
༄༅།།ལྕགས་གཟེར་རྒྱག་པའི་སྙིང་སྟོབས་སྤེལ་ནས་འཆར་གཞི་ཡག་པོ་གང་བཀོད་མཐར་མ་ཆོད་བར་དུ་སྒྲུབ་དགོས།
(2013ལོའི་ཟླ་2ཚེས་28ཉིན།)
བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་དཀའ་ཚེགས་ཆེ་བ་དང་ལྗིད་རྫོབ་ཆེ་བའི་ལས་འགན་གྱི་མདུན་དུ། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་ཀྲུང་དབྱང་གི་བླང་བྱ་ལྟར། “སྟོང་བཤད་རྒྱལ་ཕུང་དང་། དངོས་སྒྲུབ་རྒྱལ་དར་” ཞེས་པ་ཡིད་ལ་བཟུང་ནས། ཡར་རྒྱས་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་དཔྱད་ཞིབ་ཐེག་ཐུབ་པའི་གྲུབ་འབྲས་དངོས་ལེན་དགོས། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བྱ་བའི་ཡུལ་རྒྱ་ཆེན་པོའི་ནང་དུ། ཚང་མ་ལས་དོན་སྒྲུབ་འདོད་ཅན་ཡིན་པ་དང་། ཚང་མར་ལས་དོན་སྒྲུབ་པའི་སེམས་རྩ་འཁོལ་ཡོད་ལ། ཚང་མས་ལས་དོན་ཆེན་པོ་ཞིག་བསྒྲུབས་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་རྒྱུའི་བསམ་པ་བཅངས་ཡོད། ཡིན་ནའང་། གོ་རིམ་དེའི་ནང་དུ། ང་ཚོས་གནས་ལུགས་ཤིག་མི་བརྗེད་ཡིད་དུ་འཛིན་དགོས་པ་ནི། སྲིད་ཇུས་ལ་རྒྱུན་གཏན་ཡོད་དགོས་པ་དེ་ཡིན། ས་ཕྱོགས་ཤིག་ཏུ་དཔོན་སྣེ་འཛིན་ཞིང་དུས་ཡུན་ངེས་ཅན་ཞིག་རིང་སྲིད་དོན་སྐྱོང་ན་བློ་སྤོབས་ཆེན་པོས་ལས་ཀ་བྱེད་པ་དང་སྙིང་རུས་ཆེན་པོས་ཡར་བརྩོན་བྱེད་དགོས་པ་ལོས་ཡིན་ཀྱང་། དུས་མཚུངས་ལས་ཀའི་གཏན་ཆགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཡང་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་དམིགས་འབེན་གཏན་ལ་ཕབ་ནས། དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐུལ་སྤེལ་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་། ཏང་འཛུགས་སྐྱོང་གི་ཚན་རིག་དང་མཐུན་པའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད། ཏང་ཡོངས་དང་རྒྱལ་ཁབ་ཡོངས་ཀྱིས་ཏན་ཏན་ཏིག་ཏིག་དང་སྙིང་རུས་ལྷོད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱེད་དགོས། དེ་བཞིན་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ” གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཀྲུང་དབྱང་གིས་གཏན་ལ་ཕབ་ཅིང་སྔར་བཞིན་ནུས་པ་ཡོད་མུས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཁག་བཅས་ང་ཚོས་དཀྱུས་གཅིག་ཏུ་ལག་བསྟར་བྱེད་དགོས། ས་གནས་དང་སྡེ་ཁག་གི་ལས་ཀའང་དེ་བཞིན་ཡིན་ཏེ། འཆར་གཞི་ཡག་པོ་གང་བཀོད་མཐར་མ་ཚོད་བར་དུ་བསྒྲུབས་ནས་དོན་དམ་པའི་གྲུབ་འབྲས་ལེན་དགོས། ང་ཚོར་ལྕགས་གཟེར་རྒྱག་པའི་སྙིང་སྟོབས་ཡོད་དགོས་ཏེ། ལྕགས་གཟེར་རྒྱག་སྐབས་ཐོ་བ་གཞུ་ཐེངས་གཅིག་གིས་ཡག་པོར་རྒྱག་ཐུབ་པ་ཞིག་མ་ཡིན་པར་གཅིག་རྗེས་གཉིས་མཐུད་ཀྱིས་རེ་རེ་བཞིན་དུ་བརྒྱབ་ནས་བརྟན་པོར་འདེབས་དགོས་པ་ཡིན་ལ། ལྕགས་གཟེར་གཅིག་ཡག་པོ་བརྒྱབ་རྗེས་ཡང་གཅིག་ཡག་པོ་བརྒྱབ་ནས་རྒྱུན་བསྐྱངས་ན་ལས་གོ་འཕེར་ངེས་རེད། གལ་སྲིད་གོ་རིམ་མེད་པར་གཡས་རྒྱག་གཡོན་རྒྱག་བྱས་པ་ཡིན་ན་གཟེར་རྐང་གཅིག་ཀྱང་བརྟན་པོར་རྒྱག་མི་ཐུབ། ང་ཚོར“བྱས་རྗེས་རང་ལ་བདག་དགོས་མེད་”པའི་སྙིང་སྟོབས་ཡོད་དགོས། འཆར་འགོད་ཡག་པོ་ཞིག་ལ་མཚོན་ན། དེ་ཉིད་ཚན་རིག་དང་མཐུན་ཞིང་། དོན་དངོས་དང་མཐུན་ལ། མི་དམངས་ཀྱི་རེ་འདོད་དང་མཐུན་པ་ཡིན་ཕྱིན། ཚང་མས་མི་རབས་ནས་མི་རབས་སུ་མུ་མཐུད་ནས་སྒྲུབ་དགོས་པ་དང་། བསྒྲུབས་པ་དོན་དང་ལྡན་པ་ཡིན་ན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀུན་གྱིས་མིག་གིས་མཐོང་ཞིང་སེམས་སུ་འཇགས་ངེས་རེད། ལག་ལེན་ནི་བསྟུད་མར་འཕེལ་རྒྱས་འབྱུང་བཞིན་ཡོད་པ་སྨོས་ཅི་དགོས། དེ་བས། ང་ཚོའི་ངོས་འཛིན་དང་ལས་ཀའང་དུས་བསྟུན་མདུན་སྐྱོད་བྱེད་དགོས་པ་དང་། བློ་ཐག་བཅད་ཟིན་པ་གང་ཞིག་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས། ཡིན་ནའང་། འགོ་ཁྲིད་མི་སྣ་སྐབས་རེ་བརྗེས་དུས་སྔར་གཞི་རྩ་སློག་བྱེད་མི་རུང་ལ། སྲིད་འབྲས་ཟེར་བའི་དོན་དུ་ལས་གཞི་གསར་པ་ཞིག་རྩོམ་པ་དང་། འབོད་ཚིག་གསར་པ་རླུང་ལྟར་ཁྱབ་པ་དེ་བས་ཀྱང་བྱེད་མི་རུང་། དུས་རྒྱུན་དུ་རྣམ་པ་གསར་པ་འབྱུང་མིན་དང་དར་སོ་གསར་པ་འབྱུང་མིན་ནི་འཆར་འགོད་གསར་པ་གཅིག་རྗེས་གཉིས་མཐུད་བཀོད་པ་དང་། འབོད་ཚིག་གསར་པ་རེས་མོས་སུ་བསྒྲགས་པར་རག་ལས་པ་ཞིག་མ་ཡིན་པར། དོན་དངོས་གསར་པར་འབྲེལ་ནས་བསམ་ཕྱོགས་གསར་པ་དང་ཐབས་ཇུས་གསར་པ་སྤྱད་དེ། གཏན་ལ་ཕབ་པའི་ཚན་རིག་དང་མཐུན་པའི་དམིགས་འབེན་དང་ལས་ཀའི་འཆར་འགོད་ཡག་པོ་ནན་ནན་བཅག་བཅག་གིས་མངོན་འགྱུར་བྱ་རྒྱུར་རག་ལས་ཡོད། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བཟུང་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་དོན་དག་མང་ཙམ་སྒྲུབ་དགོས་ལ། གནས་ཚུལ་དངོས་དང་ཁ་བྲལ་བའི་འོལ་ཚོད་ཀྱི་འགྲན་རེས་མི་བྱེད་པ་དང་། དམངས་ངལ་རྒྱུ་ཟད་ཀྱི་“སྣང་བརྙན་ལས་གྲྭ་” དང་“སྲིད་འབྲས་ལས་གྲྭ་” མི་སྤེལ་བར། བདེན་འཚོལ་དོན་གཉེར་དང་། དངོས་དོན་ཧུར་སྒྲུབ། འགན་འཁུར་ཕོད་པ་བཅས་ཀྱིས་ལོ་རྒྱུས་དང་མི་དམངས་ལ་དངོས་གནས་འགན་འཁྲི་འཁུར་ཐུབ་པར་བྱེད་དགོས། །