ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་དོན་བརྒྱད་པ།༽ རྒྱལ་ཁབ་ཆེན་པོ་སྐྱོང་ལུགས་ནི་ཉ་ཆུང་གཡོས་སྦྱོར་བྱེད་པ་འདྲ།

ཁུངས། ཀློག་གྲངས།

༄༅། ། “རྒྱལ་ཁབ་ཆེན་པོ་སྐྱོང་ལུགས་ནི་ཉ་ཆུང་གཡོས་སྦྱོར་བྱེད་པ་འདྲ།” 

(2013ལོའི་ཟླ་3ཚེས་19ཉིན།)

     ངས་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་པར་ཐུག་འཕྲད་བྱེད་སྐབས། ཁོང་ཚོས་ཧ་ལས་པའི་ཚུལ་གྱིས། ཀྲུང་གོ་ལྟ་བུའི་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ཇི་ལྟར་སྐྱོང་དགོས་སམ་ཞེས་དྲིས་བྱུང་། ངོ་མ་བཤད་ན། ཀྲུང་གོར་མི་གྲངས་དུང་ཕྱུར13ཡོད་པས། བཅོས་སྐྱོང་བྱ་རྒྱུ་ལས་སླ་པོ་ཞིག་མ་རེད་ལ། གནས་ཚུལ་རྒྱུས་ལོན་གསལ་པོ་ཞིག་བྱ་རྒྱུ་ཡང་ལས་སླ་པོ་ཞིག་མ་རེད། ངས་རྒྱུན་དུ་བཤད་པ་ནང་བཞིན། ཀྲུང་གོར་རྒྱུས་ལོན་བྱེད་དགོས་ན་དུས་ཚོད་ངེས་ཅན་ཞིག་སྤྱོད་དགོས་པ་དང་། ས་ཁུལ་གཅིག་གཉིས་ཙམ་ལ་བལྟས་པས་འདང་གིས་མ་རེད། ཀྲུང་གོར་མངའ་ཁོངས་སྤྱི་ལེ་གྲུ་བཞི་མ་ཁྲི960དང་། མི་རིགས56དང་མི་གྲངས་དུང་ཕྱུར13ཡོད་པས། ཀྲུང་གོར་རྒྱུས་ལོན་བྱེད་འདོད་ན་“ལོང་བས་གླང་བརྟག” གཏན་ནས་བྱེད་མི་འོས།

གནའ་མི་ཀྲུང་གོའི་གཏམ་དཔེ་ལ། “སྲིད་བློན་ཆེན་པོ་ས་གནས་ནས་འབྱུང་། དམག་དཔོན་ཆེན་པོ་དམག་མི་ལས་འབྱུང”ཞེས་ཟེར་བ་ལྟར། ང་ཚོའི་ད་ལྟའི་ལས་བྱེད་པ་འདེམས་སྒྲུག་བྱེད་པའི་ལམ་སྲོལ་ཡང་རིམ་པ་མང་པོར་ཕྱེ་ཡོད་དེ། དཔེར་ན། ངས་གྲོང་གསེབ་ཏུ་ལས་ཀ་བྱས་མྱོང་བར་མ་ཟད། ད་དུང་རུ་ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་འཁུར་མྱོང་ཞིང་། རྫོང་དང་། གྲོང་ཁྱེར། ཞིང་ཆེན། ཀྲུང་དབྱང་བཅས་སུ་ལས་ཀ་བྱས་མྱོང་ཡོད། ལས་བྱེད་པར་གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ན། མང་ཚོགས་ཀྱི་ལྟ་བ་སྟར་ལས་ལྷག་པར་སྐྱེད་ཐུབ་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་ཤིང་མི་དམངས་ཀྱི་དགོས་མཁོ་ཤེས་ལ། ལག་ལེན་ཁྲོད་ནས་ཕྱོགས་གང་ཅི་ཉམས་མྱོང་དང་ཆེད་ལས་ཤེས་བྱ་བསྟུད་མར་བསགས་ནས་ལས་ཀ་སྒྲུབ་པའི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་འདི་ནི་ལས་ཀ་ཡག་པོར་སྒྲུབ་པའི་གཞི་རྩའི་ཆ་རྐྱེན་རེད།།

མི་སེར་གྱི་ཟས་གོས་འགྲོ་སྡོད་དང་། སྤྱི་ཚོགས་ཀྱི་རྒྱུན་གཏན་འཁོར་སྐྱོད། རྒྱལ་ཁབ་ཀྱི་སྒྲིག་གཞིའི་རྒྱུན་གཏན་འཁོར་སྐྱོད། སྲིད་སྐྱོང་ཏང་གི་འཛུགས་སྐྲུན་དང་དོ་དམ་བཅས་ཚང་མར་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡོད། ང་རང་ངོས་ནས་བཤད་ན། མི་དམངས་ཀྱིས་རང་ཉིད་འདི་ལྟ་བུའི་ལས་གནས་སུ་བཞག་པས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱི་མངག་བཅོལ་ཆེན་པོ་ཡིད་ལ་བརྟན་པོར་འཛིན་དགོས་ཤིང་། འགན་འཁྲི་རི་བོ་ལས་ལྗིད་པ་སེམས་ལ་བརྟན་པོར་འཛིན་དགོས་པ་རེད། འདི་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་དང་། འདི་ལྟར་མང་བའི་མི་དམངས། འདི་ལྟར་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་བཅས་ལ་ཆ་མཚོན་ན། འགོ་ཁྲིད་པས་རྒྱལ་ཁབ་ཀྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་། མི་དམངས་ཀྱི་བསམ་ཚུལ་དང་རེ་ལྟོས་གསལ་པོར་ཤེས་དགོས་ལ། “འཁྱགས་པའི་ཐོག་ཏུ་བགྲོད་པ་དང་གཡང་རོང་ཁ་ལ་སླེབས་པ་བཞིན”གྱི་རང་རྟོགས་ཡོད་དགོས་ཤིང་། “རྒྱལ་ཁབ་ཆེན་པོ་སྐྱོང་ལུགས་ནི་ཉ་ཆུང་གཡོས་སྦྱོར་བྱེད་པ་འདྲ” ཞེས་པའི་རྣམ་འགྱུར་ཡོད་དགོས་ཀྱི། སྒྱིད་ལུག་རྣམ་གཡེང་དང་ཧ་རི་ཧུ་རི་སྤུ་ཙམ་ཡང་བྱེད་མི་ཉན་པར། ངེས་པར་དུ་ཉིན་མཚན་ལྟོས་མེད་དུ་སྤྱི་དོན་ལ་གཞོལ་ཞིང་ལས་ལ་བརྩོན་དགོས། མི་དམངས་ནི་ང་རང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད། མི་དམངས་དང་ལྷན་དུ་དཀའ་སྡུག་མཉམ་མྱོང་དང་། མི་དམངས་དང་ལྷན་དུ་མཐུན་སྒྲིལ་འབད་འཐབ་བྱས་ན། ཁྱད་གསོད་བྱེད་མི་ཐུབ་པའི་དཀའ་ངལ་གང་ཡང་མེད་པ་དང་། ལེགས་འགྲུབ་བྱེད་མི་ཐུབ་པའི་ལས་འགན་གང་ཡང་མེད།

ལས་ཀའི་འབོར་ཚད་ཐད་ཁྱེད་ཚོས་བསམ་ཚོད་བྱེད་ཐུབ་གསལ་ལྟར། ལས་སྣེ་འདི་བཞིན་ཕྲག་ཏུ་འཁུར་ཚེ་རང་སྒེར་ལ་ཁོམ་པ་ཕལ་ཆེར་མེད། ལས་ཀ་སྣེ་མང་རྙོག་འཛིང་ཆེ། ཡིན་ན་ཡང་ངས་ལས་ཀའི་གལ་ཆེ་ཆུང་དང་དལ་བྲེལ་འབྱེད་ངེས་པ་སྨོས་ཅི་དགོས། “འཐུ་མཁན་མང་ན་བུད་ཤིང་མང་། བུད་ཤིང་མང་ན་མེ་ལྕེ་མཐོ” ཞེས་པའི་དཔེ་ལྟར། ང་ཚོར་ལས་བགོས་ཡོད་ཅིང་གཞོགས་འདེགས་བྱེད་པའི་ཀྲུང་དབྱང་འགོ་ཁྲིད་ཚན་པ་ཞིག་དང་། གོ་ཐང་ཆེ་ཙམ་གྱི་ལས་ཀའི་ལམ་སྲོལ་ཆ་ཚང་ཞིག་ཡོད་པས། ཚང་མས་རང་འགན་རང་འཁུར་གྱིས་མཉམ་དུ་ལས་ཀ་ཡག་པོར་སྒྲུབ་ཀྱིན་ཡོད། 

ལས་ཀ་ཤིན་ཏུ་བྲེལ་འཚུབ་ཆེ་ནའང་། “ཁོམ་ལོང་བཙལ་ནས་ལུས་སེམས་གསོ།”ཞེས་ཟེར་བ་ལྟར། ཁོམ་པ་བྱུང་ན་ང་རང་ཁྱིམ་མི་དང་མཉམ་དུ་སྡོད་ཀྱི་ཡོད།

ང་རང་ལ་དགའ་ཕྱོགས་མང་པོ་ཡོད། དགའ་ཆེ་ཤོས་ནི་དཔེ་ཆ་བལྟ་རྒྱུ་དེ་ཡིན། དཔེ་ཆ་ཀློག་པ་ནི་ངའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་ཆགས་ཡོད། ང་རང་ལུས་རྩལ་ལ་དགའ་མཁན་ཞིག་ཀྱང་ཡིན་ཏེ། ཆུ་རྐྱལ་དང་རི་འཛེགས་སོགས་ཀྱི་འགུལ་སྐྱོད་ལ་དགའ་པོ་ཡོད། གཞོན་ནུའི་དུས་སུ་རྐང་རྩེད་སྤོ་ལོ་དང་སོར་རྩེད་སྤོ་ལོ་ལ་དགའ་པོ་ཡོད། པར་ཙིར་ལ་ཡང་བསྐྱར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་ཚོགས་སྒྲུབ་སྐལ་ཐོབ་པར་ངས་རྟེན་འབྲེལ་ཞུ་རྒྱུ་ཡིན། ལུས་རྩལ་འགྲན་སྡུར་སྤྱི་དང་ཁྱད་པར་དུ་རྐང་རྩེད་སྤོ་ལོ་འགྲན་སྡུར་གྱི་མི་སེམས་འགུག་ནུས་ནི་རྒྱལ་ཕམ་སྔོན་དཔག་བྱེད་མི་ཐུབ་པའི་ཆར་གནས་ཡོད།  སྐབས་སྔ་མའི་འཛམ་གླིང་བུམ་པའི་སྐབས་སུ་ཆུ་སྲིན་ལག་བརྒྱད་པོ་ལོ་ཟེར་བ་བྱུང་ཡོད་པ་དང་། སང་ལོར་མ་འོངས་སྔོན་དཔག་ཐུབ་མཁན་གྱི་ཆུ་སྲིན་ལག་བརྒྱད་ཅིག་འབྱུང་མིན་མི་ཤེས། པར་ཙིར་གྱི་རྐང་རྩེད་སྤོ་ལོ་རུ་ཁག་ལ་རང་ས་རང་ཡུལ་གྱི་མཐུན་རྐྱེན་ཡོད་པ་དང་། ངས་པར་ཙིར་རུ་ཁག་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། །