ཚོས་འགོ་ཡག་པོ་ཞིག་བརྩམས་ཟིན་ཡོད་པས། གོམ་པ་རིམ་བགྲོད་ཀྱིས་ཟབ་སྤེལ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་འཛིན་ན་ཐོག་མར་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་དགོས་པ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་སེམས་ལ་འཇགས་དགོས་ཤིང་། ཏང་གིས་ལས་བྱེད་པར་བཏོན་པའི་བླང་བྱ་ཡིད་ལ་ངེས་དགོས། ཏང་གི་ལས་བྱེད་པ་ཡིན་པའི་ཆ་ནས་སྤྱི་སེམས་ལས་སྒེར་སེམས་མེད་པ་དང་། གཞུང་སྒེར་གྱི་དབྱེ་མཚམས་གསལ་འབྱེད། སྔོན་ལ་གཞུང་དང་རྗེས་ལ་སྒེར་བསམ་པ། སྤྱི་དོན་ཁོ་ན་ལས་སྒེར་དོན་མི་བསམ་པ་བཅས་སྟངས་འཛིན་བྱེད་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་གཞུང་དོན་བསམ་པ་དང་། བྱ་བ་ཚང་མ་སྤྱི་དོན་བསམས་ནས་སྒྲུབ་པ་ཡིན་ན་ད་གཟོད་མི་རྣམ་དག་ཅིག་བྱེད་ཐུབ་པ་དང་། དབང་ཆ་གཟབ་ནན་ངང་སྤྱོད་ཐུབ་ཅིང་། ཁ་གསལ་གཏིང་གསལ་དང་ཟོལ་མེད་གཞུང་དྲང་ཡོང་ཐུབ་པ་རེད། སྤྱོད་ཚུལ་གྱི་གནད་དོན་ཚང་མ་གཞུང་སྒེར་གྱི་གནད་དོན་དང་འབྲེལ་བ་དང་། གཞུང་དངུལ་དང་སྤྱི་པའི་དབང་ཆ་དང་འབྲེལ་ཡོད། གཞུང་དངུལ་ནི་སྤྱི་གཞུང་གི་ཡིན་པས། སྐར་རྡོག་གཅིག་ཀྱང་རང་གར་སྤྱོད་མི་རུང་བ་དང་། སྤྱི་པའི་དབང་ཆ་ནི་དམངས་དོན་ལ་སྤྱོད་དགོས་པས། ཕྲན་བུ་ཙམ་ཡང་སྒེར་དོན་དུ་སྤྱོད་མི་རུང་། འགོ་ཁྲིད་ལས་བྱེད་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་དོན་དག་འདི་གསལ་པོར་ཤེས་པར་བྱས་ཏེ། གཞུང་སྒེར་གསལ་འབྱེད་དང་། སྒེར་སྤང་གཞུང་གཅེས། རང་གཅུན་ནན་པོ་བཅས་བྱེད་དགོས།

སེམས་ཐག་གཙང་བཅད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། ཏང་ཉིད་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་ཆ་རྐྱེན་འོག་ངན་རུལ་དུ་མི་འགྱུར་བ་བྱ་རྒྱུ་ནི་ང་ཚོས་ངེས་པར་དུ་ཡག་པོར་འཛིན་ཐུབ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཙན་སྟབས་དེ་ངེས་པར་མུ་མཐུད་དུ་མཐའ་འཁྱོངས་བྱས་ཏེ། བརྗོད་སྒོམ་སྤྲུ་ཙམ་མེད་པའི་རྣམ་འགྱུར་གྱིས་རུལ་སུངས་ལ་ཆད་པ་གཅོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ངན་རུལ་པར་ཆ་བཞག་ན་ཐོན་རེ་བཞིན་དུ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། སྔ་ཙམ་ནས་འཛིན་པ་དང་ཆུང་བ་ནས་འཛིན་པ། ནད་གཞི་བྱུང་མ་ཐག་ཏུ་སྨན་བཅོས་བྱེད་པ་བཞིན་གནད་དོན་ཤེས་རྟོགས་བྱུང་འཕྲལ་དུ་ཐག་གཅོད་བྱེད་དགོས་པ་ལས་ངན་ལང་དང་རྒྱ་ཡན་དུ་གཏོང་མི་རུང་། ལས་བྱེད་པ་རེ་རེས་“ལག་པ་མ་རྐྱོང་ཀྱེ། ལག་པ་བརྐྱངས་ན་གཞན་གྱིས་འཛིན་ངེས་སོ།” ཞེས་པའི་གནས་ལུགས་ཡིད་ལ་འཇགས་པར་བྱེད་དགོས། “དགེ་བ་ནོར་བུ་འཚོལ་བཞིན་གཉེར། །མི་དགེ་ཆུ་ཁོལ་རེག་ལྟར་འཛེམ། །”  ཞེས་ཟེར་བ་ལྟར། འགོ་ཁྲིད་ལས་བྱེད་པར་གུས་ས་ཞུམ་ས་ཡོད་དགོས་པ་ལས་སྟེས་དབང་ལམ་འགྲོའི་བསམ་པ་ཡོད་མི་རུང་།

བསྒྱུར་བཅོས་ཟབ་སྤེལ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་སྲོལ་བསྒྱུར་བཅོས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་སྐུལ་དབང་ཆའི་བལྟོས་བཅས་ཀྱི་རང་རྐྱ་འཕེར་བའི་རང་བཞིན་དང་དབང་གྲགས་ཆེ་བའི་རང་བཞིན་ཁག་ཐེག་བཅས་བྱེད་དགོས། ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ཚན་རིག་དང་མཐུན་པར་དབང་ཆ་བགོ་སྒྲིག་བྱས་ཏེ། ཚན་རིག་དང་མཐུན་པའི་དབང་ཆའི་གྲུབ་ཚུལ་དང་འཁོར་རྒྱུག་ལམ་སྲོལ་ཆགས་པར་བྱེད་དགོས། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ།  འགོ་ཁྲིད་ལས་བྱེད་པ་སྤྱི་དང་ཁྱད་པར་དུ་འགོ་ཁྲིད་པ་དང་པོའི་དབང་ཆ་སྤྱོད་པའི་ལྟ་སྐུལ་ཤུགས་བཏོན་ནས་ལེགས་སྒྱུར་དང་། འགོ་ཁྲིད་ཚན་པ་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ཁྲིམས་ལྟར་དབང་ཆ་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཡོངས་བསྒྲགས་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཡོངས་གྲགས་ཀྱི་སྒོ་ནས་ལྟ་སྐུལ་བྱེད་དུ་བཅུག་ཐོག དབང་ཆ་འཁོར་སྐྱོད་ཡང་དག་པ་ཡོང་རྒྱུ་ཁག་ཐེག་བྱེད་དགོས། ཏང་ཨུའི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུའི་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། ཁག་འགན་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ལམ་ལུགས་ཉིད་ཤོག་བུའི་སྟག་དང་རྩྭ་ཤོག་གི་ཐོ་པོ་ལྟ་བུར་འགྱུར་དུ་འཇུག་མི་ཉན། ཏང་ཨུ་དང་སྒྲིག་ཨུའམ་ཡང་ན་འབྲེལ་ཡོད་ཀྱི་འགན་དབང་སྡེ་ཁག་གཞན་དག་གིས་རང་འཁྲིའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ཐད་ས་སྲུང་གི་འགན་འཁྲི་འཁུར་དགོས། བསྒྱུར་བཅོས་བྱེད་ཐབས་ཁག་གིས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་བླང་བྱ་མཚོན་པ་དང་། རུལ་སུངས་སྔོན་ཟོན་བྱེད་པ་དང་ལྷན་དུ་བསམ་བློ་གཏོང་བ་དང་། ལྷན་དུ་བཀོད་སྒྲིག མཉམ་དུ་ལག་བསྟར་བཅས་བྱེད་དགོས་པ་དང་། འབྱུང་སྲིད་པའི་རུལ་སུངས་ཀྱི་འཐུས་ཤོར་བྱུང་སའི་རྡོལ་ཁ་ཡོད་ཚད་བཅད་དེ། བསྒྱུར་བཅོས་ཉིད་སྐྱོན་བྲལ་དང་བདེ་བླག་ངང་སྤེལ་ཐུབ་རྒྱུ་འགན་སྲུང་བྱེད་དགོས། 

ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པར་ཆ་རྐྱེན་གང་ཡང་འདོན་མི་རུང་བས། ཁས་བླངས་ལག་བསྟར་དང་། སྒྲིག་ཁྲིམས་སྡོམ་ངེས། ཁྲིམས་འགལ་འདེད་ངེས་བཅས་བྱེད་དགོས་པ་ལས། སྒྲིག་ཁྲིམས་དེ་སྡོམ་འཆིང་ལྟར་སྣང་ཞིག་གམ་ཡང་ན་དོན་མེད་ཀྱི་སྒྲིག་གཤོམ་ལྟ་བུ་ཞིག་ཏུ་འཇོག་མི་རུང་། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཏང་ཡོན་དང་ལས་བྱེད་པ་ཚོར་ཆབ་སྲིད་སྒྲིག་ཁྲིམས་བརྩི་སྲུང་བྱེད་དགོས་པའི་སྐོར་གྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་རིམ་པ་ཁག་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་སྲུང་སྐྱོང་བྱ་རྒྱུ་གལ་པོ་ཆེར་བརྩིས་ནས། ཏང་ཡོངས་ཀྱིས་བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་ཁག་ཐེག་བྱེད་དགོས། །

ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་ལ། རྩ་འཛུགས་ཀྱིས་སྟོབས་ཤུགས་ལྡབ་འགྱུར་གྱིས་རྒྱས་ཐུབ། རྩ་འཛུགས་དང་སྒྲིག་ཁྲིམས་ལྡན་པའི་རང་བཞིན་ལ་ཤུགས་སྣོན་རྒྱག་ན། ངེས་པར་དུ་ཏང་གཤིས་ལ་ཤུགས་རྒྱག་དགོས། ཏང་གཤིས་ཞེས་པ་མཐར་གཏུགས་ན་ལངས་ཕྱོགས་ཀྱི་གནད་དོན་རེད། ང་ཚོ་གུང་ཁྲན་ཏང་མི་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པ་ཚང་མས་ཁོག་ཡངས་དཀྱེལ་ཆེ་དང་བློ་ཕུགས་རིང་གཏད་བྱེད་དགོས་པ་དང་། སེམས་པ་ནམ་ཡང་ཏང་དང་མི་དམངས་དང་རྒྱལ་ཁབ་བཅས་ལ་གཏོད་དགོས་ཤིང་། ཏང་གཤིས་ཀྱི་རྩ་དོན་རང་རྟོགས་ཀྱིས་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་འདུ་ཤེས་ཆེན་པོ་བསྐྱེད་དེ། རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དང་། འགན་འཁྲི་དང་པོ་ནི་ཏང་གི་ལས་དོན་ཡིན་པ་ཡིད་ལ་བཅངས་ནས། རྩ་འཛུགས་ལ་བློ་སེམས་དཀར་བ་དང་། ནམ་ཡིན་རུང་ཏང་དང་བློ་གཅིག་སེམས་གཅིག་བྱེད་ཐུབ་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་རྩ་འཛུགས་ཀྱི་འདུ་ཤེས་ཆེན་པོ་བསྐྱེད་དེ། རང་ཉིད་ནི་ཏང་གི་མི་དང་རྩ་འཛུགས་ཀྱི་ཁོངས་མི་ཞིག་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་མི་བརྗེད་པ་དང་། རང་ཉིད་ཀྱིས་སྒྲུབ་དགོས་པའི་འོས་འགན་དང་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་མི་བརྗེད་པ། རྩ་འཛུགས་ལ་ཡིད་ཆེས་དང་། རྩ་འཛུགས་ལ་རྒྱབ་རྟེན། རྩ་འཛུགས་ལ་གོང་བཀུར་བཅས་བྱས་ཏེ། རྩ་འཛུགས་ཀྱི་བཀོད་སྒྲིག་དང་སྒྲིག་ཁྲིམས་ཀྱི་སྡོམ་འཆིང་རང་རྟོགས་ཀྱིས་དང་ལེན་བྱེད་དགོས་པ་དང་། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་དགོས།

དམངས་གཙོ་གཅིག་སྡུད་ལམ་ལུགས་དང་། ཏང་ནང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་སོགས་ཏང་གི་རྩ་འཛུགས་ལམ་ལུགས་ཚང་མ་ཧ་ཅང་གལ་ཆེ་བས། ངེས་པར་དུ་ལག་བསྟར་ནན་པོ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པ་ཚང་མས་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། རྩ་འཛུགས་ཀྱི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཏང་ཡོན་དང་ལས་བྱེད་པ་ཚོས་རྩ་འཛུགས་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་པ་འཛིན་པར་སྣེ་ཁྲིད་བྱས་ཏེ། གཏམ་སྤྱོད་གཅིག་མཐུན་དང་ཁ་ཞེ་གཉིས་མེད། སྐད་ཆ་དྲང་མོ་དང་སྐད་ཆ་བདེན་ཐུབ་བཤད་པ། སེམས་གཏམ་བཤད་པ། ཏང་རྩ་འཛུགས་ཀྱི་སློབ་གསོ་དང་ལྟ་སྐུལ་དང་ལེན་བཅས་བྱེད་དགོས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལག་བསྟར་ཏན་ཏིག་བྱེད་དགོས་པ་ལས་ཁྱད་པར་འབྱེད་པ་དང་དམིགས་བསལ་ལྟ་བ་བྱེད་མི་རུང་ལ། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་འཛིན་ཕོད་པ་དང་དོ་དམ་བྱེད་ཕོད་པར་བྱས་ཏེ། སྒྲིག་ཁྲིམས་ཉིད་དངོས་གནས་གློག་རྒྱུག་བཞིན་པའི་མཐོ་གནོན་གློག་སྐུད་ལྟ་བུར་ཆགས་པར་བྱེད་དགོས།

ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་དེ་ཏང་གི་རྩ་འཛུགས་དང་། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས་སོགས་སྡེ་ཁག་གིས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ཏང་རྩ་འཛུགས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། བྱ་གཞག་སྡེ་ཚན་དང་མི་དམངས་ཚོགས་པ་སོགས་ཀྱི་ཏང་རྩ་འཛུགས་ཀྱིས་ཀྱང་ལག་བསྟར་དོན་འཁྱོལ་བྱེད་དགོས་ཏེ། ཏང་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་བྱེད་དགོས། ཕྱོགས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཨུ་ལ་འགན་འཁུར་འོས་ཤིང་ལས་དོན་སྙན་སེང་ཞུ་འོས་ལ། ཏང་ཨུའི་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ་རང་གི་འགན་འཁྲི་སྒྲུབ་ཁོངས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཡག་པོར་སྒྲུབ་དགོས། །