
༄༅། །ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་ནས་མདུན་དུ་སྐྱོད་དགོས།
(2016ལོའི་ཟླ་7ཚེས་1ཉིན།)
“མེ་ལོང་གཙང་མར་བྱད་གཟུགས་གསལ། འདས་པའི་དོན་ལས་ད་ལྟ་རྟོགས།” དེ་རིང་ང་ཚོས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི་གྲུབ་འབྲས་བརྗོད་ནས་སེམས་གསོ་འཚོལ་ཆེད་མིན་ལ། བྱས་རྗེས་ཀྱི་ཁྲི་ལ་བསྡད་ནས་ད་ལྟ་འཕྲད་པའི་དཀའ་ངལ་དང་གནད་དོན་ལས་གཡོལ་ཕྱིར་ཁ་གཡར་ས་འཚོལ་བ་ནི་དེ་བས་ཀྱང་མིན་པར། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ཤེས་རྟོགས་བྱས་ནས་གསར་འབྱེད་མདུན་སྐྱོད་ཀྱི་སྤོབས་པ་དང་སྟོབས་ཤུགས་ཆེ་རུ་གཏང་རྒྱུའི་ཆེད་དུ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏང་རྒྱུ་དེ་ནི་ལས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་བསྟན་ཡོད། དེས་ཏང་ཡོངས་ལ་བསླབ་བྱ་བཏང་དོན། དུས་དང་རྣམ་པ་ཀུན་ཏུ་འགྲན་སློང་ཆེན་པོ་ལ་ཁ་གཏད་གཅོག་པ་དང་། ཉེན་ཁ་ཚབས་ཆེན་བཀག་འགོག འགོག་རྐྱེན་ཚབས་ཆེན་ཁྱད་གསོད། འགལ་བ་གནད་ཆེན་ཐག་གཅོད་བཅས་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་གི་འགོ་ཁྲིད་གོ་གནས་དང་སྲིད་སྐྱོང་གོ་གནས་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་བའི་ཐོག་ནས་ང་ཚོའི་ཏང་དང་། ང་ཚོའི་རྒྱལ་ཁབ། ང་ཚོའི་མི་དམངས་བཅས་དུས་བརྟན་དུ་ཕམ་པ་མེད་པའི་གནས་སུ་འགྱིང་ལེར་ལངས་དགོས་པ་རེད།
ལོ་རྒྱུས་ནི་བར་མེད་མདུན་དུ་སྐྱོད་བཞིན་ཡོད་པ་དང་། ལོ་རྒྱུས་ཀྱིས་སོམ་ཉི་ཅན་དང་' བབ་ལྟ་མཁན། སྒྱིད་ལུག་པ། ནུས་མེད་པ་བཅས་ལ་ནམ་ཡང་སྒུག་གི་མ་རེད། དེ་ལ་ལོ་རྒྱུས་དང་གོམ་སྟབས་གཅིག་གྱུར་དང་དུས་རབས་དང་ལས་དབང་གཅིག་འབྲེལ་བྱེད་མཁན་ལ་གཞི་ནས་འོད་སྣང་བཀྲ་བའི་འབྱུང་འགྱུར་ཐོབ་ངེས་རེད།
ང་ཚོའི་ཏང་གིས་ལོ་ངོ95ཡི་ལོ་རྒྱུས་བཤུལ་ལམ་བསྐྱོད་ཟིན་ཡོད་མོད། འོན་ཀྱང་ང་ཚོས་དུས་གཏན་དུ་ཏང་འཛུགས་སྐབས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་། དུས་གཏན་དུ་མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མདུན་དུ་སྐྱོད་ན་བསྐྱོད་ཟིན་པའི་བཤུལ་ལམ་བརྗེད་མི་ཉན་པ་དང་། ཐག་རིང་གང་དུ་སླེབས་པ་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གང་དུ་སླེབས་རུང་། བརྒྱུད་ཟིན་པའི་འདས་དོན་བརྗེད་མི་ཉན་ལ། ལམ་ལ་ཆས་དགོས་དོན་གང་ཡིན་བརྗེད་མི་ཉན། འབྱུང་འགྱུར་གྱི་མདུན་དང་འགྲན་སློང་གི་མདུན་དུ་ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་དུ་སྐྱོད་དགོས།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་བསྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་དེང་རབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས། རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་ལག་ལེན་གྱི་གསར་གཏོད་སྐུལ་འདེད་བཅས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུ་དེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
སློབ་སྟོན་བསམ་བློ་ནི་སྲིད་ཏང་ཞིག་གི་སྙིང་སྟོབས་ཀྱི་དར་ཆ་ཡིན། ལོ་ངོ95ཡི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་ཉེ་རབས་ཚུན་གྱི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་འགྲུབ་མི་ཐུབ་པའི་ལས་འགན་དཀའ་ཚེགས་ཅན་ལེགས་པར་འགྲུབ་ཐུབ་དོན་ནི། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཞེས་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདི་ཉིད་རང་ཉིད་ཀྱི་བྱ་བའི་ཕྱོགས་སྟོན་དུ་བཟུང་བ་དང་། ལག་ལེན་གྱི་ནང་དུ་མར་ཁེ་སིའི་རིང་ལུགས་རྒྱུན་ཆད་མེད་པར་གྲ་རྒྱས་གོང་འཕེལ་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པའི་དབང་གིས་རེད། དེར་བརྟེན་ང་ཚོའི་ཏང་འདི་ཉིད་དེ་སྔའི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་རང་སོའི་དམིགས་བསལ་ཁེ་ཕན་སྙེག་པའི་བཀག་རྒྱ་ལས་ཐར་ནས། དངོས་གཙོ་རྩོད་སྒྲུབ་ཀྱི་ཚན་རིག་དང་མཐུན་པའི་སྙིང་སྟོབས་དང་སྒེར་སེམས་མེད་ལ་དཔའ་མི་ཞུམ་པའི་བློ་རྒྱ་ཆེན་པོ་བསྐྱེད་དེ་ཀྲུང་གོའི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་གསུམ་ལ་འགོ་ཁྲིད་དང་སྐུལ་འདེད་བྱས་པ་དང་། རྒྱུན་ཆད་མེད་པར་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་པ་བྱུང་བ་རེད། དེ་ཡང་ལམ་ལྷོང་བྱུང་བའམ་བར་ཆད་བྱུང་བའི་གནས་སྐབས་གང་ཡང་རུང་། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་ལ་བཅངས་པའི་དད་སེམས་ལ་གཡོ་འགུལ་བྱུང་མྱོང་མེད།
མར་ཁེ་སིའི་རིང་ལུགས་དང་དེ་ཉིད་ཀྲུང་གོ་རུ་བྱུང་བའི་འཕེལ་རྒྱས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཀྱང་གཏོང་བའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་མཁོ་འདོན་བྱས་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་གཅིག་གྱུར་ལ་ཤུགས་སྣོན་བྱེད་པར་སྲ་ཞིང་བརྟན་པའི་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད།
མར་ཁེ་སིའི་རིང་ལུགས་ནི་ང་ཚོའི་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་སློབ་སྟོན་བསམ་བློ་ཡིན། མར་ཁེ་སིའི་རིང་ལུགས་དང་རྒྱབ་འགལ་བྱས་པའམ་དེ་ཡལ་བར་དོར་ན་ང་ཚོའི་ཏང་ལ་བླ་སྲོག་མེད་པར་འགྱུར་བ་དང་ཁ་ཕྱོགས་ནོར་འགྲོ་ངེས་རེད། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་རྒྱུན་འཁྱོངས་བྱ་རྒྱུའི་རྩ་བའི་གནད་དོན་འདིའི་ཐོག་ང་ཚོས་ངེས་པར་དུ་བློ་རྩ་བརྟན་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་སྤུ་ཙམ་འབྱུང་མི་རུང་།
དེ་དང་ཆབས་ཅིག་དུས་རབས་ཀྱི་ཁྱད་ཆོས་དང་ལག་ལེན་གྱི་བླང་བྱ་གསར་པའི་མདུན་དུ་མར་ཁེ་སིའི་རིང་ལུགས་ལའང་ཀྲུང་གོ་ཅན་དང་དུས་རབས་ཅན། ཡོངས་ཁྱབ་ཅན་བཅས་སུ་འགྱུར་དགོས་པའི་གནད་དོན་ཕྲད་ཡོད། མར་ཁེ་སིའི་རིང་ལུགས་ཀྱིས་བདེན་དོན་མཇུག་བསྒྲིལ་བ་མ་ཡིན་པར་བདེན་དོན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་བཏོད་ཡོད་པ་རེད། ཨེན་ཀེ་སིས་“མར་ཁེ་སིའི་འཇིག་རྟེན་ལྟ་བ་ཚ་ཚང་ནི་གདམས་པ་མིན་པར་བྱ་ཐབས་ཡིན། དེས་མཁོ་འདོན་བྱེད་པ་ནི་དང་ལེན་བྱས་ཆོག་ཆོག་གི་ལུང་འཛིན་ཞིག་མིན་པར་སྔར་བས་ཞིབ་འཇུག་བྱེད་པའི་འགོ་འཛུགས་ས་དང་ཞིབ་འཇུག་དེ་རིགས་ལ་མཁོ་འདོན་བྱས་པའི་བྱེད་ཐབས་ཤིག་ཡིན་”ཞེས་གསུངས་མྱོང་ཡོད།
དུས་རབས་ནི་བསམ་བློའི་འབྱུང་ཁུངས་དང་ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་ཡིན། ལག་ལེན་གྱི་འཕེལ་རྒྱས་ལ་ནམ་ཡང་རྫོགས་མཐའ་མེད་པས་ང་ཚོས་བདེན་དོན་ངོས་འཛིན་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པ་ལའང་རྫོགས་མཐའ་མེད། ད་ཆ་དུས་རབས་ཀྱི་འཕོ་འགྱུར་དང་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་དེ་མར་ཁེ་སིའི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོ་དག་གི་སྐབས་དེ་དུས་ཀྱི་བསམ་ཚོད་ལས་རིང་དུ་བརྒལ་ཡོད། དེ་དང་ཆབས་ཅིག་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལག་ལེན་བྱས་ནས་ལོ་བཅུ་ཕྲག་ཁ་ཤས་ལས་འདས་མེད་པར་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་། བྱ་གཞག་ཅི་ཙམ་འཕེལ་རྒྱས་ཕྱིན་ཚེ། གནས་ཚུལ་གསར་པ་དང་གནད་དོན་གསར་པ་དེ་ཙམ་གྱིས་མང་བས། ང་ཚོས་ལག་ལེན་ཐད་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་ཐད་རྒྱུན་ཆད་མེད་པར་ཐོད་བརྒལ་བྱེད་དགོས་ཀྱི་ཡོད།
རིགས་པའི་གཞུང་ལུགས་དཔྱིས་ཕྱིན་པ་ཞིག་མ་བྱུང་ན་གཞན་གྱི་ཁས་ལེན་ཐོབ་དཀའ་བ་རེད། ང་ཚོས་མཐོང་རྒྱ་སྔར་ལས་ཆེ་བའི་ཐོག་ནས་མར་ཁེ་སིའི་རིང་ལུགས་ཉིད་དེང་རབས་སུ་འཕེལ་རྒྱས་འབྱུང་བའི་དངོས་ཡོད་ཀྱི་རྨང་གཞི་དང་ལག་ལེན་གྱི་དགོས་མཁོར་ལྟ་ཞིབ་བྱས་ཏེ། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ང་ཚོས་སྒྲུབ་བཞིན་པའི་བྱ་བ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་ཀྱི་སྐད་སྒྲ་ཉན་པ། མར་ཁེ་སིའི་རིང་ལུགས་ཉིད་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་དོན་དངོས་བྱེ་བྲག་པ་དང་ཟུང་འབྲེལ་བྱ་རྒྱུ་དེ་སྔར་བས་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ་བཅས་ཀྱི་ཐོག་ནས། དུས་རབས21པའི་མར་ཁེ་སིའི་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་གོ་འཕང་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་ལ་སྔར་བས་བཀྲ་བའི་བདེན་དོན་གྱི་འོད་ཟེར་འཕྲོ་བར་བྱེད་དགོས།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། ང་ཚོའི་ཏང་གིས་རང་ཉིད་དབུ་བརྙེས་པ་ནས་བཟུང་སྟེ་གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་དུ་འབད་འཐབ་བྱ་རྒྱུ་དེ་རང་ཉིད་ཀྱི་རྩ་འཛིན་ལ་གཏན་འཁེལ་བྱས་པ་ཡིད་ལ་བརྟན་པོར་འཛིན་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པོ་བཅངས་ནས། བླ་ན་མེད་པའི་ཕུགས་བསམ་གྱི་དོན་དུ་འབད་འཐབ་བྱེད་པའི་ལག་ལེན་རླབས་པོ་ཆེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་ཟེར་བ་ལྟར། ཀྲུང་གོའི་གུང་ཁྲན་ཏང་ལ་གུང་ཁྲན་ཏང་ཟེར་དགོས་དོན་ནི་རང་ཉིད་དབུ་བརྙེས་པ་ནས་བཟུང་སྟེ་ང་ཚོའི་ཏང་གིས་གུང་ཁྲན་རིང་ལུགས་ཉིད་ཕུགས་བསམ་ཆེན་པོར་གཏན་འཁེལ་བྱས་པའི་དབང་གིས་རེད། ང་ཚོའི་ཏང་གིས་བར་ཆད་བྱུང་ཐེངས་བཞིན་དུ་ངར་ཤུགས་ཆེན་པོས་ཡར་ལངས་ཐུབ་པ་བྱུང་བའི་རྒྱུ་མཚན་ནི། མཐར་གཏུགས་ནས་བཤད་ན་ང་ཚོའི་ཏང་ལ་ཕུགས་བསམ་ཆེན་པོ་དང་མངོན་མཐོའི་དོན་གཉེར་ཡོད་པའི་དབང་གིས་ཡིན།
“ཕུགས་ཀྱི་འདུན་མ་མེད་གྱུར་ན། བྱ་བ་གང་ཡང་འགྲུབ་མི་འགྱུར།” ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་འགྱུར་ལྡོག་ཡིན་པ་དང་། ཕུགས་བསམ་དང་དད་སེམས་ཉམས་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་ཉམས་རྒུད་ཡིན། སྲིད་ཏང་ཞིག་ལ་ཉམས་རྒུད་འབྱུང་ཟེར་ན་སྤྱིར་བཏང་ཕུགས་བསམ་དང་དད་སེམས་ཤོར་བའམ་ཉམས་པ་ནས་ཉམས་འགོ་རྩོམ་གྱི་ཡོད། ང་ཚོའི་ཏང་ཉིད་ཞུམ་མེད་སྟོབས་ལྡན་ཞིག་ཡིན་མིན་དེ་ཏང་ཡོངས་ཕུགས་བསམ་དང་དད་སེམས་ཀྱི་ཐད་དུ་བློ་རྩ་བརྟན་མིན་ལ་ལྟ་དགོས་པ་མ་ཟད། ཏང་ཡོན་ཚང་མ་ཕུགས་བསམ་དང་དད་སེམས་ཐད་དུ་བློ་རྩ་བརྟན་མིན་ལ་ནི་དེ་བས་ཀྱང་ལྟ་དགོས། ལོ་ངོ95འདས་ཚུན་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོས་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིར་སྐུལ་མ་བཏང་ནས་ཞུམ་མེད་འབད་འཐབ་བྱས་ཡོད་པ་དང་། སྔོན་གཤེགས་དཔའ་བོ་ཁྲི་སྟོང་མང་པོས་ཕུགས་བསམ་དེའི་དོན་དུ་གཅེས་སྲོག་བློས་བཏང་ཡོད་པ་རེད། “རིང་ལུགས་བསླད་མེད་ཡིན་པས་ན། མགོ་བོ་བཅད་ཀྱང་འགྱོད་པ་མེད།” “དགྲ་བོས་ང་ཚོའི་མགོ་བོ་ཁོ་ན་གཅོད་ཐུབ་པ་ལས་ང་ཚོའི་དད་སེམས་ལ་གཡོ་འགུལ་རྩ་བ་ནས་གཏོང་མི་ཐུབ་”ཅེས་པ་སོགས་གཅེས་སྲོག་ལའང་ཕངས་པ་མེད་པར་བདེན་དོན་ལ་གཞོལ་བའི་ཁས་ལེན་དམ་བཅའ་དེ་དག་ལས་གུང་ཁྲན་ཏང་མིས་ཕུགས་བསམ་ཆེན་པོ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་མཚོན་ཡོད། ཕུགས་བསམ་གྱི་འོད་ཟེར་མ་ཉམས་ཚེ། དད་སེམས་ཀྱི་འོད་ཟེར་ཉམས་མི་སྲིད། ང་ཚོས་ངེས་པར་དུ་སྔོན་གཤེགས་དཔའ་བོའི་ཐུགས་འདུན་སེམས་ལ་བརྟན་པོར་འཛིན་དགོས་པ་དང་། ཁོང་ཚོའི་གཅེས་སྲོག་བློས་བཏང་ནས་སྙེག་པའི་ཕུགས་བསམ་རླབས་པོ་ཆེ་དུས་གཏན་དུ་བརྗེད་མི་རུང་།
ཕུགས་བསམ་ནི་ཕུགས་རྒྱང་རིང་ན་གཞི་ནས་མིང་དོན་མཚུངས་པ་དང་། དད་སེམས་ནི་གཉིས་མེད་རྩེ་གཅིག་ཡིན་ན་གཞི་ནས་མིང་དོན་མཚུངས་པ་རེད། ང་ཚོས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དེ་བསམ་བློ་འཛུགས་སྐྲུན་ཐད་ཀྱི་འཐབ་ཇུས་ལས་འགན་ཞིག་ཏུ་བརྩིས་ཏེ། ཕུགས་བསམ་དོན་གཉེར་བྱེད་པའི་ཐད་དུ་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ངེས་ཤུགས་འཛིན་སྐྱོང་བྱེད་དགོས་པ་དང་། རང་རྟོགས་སྒོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་་བསམ་གྱི་འགྱུར་བ་མེད་པའི་དད་སེམས་ཅན་དང་རྣམ་པར་དག་པའི་ལག་ལེན་པ་ཞིག་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་གདོང་ལེན་དཔེ་བཟང་གི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས།
རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་བྱུང་ན་ཆབ་སྲིད་ཐད་གཞི་ནས་བློ་རྩ་བརྟན་པོ་ཡོང་ཐུབ། ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ངེས་པར་དུ་མར་ཁེ་སིའི་རིང་ལུགས་ལ་གོ་བ་གཏིང་ཟབ་ལེན་པའི་རྨང་གཞིའི་ཐོག་འཛུགས་དགོས་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ངེས་ཤེས་ཟབ་མོ་འདྲོངས་པའི་ཐོག་འཛུགས་དགོས། ཏང་ཡོངས་ཀྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་” གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ཕུགས་བསམ་ཆེན་པོ་དང་འབད་འཐབ་ཀྱི་དམིགས་འབེན་སྐོར་ལ་ངོས་ཟིན་གསལ་པོ་དང་དོན་གཉེར་རྩེ་གཅིག་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། ཁོང་ཚོས་སློབ་སྦྱོང་གི་གྲུབ་འབྲས་དེ་ཏང་གཤིས་ཀྱི་གོམས་བྱང་དང་། བསམ་བློའི་གོ་འཕང་། ཀུན་སྤྱོད་ཀྱི་ཆུ་ཚད་བཅས་མཐོ་རུ་གཏོང་བའི་བསམ་པའི་འཚོ་བཅུད་དུ་སྒྱུར་བ་དང་། སློབ་སྦྱོང་ངོ་མ་དང་ཤེས་རྟོགས་ངོ་མ་དང་དད་པ་ངོ་མ་དང་བེད་སྤྱོད་ངོ་མ་བཅས་བྱེད་ཐུབ་ཅིང་། རྒྱལ་ཁ་ཐོབ་ཅིང་ལམ་ལྷོང་བྱུང་དུས་ང་རྒྱལ་མི་སྐྱེ་ལ་འཚབ་འཚུབ་མི་བྱེད་པ་དང་། དཀའ་ངལ་དང་བར་ཆད་བྱུང་དུས་སྤོབས་པ་མི་ཉམས་ལ་ཐེ་ཚོམ་མི་སྐྱེ་བར་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་བསམ་མངོན་འགྱུར་བྱེད་པའི་བདེན་དོན་གྱི་བཙན་ས་བརྟན་པོར་འཛིན་ཐུབ་པ་བྱེད་དགོས།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་འཁྱོངས་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
ཁ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་བྱེད་པ་དང་། འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ཟགས་པ་ཞིག་མིན་པར་ཏང་དང་མི་དམངས་ཀྱིས་དཀའ་བ་ཆེན་པོ་སྤྱད་ཅིང་རིན་དོད་ཆེན་པོ་བཏང་སྟེ་ཐོབ་པའི་རྩ་བའི་གྲུབ་འབྲས་ཤིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ང་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བྱ་གཞག་རླབས་པོ་ཆེ་ཡང་ཡིན་ལ། ང་ཚོས་མ་འོངས་གསར་གཏོད་བྱེད་པའི་རྩ་བའི་འགན་ལེན་ཡང་ཡིན།
ཏང་ཡོངས་ཀྱིས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་འཆང་དགོས། དེང་དུས་འཛམ་གླིང་གི་སྲིད་ཏང་གང་དང་རྒྱལ་ཁབ་གང་དང་མི་རིགས་གང་ལ་གདེང་ཚོད་ཡོད་དམ་ཟེར་ན། ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་ནི་གདེང་ཚོད་ལྡན་པའི་རྒྱུ་མཚན་ཆེ་ཤོས་ཡོད་ཅེས་བརྗོད་ཆོག “མི་ལོ་ཉིས་བརྒྱ་འཚོ་བའི་གདེང་ཡོད་པས། ལེ་དབར་སུམ་སྟོང་རྐྱལ་བའི་སྤོབས་པ་ཡོད་”ཅེས་པའི་སྙིང་སྟོབས་ལྡན་ཚེ། ང་ཚོས་འཇིགས་པ་སྤུ་ཙམ་མེད་པར་དཀའ་ངལ་དང་འགྲན་སློང་མཐའ་དག་ལ་ཁ་གཏད་འཇལ་ཐུབ་པ་དང་། བློ་བརྟན་འགྱུར་མེད་ངང་གནམ་ས་གསར་པ་དང་ངོ་མཚར་གསར་པ་སྐྲུན་ཐུབ་ངེས་རེད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་དང་། མི་དམངས་ལ་དགའ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ལ་སློབ་སྟོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་རིགས་པའི་གཞུང་ལུགས་ཡང་དག་པ་ཞིག་དང་། དུས་རབས་ཀྱི་མདུན་གྲལ་དུ་གནས་ཤིང་དུས་བསྟུན་འཕེལ་རྒྱས་ཡོང་བར་བྱེད་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་ཡར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་གསལ་པོ་ལྡན་པ་དང་། ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་དོད་པོ་ལྡན་པ། རང་ངོས་ནས་འཐུས་སྒོ་ཚང་དུ་གཏོང་བའི་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་སྔོན་ཐོན་ལམ་ལུགས་ཤིག་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་དགོས།
རིག་གནས་ཀྱི་གདེང་ཚོད་ནི་དེ་བས་རྨང་གཞིར་གྱུར་པ་དང་། དེ་བས་ཁྱབ་ཆེ་བ། དེ་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཅིག་ཡིན། ལོ་ངོ5000ལྷག་ཙམ་གྱི་ཤེས་རིག་འཕེལ་རྒྱས་ལས་བྱུང་བའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ཏང་དང་མི་དམངས་ཀྱི་འཐབ་རྩོད་རླབས་པོ་ཆེ་ལས་བྱུང་བའི་གསར་བརྗེའི་རིག་གནས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་ཤོས་ཀྱི་བསམ་པའི་དོན་གཉེར་གྱི་བསགས་ནོར་ཡིན་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་རྟགས་མཚན་མཚོན་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་། རྒྱལ་གཅེས་རིང་ལུགས་སྙིང་པོར་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྙིང་པོར་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ངེས་པར་དུ་སེམས་ལ་འཛིན་དགོས་པ་ཞིག་ནི། ང་ཚོས་འཛགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་རིང་ལུགས་གཞན་གང་ཡང་མིན་པ་དེ་ཡིན། ལོ་རྒྱུས་ལ་མཇུག་འགྲིལ་དུས་མེད་ལ་སུ་དང་གང་གིས་ཀྱང་མཇུག་སྒྲིལ་མི་སྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་མེད་ནི་དོན་དངོས་ལ་ལྟ་དགོས་པ་དང་ཀྲུང་གོའི་མི་དམངས་ཀྱི་གདེང་འཇོག་ལ་ལྟ་དགོས་པ་ལས། ཕྱོགས་རིས་ཅན་ཚོའི་རང་སྣང་འོལ་ཚོད་ཀྱི་སྡོམ་ཚིག་ལ་ལྟ་མི་དགོས། ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ལ་མིའི་རིགས་ལ་སྔར་ལས་ལེགས་པའི་སྤྱི་ཚོགས་ལམ་ལུགས་ཤིག་འཚོལ་ཞིབ་བྱེད་པའི་ཐད་དུ་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།
བློ་མཐུན་ཏེང་ཞའོ་ཕིན་གྱིས། “གཞི་རྩའི་ལམ་ཕྱོགས་ལོ་བརྒྱའི་བར་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་དགོས། ལམ་ཕྱོགས་འདི་རྒྱུན་འཁྱོངས་བྱས་ན་གཞི་ནས་མི་དམངས་ཀྱིས་ཡིད་ཆེས་དང་བརྩི་སྲུང་བྱེད་ཀྱི་རེད། སུ་ཞིག་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་བ་བཏང་ན་མང་ཚོགས་ཀྱིས་ཁས་མི་ལེན་པས་དེར་རྡུང་རྡེག་ཁེལ་ནས་ཕམ་ངེས་རེད།” ཅེས་སྒམ་བརླིང་ངང་གསུངས་མྱོང་ཡོད། ཏང་གི་གཞི་རྩའི་ལམ་ཕྱོགས་ནི་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བདེ་རྩ་ཡིན་པས། ང་ཚོས་དཔལ་འབྱོར་འཛགས་སྐྲུན་ལྟེ་བར་འཛིན་རྒྱུ་དེ་རྒྱལ་ཁབ་དར་རྒྱས་གཏོང་བའི་གཞི་རྩར་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་དེ་རྒྱལ་ཁབ་འཛུགས་པའི་གཞི་རྩར་འཛིན་པ། སྒྱུར་བཅོས་སྒོ་འབྱེད་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱེད་པའི་འགྲོ་ལམ་དུ་འཛིན་པ་བཅས་རྒྱུན་འཁྱོངས་ཀྱིས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་ནི་རྒྱུན་འཁྱོངས་བྱེད་པ་ལ། “ཕྱོགས་ལྔ་གཞི་གཅིག་” གི་སྤྱིའི་བཀོད་པ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་ནས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་བརྒྱ་གཉིས་” ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས། ད་ལྟའི་དུས་རིམ་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛགས་སྐྲུན་གྱི་ལས་འགན་གཙོ་བོ་ནི། 2020ལོར་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དུས་ལ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱས་ནས། དུས་རབས་འདིའི་དུས་དཀྱིལ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དུས་ལ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པར་མང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱ་རྒྱུ་ནི་ང་ཚོའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་སྒམ་བརླིང་གི་ཁས་ལེན་དམ་བཅའ་ཡིན་ལ། ཀྲུང་གོའི་མི་དམངས་དུང་ཕྱུར13ལྷག་གི་ཐུན་མོང་གི་རེ་སྒུག་ཀྱང་ཡིན། དམིགས་ཡུལ་འདི་མངོན་འགྱུར་ཡོང་ཆེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོའི་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པ་བཤམས་ཤིང་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་ཀྱི་འཐབ་ཇུས་བཀོད་པ་བཤམས་ཤིང་སྐུལ་འདེད་ཧུར་ཐག་བཏང་ཡོད། “ཕྱོགས་ལྔ་གཞི་གཅིག་” དང་“ཕྱོགས་ཡོངས་བཞི་” ཕན་ཚུན་སྐུལ་འདེད་དང་གཅིག་གྱུར་གྱིས་མཉམ་འགུལ་བྱེད་དགོས་ན། མཐུན་སྦྱོར་དང་ལག་བསྟར་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་། དམངས་གཙོའི་ཆབ་སྲིད། སྔོན་ཐོན་རིག་གནས། སྐྱེ་ཁམས་དཔལ་ཡོན། ཞི་མཐུན་སྤྱི་ཚོགས་བཅས་འཛུགས་སྐྲུན་བྱེད་དགོས་པ་དང་། མི་དམངས་འབྱོར་ཕྱུག་ལྡན་ཞིང་རྒྱལ་ཁབ་སྟོབས་ཤུགས་ཆེ་ལ་ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ཡོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།
འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན་པ་དང་། ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་རེད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྔར་བཞིན་གནས་པ་མ་ཟད་ད་དུང་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་སུ་ལུས་པའི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ་ཞེས་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་མེད་པ། རང་རྒྱལ་འདི་ཉིད་འཛམ་གླིང་སྟེང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་ལྡོག་བྱུང་མེད་པ་རེད། འདི་ནི་ང་ཚོས་འཕེལ་རྒྱས་ཇུས་འགོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན།
ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་རིགས་སྒྱུར་གྱི་དུས་སུ་སླེབས་པ། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཐད་ཐོད་བརྒལ་གསར་པ་གྲབས་གཤོམ་བྱེད་པ་བཅས་པའི་འཕེལ་རྒྱས་གནས་སྟངས་ཀྱི་མདུན་དུ། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྤོ་སྒྱུར་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཅས་བྱེད་པ། འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉིད་དེ་བས་ལས་ཆོད་ཆེ་བ་དང་། དེ་བས་སྤུས་ཚད་བཟང་བ། དེ་བས་དྲང་སྙོམས་ཡིན་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཀྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། གསར་གཏོད་ལ་ཡི་རང་དང་། མཐུན་སྦྱོར་ལ་དོ་སྣང་། ལྗང་མདོག་དར་སྤེལ། སྒོ་མོ་ཆེར་འབྱེད། མཉམ་སྤྱོད་ལ་སྐུལ་འདེད་བཅས་ཀྱི་ལམ་སྲོལ་དང་ཁོར་ཡུག་གང་མགྱོགས་ཆགས་པ་བཅས་བྱས་ཐོག རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ཕོད་པ་དང་། གོམ་གང་མདུན་སྤོས་ཀྱིས་བསམ་བློར་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ། སྤྱི་ཚོགས་ཀྱི་སྐྱེ་སྟོབས་བཅིངས་འགྲོལ་དང་ཆེར་སྐྱེད་བཅས་བྱས་ནས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལས་དོན་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཡིན་ལ། ང་ཚོའི་ཏང་གི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་དར་ཆ་མངོན་གསལ་དོད་ཤོས་ཤིག་ཀྱང་ཡིན། སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩར་གྱུར་པའི་གདམ་ག་ཞིག་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་ཐུབ་པའི་གནད་ཆེའི་ཐབས་མཆོག་ཅིག་ཀྱང་ཡིན།
སྒྱུར་བཅོས་བྱེད་པར་ངེས་པར་དུ་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་སྐྱོད་མི་རུང་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་དེ་བས་ཀྱང་བསྐྱོད་མི་རུང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་དུ་བཟུང་ནས། རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད། དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་ཕོད་པར་བྱས་ནས། ལམ་ལུགས་སྔར་བས་འཐུས་སྒོ་ཚང་བ་དང་གཏན་ཆགས་འབྱུང་བ་དང་། འཕེལ་རྒྱས་སྔར་བས་སྤུས་ཚད་བཟང་བ། བཅོས་སྐྱོང་སྔར་བས་ཆུ་ཚད་མཐོ་བ། མི་དམངས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་འགྲོ་བ་བཅས་ཡོང་བར་བྱེད་དགོས།
ང་ཚོས་དཔལ་འབྱོར་སྒྲིག་སྲོལ་གྱི་སྒྱུར་བཅོས་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྒྲིག་སྲོལ་དང་། ཆབ་སྲིད་སྒྲིག་སྲོལ། རིག་གནས་སྒྲིག་སྲོལ། སྤྱི་ཚོགས་སྒྲིག་སྲོལ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ། ཏང་འཛུགས་སྐྲུན་གྱི་ལམ་ལུགས་བཅས་ཀྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས།
སྒྱུར་བཅོས་ནི་རྟག་ཏུ་སླ་བ་ནས་དཀའ་བའི་བར་བྱེད་དགོས། ང་ཚོའི་སྒྱུར་བཅོས་ཀྱིས་རྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་ལས་རང་བཞིན་བཅས་ལ་དེ་བས་སྣང་ཆེན་བྱེད་དགོས་པ་དང་། ཆུ་གཏིང་ཟབ་སར་བརྒལ་ཕོད་པ་དང་གཉའ་རུས་མཁྲེགས་པོ་འཐོག་ཕོད་པ་བྱེད་དགོས། ང་ཚོས་རང་ངོས་གསར་བརྗེ་བྱེད་ཕོད་པའི་བློ་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་བསྐྱེད་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ལོ་མང་ལུས་པའི་གཅོང་ཆེན་གཤགས་བཅོས་བྱེད་ཕོད་པ་དང་། གཏིང་རིམ་ཟབ་སའི་ཁེ་ཕན་གྱི་འབྲེལ་བ་དང་འགལ་བར་ཕོག་ཐུག་གཏོང་ཕོད་པར་བྱས་ནས། བསམ་བློ་འདུ་ཤེས་ཀྱི་འཆིང་རྒྱ་སེམས་ཐག་རྦད་ཆོད་ཀྱིས་འགྲོལ་དགོས་པ་དང་། ཁེ་ཕན་གཏན་ཆགས་སུ་གྱུར་བའི་སྒོ་ར་སེམས་ཐག་རྦད་ཆོད་ཀྱིས་གཏོར་དགོས་ཤིང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་ཆ་སེམས་ཐག་གཙང་བཅད་ཀྱིས་སེལ་དགོས།
སྒྱུར་བཅོས་དང་ཁྲིམས་སྐྱོང་གཉིས་ནི་བྱ་གཅིག་གི་གཤོག་ཟུང་དང་ཤིང་རྟག་གཅིག་གི་འཁོར་ལོ་ཟུང་ལྟ་བུ་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གང་མགྱོགས་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྲོག་ཤིང་ནི་ཏང་གིས་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་རྒྱུན་འཁྱོངས་བྱ་རྒྱུ་གཞི་མཐུན་དུ་གཅིག་གྱུར་བྱེད་པ་དེ་ཡིན་ཞིང་། འགག་རྩ་ནི་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་བྱ་རྒྱུ་དང་། ཁྲིམས་བསྟར་ལ་འགན་ལེན་བྱ་རྒྱུ། ཁྲིམས་འཛིན་ལ་རྒྱབ་སྐྱོར་བྱ་རྒྱུ། སྣེ་ཁྲིད་ནས་ཁྲིམས་བསྲུང་བཅས་རྒྱུན་འཁྱོངས་བྱེད་པ་དེ་ཡིན། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་བརྟན་པོར་ཚུགས་པ་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས། རྩ་འཛུགས་དང་མི་སྒེར་གང་རུང་ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་དུ་བྱེད་སྒོ་སྤེལ་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལས་ལྷག་པའི་ཁྱད་དབང་ཡོད་མི་ཆོག་པ་བྱེད་དགོས།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། ཏང་གི་རྩ་བ་མི་དམངས་དང་ཏང་གི་སྟོབས་ཤུགས་མི་དམངས་ལ་ཐུག་པའི་ཡིད་ཆེས་བརྟན་པོ་བྱེད་པ་དང་། ཡོད་ཚད་དམངས་ཀྱི་དོན་དུ་ཡིན་པ་དང་ཡོད་ཚད་དམངས་ལ་རྒྱབ་རྟེན་བྱེད་དགོས་པ་རྒྱུན་འཁྱོངས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་སྒོ་ཀུན་ནས་འདོན་སྤེལ་བཅས་བྱས་ནས། མི་དམངས་ལ་ཕན་བདེ་སྐྲུན་པའི་བྱ་གཞག་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
མི་དམངས་ཀྱི་ལངས་ཕྱོགས་འཛིན་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ལངས་ཕྱོགས་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་རྟགས་མཚན་གསལ་པོ་ཞིག་ཡིན། ཏང་གིས་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་མཉམ་སྤྱོད་བྱེད་ཀྱི་ཡོད་པས། ཐོག་མཐའ་བར་གསུམ་དུ་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་ཉིད་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་རྩ་བའི་འགན་ལེན་ཡིན། དེ་ནི་“མི་སེམས་ཐོབ་ན་རྒྱལ་ཁབ་འཐོབ། མི་སེམས་ཤོར་ན་རྒྱལ་ཁབ་འཆོར་” ཟེར་བ་ལྟར་རེད།
ཏང་ཡོངས་ཀྱི་བློ་མཐུན་ཚོས་མི་དམངས་སྙིང་དབུས་སུ་བཞག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས་ཤིང་། མི་དམངས་ཀྱི་བརྩི་བཀུར་ཐོབ་མིན་དང་། མོས་མཐུན་བྱེད་མིན། དགའ་པོ་བྱེད་མིན། ཁས་ལེན་མིན་བཅས་ལས་དོན་མཐའ་དག་གི་ཐོབ་ཤོར་གྱི་ཚད་འཇལ་བྱེད་ཀྱི་རྩ་བའི་ཚད་གཞིར་བརྩིས་ནས། ང་ཚོའི་ཏང་ལ་སྔ་ཕྱི་བར་གསུམ་དུ་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ལྡན་པར་བྱེད་དགོས།
མི་དམངས་ལ་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་གཏོད་བྱ་རྒྱུ་ནི་ང་ཚོའི་ཏང་གིས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་འབད་འཐབ་དམིགས་འབེན་ཡིན། ང་ཚོས་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན་དང་བསྟུན་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་འཛིན་པ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བ། ཡོང་འབབ་ཀྱི་བགོ་བཤའ་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། མི་དམངས་འདྲ་མཉམ་ངང་ཐེ་ཞུགས་དང་འདྲ་མཉམ་ངང་འཕེལ་རྒྱས་ཡོང་བའི་ཁེ་དབང་འགན་ལེན་བཅས་བྱས་ནས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་བས་མང་བ་དང་སྔར་བས་དྲང་སྙོམས་ངང་མི་དམངས་ཡོངས་རྫོགས་ལ་ཕན་པའི་གསོས་སུ་སྒྲུབ་དགོས་པ་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་འབྱོར་བ་རྒྱས་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས།
མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱ་རྒྱུ་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱ་རྒྱུ་ནི་ང་ཚོའི་ཏང་གི་འགྱུར་མེད་འདོད་ཚུལ་ཡིན། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དེ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ལག་བསྟར། རྒྱུན་ཆད་མེད་པར་གོང་སྤེལ་བཅས་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་དགོས་པ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ། མི་དམངས་མང་ཚོགས་སྒྲིག་ལམ་ཡོད་པའི་སྒོ་ནས་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱུ་ཆེ་རུ་གཏོང་དགོས་པ། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ནང་དུ་མི་དམངས་རྒྱ་ཁྱབ་ཏུ་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ཐོག་ནས། གསོན་ཉམས་ལྡན་པ་དང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་ཞིག་ཆགས་པ་བྱེད་དགོས།
“འཇོན་ཐང་ཅན་ལས་བྱས་རྗེས་འབྱུང་། འཇོན་ཐང་ཅན་ལས་བྱ་གཞག་དར” ཏང་དང་མི་དམངས་ཀྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བར་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་བཀོལ་སྤྱོད་དེ་བས་ཡག་པོ་བྱེད་དགོས་ལ། གནམ་འོག་གི་མཁས་པ་བཀུག་ནས་བཀོལ་སྤྱོད་བྱེད་དགོས། ང་ཚོས་ཤེས་ལྡན་མི་སྣ་ངོ་ཆོད་པའི་བློ་མིག་དང་། ཤེས་ལྡན་མི་སྣར་གཅེས་པའི་ལྷག་བསམ། ཤེས་ལྡན་མི་སྣ་སྤྱོད་པའི་བློ་སྟོབས། ཤེས་ལྡན་མི་སྣ་དང་ལེན་བྱེད་པའི་བློ་གཤོག ཤེས་ལྡན་མི་སྣ་འགུག་པའི་ཐབས་ཤེས་བཅས་ལ་བརྟེན་ནས་ཤེས་ལྡན་མི་སྣ་འགུགས་པའི་ལམ་བུ་ཡངས་པོར་ཕྱེ་ནས། ཏང་ནང་དང་ཏང་ཕྱི་དང་རྒྱལ་ཕྱི་རྒྱལ་ནང་སོགས་ཕྱོགས་ཀུན་གྱི་ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་འགུགས་སྡུད་བྱེད་དགོས་པ་དང་། མི་ཚང་མ་འཇོན་ཐང་བརྙེས་ལ་སྤྲོ་བ་དང་། མི་ཚང་མས་འཇོན་ཐང་བརྙེས་ལ་བརྩོན་པ། མི་ཚང་མར་འཇོན་ཐང་བརྙེས་ཐུབ་པ། མི་ཚང་མས་རང་ཉིད་ཀྱི་འཇོན་ཐང་སྟོན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ངང་ཆགས་པ་བྱེད་དགོས།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་རྒྱུན་འཁྱོངས་ལྷོད་མེད་དང་སྐྱོད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་ལྷོད་མེད་ངང་ལག་ལེན་བསྟར་བ། རྒྱལ་ཁབ་ཁག་དང་མཛའ་མཐུན་འགྲོ་འོང་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
མིའི་རིགས་ལ་རྒྱུན་ཆད་མེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་གཞག་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་སྔ་མོ་ནས་བཞག་པའི་སྒམ་བརླིང་ལྡན་པའི་དམ་བཅའ་ཡིན། དཀའ་སྡུག་དུ་མ་བརྒྱུད་མྱོང་བའི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་རིན་ཐང་ཆེན་པོ་ཟབ་མོར་རྟོགས་པས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་དེ་རང་ཉིད་ཀྱི་བླ་ན་མེད་པའི་འགན་འཁྲིར་འཛིན་གྱི་ཡོད།
ད་ལྟ་མིའི་རིགས་ལ་སྔོན་མའི་དུས་སྐབས་གང་རུང་ལས་ཀྱང་བཟང་བའི་ཞི་བདེ་དང་འཕེལ་རྒྱས་ཀྱི་དམིགས་འབེན་ཕྱོགས་སུ་སྐྱོད་པའི་མཐུན་རྐྱེན་འཛོམས་ཡོད། ཀུང་གོ་ཕྱོགས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ཏེ། གནོན་ཤུགས་གང་ཡོད་སྒུལ་ཤུགས་དང་ཉམས་ཉེན་གང་བྱུང་སྐྱེ་སྟོབས་སུ་སྒྱུར་བ་དང་། འགྲན་རྒོལ་གྱི་ཚབ་ཏུ་མཉམ་ལས་དང་སྒེར་འཛིན་གྱི་ཚབ་ཏུ་མཉམ་རྒྱལ་བྱེད་པའི་འདོད་ཚུལ་འཛིན་གྱི་ཡོད། རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གང་འདྲ་ཞིག་འཛམ་གླིང་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ངོས་ནས་བརྗོད་ན་ཡག་པོ་ཡིན་མིན་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གྲོས་བསྡུར་བྱེད་དགོས་པ་ལས། རྒྱལ་ཁབ་གཅིག་གིས་བཤད་པར་ཆ་འཇོག་བྱེད་མི་རུང་ལ། མི་ཉུང་ཤས་ཀྱིས་བཤད་པར་ཡང་ཆ་འཇོག་བྱེད་མི་རུང་། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པ་དང་། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་ཆེད་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་ཡིན།
ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ་དེ་ཡིན། ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་པ་བཅས་ཡིན་པས། རྒྱལ་ཁབ་ཁག་དང་ཁེ་ཕན་གྱི་འབྲེལ་བ་རྒྱ་ཆེར་བཏང་ནས་མཉམ་ལས་མཉམ་རྒྱལ་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་ཁེ་ཕན་གཅིག་མཐུན་ཚོགས་པ་ཆགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག རྒྱལ་ཁབ་ཡོངས་རྫོགས་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ལག་ལེན་བསྟར་བ་དང་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག་”སོགས་གནད་ཆེའི་རྒྱལ་སྤྱིའི་མཉམ་ལས་ལས་གཞིའི་ཐད་དུ་སྔར་ལས་ཆ་ཚང་བ་དང་། སྔར་ལས་གཏིང་ཟབ་པ། སྔར་ལས་སྣ་མང་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་བཏོད་དང་གཏོད་བཞིན་ཡོད།
ཀྲུང་གོའི་འཕེལ་རྒྱས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕན་ཐོགས་བྱུང་ཡོད་པ་དེ་ཀྲུང་གོའི་མི་དམངས་ཀྱིས་གསལ་པོར་ཤེས་ཀྱི་ཡོད་པས། རང་ཉིད་ཀྱི་འཕེལ་རྒྱས་ལས་རྒྱལ་སྤྱིའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ནི་ཀྲུང་གོ་གཅིག་པུའི་བྱ་བ་མིན་པར། ཕྱོགས་སོ་སོ་ཐེ་ཞུགས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། སྟོབས་ཤུགས་ཀྱི་ཁྱབ་ཁོངས་དབྱེ་རྒྱུ་མིན་པར། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། རང་ཉིད་གཅིག་པུར་སྦུག་གི་མེ་ཏོག་ལྡུམ་ར་བསྐྲུན་རྒྱུ་མིན་པར། རྒྱལ་ཁབ་ཁག་ཐུན་མོང་ལ་དབང་བའི་སྐྱེད་མོས་ཚལ་བསྐྲུན་རྒྱུ་བཅས་ཡིན།
ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གཏོང་ཞིང་འཇམ་འཐབ་ཀྱི་བསམ་གཞིག་དང་བསྡོམས་སྟོང་འཐབ་འགྲན་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་གང་ཡང་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་ལ་མ་བལྟོས་པར་མཐའ་གཅིག་ཏུ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་ངང་གདམ་ག་བྱེད་པའི་ཁེ་དབང་ལ་བརྩི་འཇོག རྒྱལ་སྤྱིའི་དྲང་སྙོམ་དྲང་བདེན་སྲུང་སྐྱོབ་བཅས་བྱེད་ཀྱི་ཡོད་པ་དང་། རང་ཉིད་ཀྱི་ལྟ་བ་གཞན་ལ་བཙན་དཀྲི་བྱེད་པར་ངོ་རྒོལ་དང་། རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། བཙན་པོས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པར་ངོ་རྒོལ་བཅས་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་གཞན་དག་གི་ཁེ་དབང་ལ་ཧམ་སེམས་འཆང་གི་མེད་པ་དང་། རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་ཕྲག་དོག་བྱེད་ཀྱི་མེད་མོད། འོན་ཀྱང་ང་ཚོའི་ལུགས་མཐུན་ཁེ་དབང་གཏན་ནས་ཡལ་བར་འདོར་མི་སྲིད། ཀྲུང་གོའི་མི་དམངས་ཀྱིས་ལོག་སྤྱོད་ལ་ཡིད་མོས་མི་བྱེད་ཅིང་ལོག་སྤྱོད་ལ་མི་སྐྲག་པ་དང་། རྙོག་དྲ་བཟོ་མི་སྲིད་ལ་རྙོག་དྲར་མི་སྐྲག་པས། ཕྱིའི་རྒྱལ་ཁབ་གང་ཡང་རུང་བས་ང་ཚོས་རང་ཉིད་ཀྱི་སྲོག་ཤིང་ཁེ་ཕན་བཏོན་ནས་ཚོང་རྒྱག་གི་རེད་མ་བསམ། ང་ཚོས་རང་ཉིད་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་པའི་སྡུག་གྱོང་འཁུར་གྱི་རེད་མ་བསམ།
རང་བཙན་རང་བདག་དང་། ཡོངས་སུ་འདྲ་མཉམ། ཕན་ཚུན་བརྩི་འཇོག ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་པའི་རྩ་དོན་གྱི་རྨང་གཞིའི་ཐོག ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་ས་ཁུལ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ལ་སྤེལ་རེས་དང་མཉམ་ལས་བྱས་ནས་རྒྱལ་ཁབ་ཁག་གི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་རྒྱུ་ཡིན།
—ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛིན་སྐྱོང་དང་། ཤུགས་བརྒྱབ་ནས་སྲིད་སྐྱོང་ནུས་པ་ཆེར་སྐྱེད་དང་འགོ་ཁྲིད་ཚུ་ཚད་མཐོར་འདེགས། ཤུགས་བརྒྱབ་ནས་ཉེན་ཁ་བཀག་འགོག་དང་རུལ་འགོག་འགྱུར་ཟོན་གྱི་ནུས་པ་ཆེར་སྐྱེད་བཅས་བྱས་ནས། ཏང་འཛུགས་སྐྲུན་གྱི་ལས་གཞི་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
ཀྲུང་གོའི་ལས་ཀ་ལེགས་པར་སྒྲུབ་པར་འགག་རྩ་ཏང་ལ་ཐུག་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དང་འཐུས་སྒོ་ཚང་དུ་གཏང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩ་ཚུགས་ས་དང་སྲོག་རྩ་གནས་ས་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་གནས་ས་དང་བདེ་སྐྱིད་འབྱུང་གཞི་ཡིན།
ང་ཚོའི་ཏང་ནི་ཏང་ཡོན་ཁྲི་ཚོ8800ལྷག་དང་ཏང་རྩ་འཛུགས་ཁྲི་ཚོ440ལྷག་ཡོད་པའི་ཏང་ཞིག་དང་། མི་འབོར་དུང་ཕྱུར13ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོར་དུས་ཡུན་རིང་བོར་སྲིད་དབང་སྐྱོང་བའི་ཏང་ཞིག་ཡིན་པའི་ཆ་ནས། ཏང་གི་འཛུགས་སྐྲུན་ནི་ཧ་ཅང་གལ་འགངས་ཆེ་བ་དང་ཁྱོན་ཡོངས་དང་འབྲེལ་ཡོད་པ་ཞིག་རེད། ཏང་དང་མི་དམངས་ཀྱི་བྱ་གཞག་གི་འཕེལ་རྒྱས་དེ་དུས་རིམ་གང་དུ་སླེབས་ན་ཏང་གི་འཛུགས་སྐྲུན་ཡང་དུས་རིམ་དེ་ལ་སྤེལ་དགོས། འདི་ནི་ཏང་འཇུག་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐད་ངེས་པར་དུ་ཤེས་དགོས་པའི་གཞི་རྩའི་ཆོས་ཉིད་རེད།
སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་ངོ་བོ་ཡིན་པས། ང་ཚོས་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐད་དུ་སྔོན་ཐོན་རང་བཞིན་ཉམས་དམས་སུ་གཏོང་བ་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་གནད་དོན་མཐའ་དག་ལ་འཐབ་རྩོད་བྱས་ནས། ནད་གསོ་སྨན་བཅོས་དང་ངན་འགོག་བཟང་སྤེལ་བྱེད་དགོས། ཏང་ཡོངས་ཀྱིས་རང་གིས་རང་ཉིད་གསར་བརྗེ་བྱེད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཏང་རང་སྟེང་དུ་གནས་པའི་གནད་དོན་འབུར་ཐོན་ཅན་ཁག་ཤུགས་བརྒྱབ་ནས་ཐག་གཅོད་བྱེད་པ་དང་། ཏང་གིས་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་འཕེལ་རྒྱས་བཅས་ཡོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། “ཉམས་སད་ཆེན་པོ་བཞི་”ཐེག་པ་དང་“ཉེན་ཁ་བཞི་”ཁྱད་གསོད་བྱས་ཐོག ཏང་ཉིད་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་ཆགས་པར་འགན་ལེན་བྱེད་དགོས།
རྒྱལ་ཁབ་བཅོས་སྐྱོང་བྱེད་ན་སྔོན་ལ་ཏང་བཅོས་སྐྱོང་བྱེད་དགོས་པ་དང་། ཏང་བཅོས་སྐྱོང་བྱེད་ན་ངེས་པར་དུ་བཅོས་སྐྱོང་ནན་པོ་བྱེད་དགོས། གལ་ཏེ་ཏང་དོ་དམ་བྱེད་པའི་ཤུགས་ཆུང་ཞིང་ནན་པོ་མ་བྱུང་བ་དང་། མི་དམངས་མང་ཚོགས་བསམ་འཆར་ཆེན་པོ་ཡོད་པའི་ཏང་ནང་ཁུལ་གྱི་གནད་དོན་འབུར་དུ་ཐོན་པ་དག་ཐག་གཅོད་མ་བྱུང་ཚེ། སྔ་ཕྱི་མ་གཏོགས་ང་ཚོའི་ཏང་གི་སྲིད་དབང་སྐྱོང་བའི་ཐོབ་ཐང་ཤོར་འགྲོ་ལ། ལོ་རྒྱུས་ཀྱིས་ཕྱིར་འབུད་བྱེད་པ་ལས་གཡོལ་ཐབས་མེད། ཏང་དོ་དམ་དང་བཅོས་སྐྱོང་བྱེད་པར་ནན་རྒྱུ་གལ་ཆེ་སྟེ། བླང་བྱ་ནན་པོ་གང་བཏོན་བརྒྱུད་རིམ་ཡོངས་སུ་དཀྱུས་གཅིག་ཏུ་བསྟར་ནས། དངོས་གནས་དྲང་གནས་དོ་དམ་ནན་པོ་དང་། སྤོབས་པ་ཆེན་པོས་དོ་དམ་ནན་པོ། དུས་ཡུན་རིང་པོར་དོ་དམ་ནན་པོ་བཅས་བྱེད་དགོས།
ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བཟོ་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྨང་གཞི་རེད། ཏང་གིས་ཏང་ལ་དོ་དམ་བྱེད་ན་ཐོག་མར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནས་དོ་དམ་བྱེད་འགོ་འཛུགས་དགོས་པ་དང་། ཏང་ནན་སྐྱོང་བྱེད་ན་ཐོག་མར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནས་ནན་འགོ་འཛུགས་དགོས། ང་ཚོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་ཅིང་དེ་ཚད་ལྡན་དུ་གཏོང་བ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཟབ་ནན་བཟོ་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན་དང་། རྩ་དོན་རང་བཞིན་དང་། འཐབ་འཛིང་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་སྐྱེ་ཁམས་ཕྱོགས་ཡོངས་ནས་དྭངས་གཙང་ཡོང་བར་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཏང་ལ་བློ་སེམས་དཀར་བ་དང་། ཏང་གི་སེམས་ཁྲལ་མཉམ་འཁུར། ཏང་ལ་ལས་འགན་འཁུར་ལེན། ཏང་ལ་འགན་འཁྲི་གཙང་སྒྲུབ་བཅས་དངོས་འབྲེལ་བྱེད་ཐུབ་དགོས།
ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་མཚོན་བྱེད་ཡིན་ཞིང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དང་དེ་བཞིན་མི་སེམས་གཏད་ཕྱོགས་ལ་ལྟ་བྱེད་ཀྱི་ཚད་ཐིག་ལྟ་བུ་ཡིན། ཏང་གི་སྤྱོད་ཚུལ་དྲང་བ་དང་མི་དམངས་བློ་བདེ་བག་ཕེབས་བྱུང་ན་ཏང་དང་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་ངེས་རེད། དེ་ཡང་དངོས་གནས་དྲང་གནས་བདག་སྐྱོང་ནན་པོ་དང་། སྤོབས་པ་ཆེན་པོས་དོ་དམ་ནན་པོ་བྱས་ཚེ་ཏང་སྲོལ་འཛུགས་སྐྲུན་ཐད་ཐག་གཅོད་མི་ཐུབ་པའི་གནད་དོན་གང་ཡང་མེད་པ་ནི་ལག་ལེན་ལས་དངོས་ར་འཕྲོད་ཡོད། སྤྱོད་ཚུལ་འཛུགས་སྐྲུན་ནི་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད། “རང་སྐྱོན་སྦས་ནས་གཞན་སྐྱོན་ཇི་ལྟར་སྲོང་” ཞེས་པ་ལྟར། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། མཐོ་རིམ་ལས་བྱེད་པ་བཅས་ནས་འཛིན་འགོ་བཙུགས་ཏེ། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་དང་སྤྱོད་ཚུལ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། རྒྱུན་དུ་འཛིན་པ་དང་ཞིབ་ཏུ་འཛིན་པ་དང་ཡུན་རིང་འཛིན་པ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་འགྱུར་ཡོང་བར་བྱས་ཏེ། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། ལས་དབང་མཉམ་འཁུར་དང་། གཅིག་སེམས་གཅིག་འབྲེལ་བྱ་རྒྱུ་འགན་ལེན་བྱེད་དགོས།
སྲིད་འཛིན་ཏང་ཡིན་པའི་ང་ཚོའི་ཏང་ལ་འཕྲད་པའི་ཉེན་ཁ་ཆེ་ཤོས་ནི་རུལ་སུངས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་“སྟག་སྦྲང་མཉམ་རྡུང་”བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཐོན་ཡོད་པ་དང་། རུལ་སུངས་བྱེད་མི་ནུས་པ་དང་རུལ་སུངས་བྱེད་མི་འདོད་པའི་ཕན་ནུས་རགས་ཙམ་མངོན་ཡོད་ལ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྣམ་པ་ཆགས་བཞིན་ཡོད། རུལ་རྒོལ་གཙང་སྤེལ་དང་རུལ་འགོག་འགྱུར་ཟོན་ཐད་ངེས་པར་དུ་ཉེན་བརྡ་རྒྱུན་གཏོང་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དབང་ཆའི་ལྟ་བ་ཡང་དག་བརྟན་པོར་འཛིན་པ་དང་། མཆོག་ཏུ་གྱུར་པའི་བསམ་པའི་དོན་གཉེར་རྒྱུན་འཁྱོངས། མི་དམངས་ལ་གུས་ཞུམ་དང་རྩ་འཛུགས་ལ་གུས་ཞུམ་དང་ཁྲིམས་སྲོལ་ལ་གུས་ཞུམ། དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། དབང་ཆ་ཁྲིམས་ལྟར་སྤྱོད་པ། དབང་ཆ་དམངས་དོན་དུ་སྤྱོད་པ། དབང་ཆ་གཙང་མར་སྤྱོད་པ་བཅས་བྱས་ནས། རུལ་སུངས་ནི་བཟློག་བྱ་དང་གཏན་གྱི་སྤང་བྱར་འཛིན་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ཡུན་ནས་ཡུན་དུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ཉམས་པ་མེད་པའི་བློ་སྟོབས་སྐྱེད་པ་དང་། སྙིང་རྗེ་སྤུ་ཙམ་མི་ལྟ་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ནས། གྱོད་གཞི་བྱུང་ཚེ་རྩད་གཅོད་བྱེད་ངེས་པ་དང་རུལ་སུངས་བྱུང་ཚེ་ཆད་པ་གཅོད་ངེས་པར་བྱས་ཏེ། རུལ་སུངས་པ་ལ་ཏང་ནང་དུ་གབ་ས་གཏན་ནས་མེད་པ་བཟོ་དགོས།
རླབས་ཆེ་བའི་འཐབ་རྩོད་བྱེད་པ་དང་རླབས་ཆེ་བའི་བྱ་གཞག་སྒྲུབ་པར་བྱང་ཚད་མཐོ་བའི་ལས་བྱེད་པ་དགོས་ཀྱི་རེད། ང་ཚོས་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་པར་གཙིགས་ཆེན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་བཞི་མཚམས་བརྒྱད་དང་སུ་བཟང་དེ་བསྐོ་བྱ་རྒྱུ་རྒྱུན་འཁྱོངས། བྱ་གཞག་མཆོག་འཛིན་དང་གཞུང་དྲང་ཚུལ་ལྡན་རྒྱུན་འཁྱོངས་བཅས་བྱེད་པ་དང་། མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་པ་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས། ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་ནན་ཏན་གྱིས་སྐྱེད་སྲིང་བྱེད་དགོས་པ་དང་། དུས་ཐོག་ཏུ་རྙེད་དགོས་ཤིང་། ལུགས་མཐུན་དུ་བཀོལ་སྤྱོད་བྱེད་དགོས།
སྤྱོད་བཟང་ལ་བརྟེན་ནས་ལུས་སེམས་གསོ་སྦྱོང་དང་། སྤྱོད་བཟང་ལ་བརྟེན་ནས་དབང་གྲགས་རྒྱས་པ། སྤྱོད་བཟང་ལ་བརྟེན་ནས་དམངས་སེམས་འཐོབ་པ་བཅས་བྱ་རྒྱུ་ནི་ལས་བྱེད་པ་འཚར་ལོངས་ཡོང་བ་དང་འཇོན་ཐང་རྒྱས་པའི་གནད་ཆེའི་བདག་རྐྱེན་ཡིན། ཏང་ཡོན་དང་ལས་བྱེད་པ་ཚང་མས་“ནན་གསུམ་དྲང་གསུམ་” བརྩི་སྲུང་དང་། འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་པའི་“སྤྱི་ཁྱབ་གློག་སྒོ་”དམ་དུ་བཏང་ནས། སེམས་ལ་ཏང་དང་། མི་དམངས། འགན་འཁྲི། བསྲུང་བྱ་བཅས་འཛིན་དགོས་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་གི་དོན་དུ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་རྒྱུ་དེ་མི་ཚེའི་དོན་གཉེར་ཆེ་ཤོས་ལ་བརྩི་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་ཤེས་བྱ་གསར་སྒྱུར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་ལག་ལེན་གྱི་སྤྱོད་བརྡར་ལ་ཤུགས་སྣོན་བརྒྱབ་ནས། ཆེད་ལས་ཀྱི་བྱང་ཚད་དང་ལས་ཀའི་འཇོན་ཐང་དུས་རབས་ཀྱི་གོམ་འགྲོས་ཀྱི་རྗེས་སུ་ཆོད་པར་བྱེད་པ་དང་། ཤེས་རྒྱ་ཆུང་བས་མགོ་རྨོངས་པ་དང་ཤེས་ཡོན་མེད་པས་སེམས་འཁྲུག་པ་མི་ཡོང་བ་བྱས་ཏེ། ལས་དོན་ཡག་པོ་སྒྲུབ་མཁན་གོམས་བྱང་ཅན་ཆགས་པ་བྱེད་དགོས།