
༄༅། །རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ལམ་དུ་ཡག་པོར་སྐྱོད་དགོས།*
(2016ལོའི་ཟླ་10ཚེས་21ཉིན།)
རྒྱང་སྐྱོད་ཅེས་པའི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་མཛད་པ་རླབས་པོ་ཆེ་འདིས་ང་ཚོར་ཤུལ་དུ་བཞག་པའི་བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས་ནི། ཀྲུང་གོའི་གུང་ཁྲན་ཏང་མི་དང་དམར་དམག་གི་དཔོན་དམག་ཚོས་ཚེ་སྲོག་དང་ཟུངས་ཁྲག་གིས་བསྐྲུན་གནང་བའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ཡིན།
རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི། རྒྱལ་ཡོངས་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་མཆོག་ཏུ་འཛིན་པ་དང་། གསར་བརྗེའི་ཕུགས་འདུན་དང་དད་སེམས་བརྟན་པོར་འཆང་བ། དྲང་བདེན་གྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་འཆང་བ་བཅས་ཀྱི་སྙིང་སྟོབས་དང་། རྒྱལ་ཁབ་དང་མི་དམངས་སྐྱོབ་ཆེད་དཀའ་སྡུག་དང་ཉེན་ཁ་གང་རུང་ལ་འཇིགས་པ་མེད་ཅིང་ཡོད་ཚད་བློས་གཏོང་བར་ཕངས་པ་མེད་པའི་སྙིང་སྟོབས། རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་ཅིང་། བྱ་བ་གང་སྒྲུབ་ཚང་མ་དོན་དངོས་ལ་གཞིགས་པའི་སྙིང་སྟོབས། ཁྱོན་ཡོངས་ལ་ལྟ་རྟོག་དང་། སྒྲིག་ཁྲིམས་དམ་སྲུང་། མཐུན་སྒྲིལ་དམ་ཚགས་བཅས་བྱེད་པའི་སྙིང་སྟོབས། མི་དམངས་མང་ཚོགས་ལ་རྒྱབ་རྟེན་དམ་པོར་བཅོལ་བ་དང་། མི་དམངས་མང་ཚོགས་དང་ཤི་གྲོགས་གསོན་གྲོགས་དང་། སྐྱིད་སྡུག་མཉམ་མྱོང་། དཀའ་སྤྱད་འབད་བརྩོན་བཅས་བྱེད་པའི་སྙིང་སྟོབས་བཅས་ཡིན།
རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི། ཀྲུང་གོའི་གུང་ཁྲན་ཏང་མི་དང་དེས་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་གི་གསར་བརྗེའི་བརྟུལ་ཞུགས་གསོན་རྗེན་དུ་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་བྱེད་པའི་མི་རིགས་གཤིས་རྒྱུད་གཅིག་བསྡུས་སུ་བསྟན་པ། རྒྱལ་གཅེས་རིང་ལུགས་སྙིང་པོར་གྱུར་པའི་མི་རིགས་སྙིང་སྟོབས་དབྱིས་ཕྱིན་པར་མངོན་པ་བཅས་ཡིན།
སྙིང་སྟོབས་དབེན་པའི་སྐྱོ་བོས་མགོ་མི་ཐོན། སྙིང་སྟོབས་དབེན་པའི་རྒྱལ་ཁབ་སྟོབས་མི་རྒྱས། སྙིང་སྟོབས་ནི་མི་རིགས་ཤིག་ཡུན་རིང་གནས་ཐུབ་པའི་བླ་སྲོག་ཡིན་པས། སྙིང་སྟོབས་ཉིད་གོ་འཕང་ངེས་ཅན་ཞིག་ལ་སླེབས་པའི་མི་རིགས་གང་དེ་གཞི་ནས་ལོ་རྒྱུས་ཀྱི་འཕེལ་རྒྱུན་རིང་པོའི་ནང་དུ་མགོ་འཕང་མཐོ་ཞིང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ཐུབ་པ་རེད། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ཉིད་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་དང་བསམ་པའི་གཏད་རབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུད་དང་བླ་སྲོག་ཏུ་འདྲེས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བཅུད་ཆ་ཕུན་སུམ་ཚོགས་པོར་གྱུར་ཡོད་པ་དང་། ཀྲུང་གོའི་མི་དམངས་ལ་སྐུལ་མ་བཏང་ནས་རྒྱུན་ཆད་མེད་པར་འགག་སྒྲོལ་དཀའ་སེལ་གྱིས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་བསམ་པའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད།
ལོ་རྒྱུས་ནི་མི་དམངས་ཀྱིས་གསར་སྐྲུན་བྱེད་པ་རེད་ལ། དཔའ་བོའི་མི་དམངས་ཀྱིས་དཔའ་བོའི་ལོ་རྒྱུས་གསར་སྐྲུན་བྱས་དང་བྱེད་བཞིན་ཡོད། ད་ལྟའི་ཀྲུང་གོའི་ཡར་རྒྱས་གོང་འཕེལ་ནི་རྒྱང་སྐྱོད་བརྒྱུད་ནས་ཐོབ་པ་ཡིན།
ཀྲུང་གོ་གསར་པ་དབུ་བརྙེས་གྲབས་ཀྱི་གོང་རོལ་ནས་བློ་མཐུན་མའོ་ཙེ་ཏུང་གིས་ང་ཚོར་“རྒྱལ་ཡོངས་ཀྱི་རྒྱལ་ཁ་བླངས་པ་དེ་ནི་ལེ་དབར་ཁྲི་ཕྲག་གི་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་སྤོས་པ་ཙམ་ཞིག་རེད”ཅེས་ཁ་ཏ་བསླབ་བྱ་གནང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོས་དཀའ་སྤྱད་འཚོལ་ཞིབ་དང་ལག་ལེན་ཐེངས་མང་བྱས་པ་བརྒྱུད་སྒྱུར་བཅོས་སྒོ་འབྱེད་ཀྱི་དུས་རབས་གསར་པ་བཏོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ལམ་དུ་བསྐྱོད་ཐུབ་བྱུང་བ་རེད།
སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་30ལྷག་འདས་པའི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བྱ་གཞག་གོང་འཕེལ་མགྱོགས་པོ་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་རྩ་བའི་ཐོག་ནས་ལེགས་བཅོས་བྱུང་བ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་གོང་འཕེལ་ཆེན་པོ་བྱུང་བ་བཅས་ཀྱི་ཐོག་ནས། ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་མདུན་ལྗོངས་འོད་སྟོང་ལྡན་པ་ཞིག་བསུ་རྒྱུ་བྱུང་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏང་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན། བློ་མཐུན་ཏེང་ཞའོ་ཕིན་གྱིས། “ང་ཚོས་སྤྱི་ཚོགས་རིང་ལུགས་སྤེལ་ནས་ལོ་བཅུ་ཕྲག་འགའ་ལས་འདས་མེད་པས་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ད་དུང་ལོ་རྒྱུས་ཀྱི་དུས་རིམ་ཧ་ཅང་རིང་པོ་ཞིག་དགོས་པ་དང་། ང་ཚོ་མི་རབས་འགའ་ཞིག་གམ་མི་རབས་བཅུ་གྲངས་སམ་ཡང་ན་མི་རབས་བཅུ་ཕྲག་འགའ་ཞིག་གིས་རྒྱུན་འཁྱོངས་ལྷོད་མེད་འབད་འཐབ་བྱ་དགོས་པ་ལས་སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་།”ཞེས་གསུངས་ཡོད།
ལོ་རྒྱུས་ནི་ཟམ་མི་ཆད་པར་མདུན་དུ་སྐྱོད་བཞིན་ཡོད་པ་དང་། ཕུགས་བསམ་གྱི་ཕ་མཐར་སླེབས་དགོས་ན་ང་ཚོས་གཏན་ལ་ཕབ་ཟིན་པའི་འགྲོ་ལམ་དེད་ནས་ཟམ་མི་ཆད་པར་མདུན་དུ་སྐྱོད་དགོས་པ་རེད། མི་རབས་རེ་རེར་མི་རབས་རེ་རེའི་རྒྱང་སྐྱོད་ལམ་བུ་ཡོད་ན། མི་རབས་ཚང་མ་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོར་སྐྱོད་དགོས། མིག་སྔར། ང་ཚོ་མི་རབས་འདིའི་རྒྱང་སྐྱོད་ནི་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན།
མིག་སྔའི་རྒྱང་སྐྱོད་འདི་སྐབས་དེ་དུས་ཀྱི་དམར་དམག་གི་རྒྱང་སྐྱོད་དང་བསྡུར་བ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ང་ཚོ་བསྐྱོད་ཟིན་པའི་རྒྱང་སྐྱོད་གསར་པ་དང་བསྡུར་ན། ཁོར་ཡུག་དང་། ཆ་རྐྱེན། ལས་འགན། སྟོབས་ཤུགས་བཅས་ཀྱི་ཐད་ཁྱད་པར་ཆུང་ཙམ་དང་ཐ་ན་ཁྱད་པར་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་དེ་དག་ཚང་མ་གསར་གཏོད་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལྡན་པའི་བྱ་གཞག་རྐྱང་རྐྱང་རེད།
ཕུགས་བསམ་རླབས་པོ་ཆེ་མངོན་འགྱུར་བྱེད་པར་བདེ་ཞིང་ཡངས་པའི་འགྲོ་ལམ་མེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བྱ་གཞག་རླབས་པོ་ཆེར་འཕེལ་སྐྱོད་གསར་པ་བརྩོན་ལེན་དང་། ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པ་སྐུལ་འདེད་བྱེད་པར་གྲུབ་འབྲས་གསར་པ་བརྩོན་ལེན། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་ལ་རྒྱལ་ཁ་གསར་པ་བརྩོན་ལེན་བཅས་བྱེད་པར། ང་ཚོས་ད་དུང་“གངས་རི་”དང་“རྩྭ་ཐང་”མང་པོ་བརྒལ་དགོས་པ་དང་། “ལོའུ་ཧྲན་ཀོན་འགག་སྒོ་”དང་“བླ་རྩེ་འགག་”མང་པོ་ལེན་དགོས་པས། སྐྱིད་འདོད་ཁོ་ན་ལས་མུ་མཐུད་དཀའ་སྤྱད་འབད་བརྩོན་བྱེད་འདོད་མེད་པའི་བསམ་ཚུལ་གང་ཡོད་ཚང་མ་འཛིན་མི་རུང་ལ། ང་རྒྱལ་ཁེངས་དྲེགས་ལས་མུ་མཐུད་གསར་གཏོད་མདུན་སྐྱོད་བྱེད་འདོད་མེད་པའི་བསམ་ཚུལ་གང་ཡོད་ཚང་མ་འཛིན་མི་རུང་།
རྒྱང་སྐྱོད་ནི་ནམ་ཡང་སྐྱོད་བཞིན་པའི་ལམ་ན་ཡོད། རང་གི་ཕུགས་རྩ་ཡང་བརྗེད་པའི་མི་རིགས་ནི་འགྲོ་ལམ་མེད་པའི་མི་རིགས་ཡིན། ང་ཚོའི་བྱ་གཞག་འཕེལ་རྒྱས་ཕྱིན་ནས་ཚད་གང་འདྲ་ཞིག་ལ་སླེབས་ཀྱང་རུང་བ་དང་། ང་ཚོས་གྲུབ་འབྲས་ཆེ་ཆུང་གང་འདྲ་ཞིག་ལོན་ཡང་རུང་བར། ང་ཚོས་རྣམ་པ་ཀུན་ཏུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དེ་དར་སྤེལ་ཤུགས་ཆེན་གཏོང་དགོས་ལ། རྒྱང་སྐྱོད་གསར་པའི་ལམ་ཐོག་ཏུ་མུ་མཐུད་ནས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས།
——རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ཀྱི་ལམ་དུ་ཡག་པོར་སྐྱོད་དགོས་ན། ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པོར་བཅངས་ཏེ་བླ་ན་མེད་པའི་ཕུགས་བསམ་གྱི་ཆེད་དུ་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་དགོས་པ་རེད། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ང་ཚོའི་བློ་སྒོ་ཕྱེ་དོན། སེམས་ལ་དད་པ་ཡོད་ན་ལུས་ལ་སྟོབས་ཤུགས་ཆེ་བ་དང་། སྲ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་མེད་པ་དང་། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཀྱིས་འདེགས་སྐྱོར་ནུས་ལྡན་མེད་ཕྱིན། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་རྒྱུ་བློ་ཡིད་ལས་འགོངས་པ་ཞིག་རེད། བློ་མཐུན་ཏེང་ཞའོ་ཕིན་གྱིས་གསུངས་དོན། “སྔོན་ཆད་རང་རེའི་ཏང་ཇི་ལྟར་ཉམ་ཆུང་ཡིན་པ་དང་དཀའ་ངལ་གང་དང་གང་ཐུག་ཀྱང་ཐོག་མཐའ་བར་གསུམ་དུ་འཐབ་འཛིང་གི་ནུས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་རྒྱུ་མཚན་ནི་ང་ཚོར་མར་ཁེ་སིའི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་ཡོད་པའི་རྐྱེན་གྱིས་རེད། ཐུན་མོང་གི་ཕུགས་བསམ་ཡོད་ན་ལྕགས་ལྟ་བུའི་སྒྲིག་ཁྲིམས་ཀྱང་ཡོད་ངེས་ཡིན། དུས་འདས་དང་ད་ལྟ་མ་འོངས་གང་ཡིན་ནའང་དེ་ནི་རང་རེའི་ཁྱད་འཕགས་སྟོབས་ཤུགས་ངོ་མ་ཡིན།”
རྒྱང་སྐྱོད་གསར་པའི་ལམ་དུ་ང་ཚོས་ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ཏེ་དུས་རབས་དང་ཆ་རྐྱེན་ལ་འགྱུར་ལྡོག་ཇི་ལྟར་བྱུང་ནའང་ཆར་རླུང་དྲག་པོའི་ཁྲོད་ཀྱི་བྲག་རྡོ་ལྟར་གཡོ་འགུལ་མི་བྱེད་པར། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་འགྱུར་བ་མེད་པའི་དད་ལྡན་དང་བློ་སེམས་དཀར་བའི་ལག་ལེན་པ་ཞིག་རང་རྟོགས་ངང་བྱེད་དགོས་པ་དང་། དུས་ནམ་ཡང་བདེན་དོན་དང་ཕུགས་བསམ་གྱི་ཆེད་དུ་འཐབ་རྩོད་བྱེད་དགོས།
“གོར་མ་རྡོ་ནི་བཅག་ཀྱང་རང་བཞིན་སྲ་བ་གཞོམ་དུ་མེད། རྒྱ་མཚལ་རྡུལ་དུ་བཏགས་ཀྱང་ཁ་དོག་དམར་པོ་བསྒྱུར་དུ་མེད།” ཕུགས་བསམ་དང་དད་སེམས་བརྟན་པོ་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་བརྟན་པོ་ལས་འབྱུང་བ་རེད། བདེན་དོན་ངོས་འཛིན་དང་། བདེན་དོན་ཤེས་རྟོགས། བདེན་དོན་ལ་དད་མོས། བདེན་དོན་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བའི་བསམ་པའི་སྔོན་འགྲོ་ཡིན། ཀྲུང་གོའི་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་གྱི་རྨང་གཞི་དང་། མར་ཁེ་སིའི་རིང་ལུགས་ཀྱིས་གསལ་སྟོན་གནང་བའི་མི་རིགས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཀྱི་རྨང་གཞི། ཆེས་རྒྱ་ཆེ་བའི་མི་དམངས་ལ་ཁེ་ཕན་སྒྲུབ་པའི་བླ་མེད་རིན་ཐང་གི་རྨང་གཞི་བཅས་ཀྱི་སྟེང་དུ་གཞི་ཚུགས་ཡོད། ང་ཚོ་བློ་རྩ་བརྟན་དོན་ནི་ང་ཚོས་བདེན་དོན་འཚོལ་སྙེག་བྱེད་པའི་རྐྱེན་གྱིས་ཡིན། ང་ཚོ་བློ་རྩ་བརྟན་དོན་ནི་ང་ཚོས་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་རྐྱེན་གྱིས་ཡིན། ང་ཚོ་བློ་རྩ་བརྟན་དོན་ནི་ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པའི་རྐྱེན་གྱིས་ཡིན།
ཕུགས་བསམ་དང་དད་སེམས་བརྟན་པོ་འཆང་དགོས་ན་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ལ་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བདེན་དོན་གྱིས་ང་ཚོའི་བསམ་བློར་དྲག་ཆས་སྤྲས་དགོས་པ་དང་། བདེན་དོན་གྱིས་ང་ཚོའི་ཕུགས་འདུན་གྱི་སྣེ་ཁྲིད་དགོས་ཤིང་། བདེན་དོན་གྱིས་ང་ཚོའི་དད་སེམས་སྲ་བརྟན་གཏོང་དགོས། གང་སྦྱངས་ལ་ཡིད་ཆེས་དང་། གང་སྦྱངས་ལ་བསམ་གཞིག། གང་སྦྱངས་ཉམས་ལེན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་སྦྱོང་བྱས་འབྲས་དེ་འགྱུར་བ་མེད་པའི་ཕུགས་བསམ་དང་དད་སེམས་སུ་བསྒྱུར་བ་དང་། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་སུ་བསྒྱུར་ནས། ཕུགས་བསམ་གྱི་འོད་ཟེར་ལས་འབད་འཐབ་འགྲོ་ལམ་གསལ་བར་བྱེད་དགོས་པ་དང་། དད་པའི་སྟོབས་ཤུགས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
—— རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ཀྱི་ལམ་དུ་ཡག་པོར་སྐྱོད་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་བཅངས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ཆེད་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་དགོས་པ་རེད། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ང་ཚོའི་བློ་སྒོ་ཕྱེ་དོན། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་ངེས་ཤེས་འདྲོངས་ན་གཞི་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་པ་འཛིན་ཐུབ་པ་དང་། དོན་དངོས་ལ་གཞི་བཅོལ་ཞིང་རང་བཙན་རང་བདག་གིས་མདུན་སྐྱོད་ཀྱི་འགྲོ་ལམ་བཏོད་ན་གཞི་ནས་ཟམ་མི་ཆད་པར་རྒྱལ་ཁ་ལེན་ཐུབ་པ་རེད། རྒྱང་སྐྱོད་ཀྱི་བཤུལ་ལམ་ནི་རི་ཆུ་ཁྲི་སྟོང་མང་པོ་བརྒལ་བའི་ལམ་བུ་ཞིག་ཡིན་པ་མ་ཟད། མར་ཁེ་སིའི་རིང་ལུགས་ནི་འཕེལ་མེད་སོར་གནས་ཀྱི་ལུང་ཚིག་ཅིག་ཡིན་པའི་ནོར་འཁྲུལ་གྱི་བསམ་བློའི་བཀག་རྒྱལ་ས་ཐར་བའི་ལམ་བུ་ཞིག་ཀྱང་ཡིན། རྒྱང་སྐྱོད་ལས་ང་ཚོར་ཐོབ་པའི་རྩ་བའི་ཉམས་མྱོང་དང་བློ་བསྐྱེད་ནི། མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རྩ་དོན་དེ་ཀྲུང་གོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་གསུམ་གྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས་པ་དེ་རེད།
རྒྱང་སྐྱོད་གསར་པའི་ལམ་དུ་ང་ཚོར་ཡིད་ཆེས་བརྟན་པོ་ཞིག་ཡོད་དགོས་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགྲོ་ལམ་ལྡོག་མེད་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་པའི་འགྲོ་ལམ་ལྡོག་མེད་ཡིན་པ་དེ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ལ་སློབ་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཡང་དག་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་། དུས་རབས་ཀྱི་མདུན་གྲལ་དུ་གནས་ཤིང་དུས་བསྟུན་འཕེལ་རྒྱས་བྱེད་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་ཡར་རྒྱས་གོང་འཕེལ་ཡོང་བའི་ལམ་ལུགས་ཀྱི་རྩ་བའི་འགན་སྲུང་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་གསལ་པོ་དང་། ལམ་ལུགས་ཀྱི་དགེ་མཚན་གསལ་པོ། རང་གིས་རང་ཉིད་ལེགས་སྒྱུར་བྱེད་པའི་ནུས་པ་ཆེན་པོ་བཅས་ལྡན་པའི་ལམ་ལུགས་སྔོན་ཐོན་ཅན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་ཤོས་ཀྱི་བསམ་པའི་དོན་གཉེར་གྱི་བསགས་ནོར་ཡིན་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་རྟགས་མཚན་མཚོན་ཡོད་ལ། དེ་ནི་ཀྲུང་གོའི་མི་དམངས་རྒྱལ་ཁའི་ངང་མདུན་དུ་སྐྱོད་པའི་བསམ་པའི་སྟོབས་ཤུགས་ཆེན་པོར་གྱུར་ཡོད། གནད་དེ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཡང་དག་ཅིག་ཡིན་པ་དངོས་ར་འཕྲོད་ཡོད་ལ། ལག་ལེན་དངོས་ཐོག་ནས་ཀྱང་ཡང་དག་པ་ཞིག་ཡིན་པ་དངོས་ར་འཕྲོད་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་མི་མི་རབས་འགའི་ཕུགས་བསམ་དང་དོན་གཉེར་ཐེག་ཡོད་པ་དང་། དམ་པ་གྲངས་མེད་ཀྱི་ཕུགས་འདུན་དང་རེ་སྨོན་མཚོན་ཡོད་ཅིང་། མི་དམངས་དུང་ཕྱུར་མང་པོའི་འབད་འཐབ་དང་བློས་གཏོང་འདུས་ཡོད་པས། དེ་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་ལྡོག་མེད་ཀྱི་གདམ་ག་རེད། ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་འཆང་དགོས་ཞེས་ནན་བཤད་བྱེད་པ་ནི་རང་སྒོ་རང་གིས་བཀག་ནས་བརྩོན་མེད་བཏང་སྙོམས་བྱེད་དགོས་ཟེར་བ་མ་ཡིན་པར། ང་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་གསར་རྙེད་དང་། གསར་གཏོད། གསར་སྐྲུན། མདུན་སྐྱོད་བཅས་གང་ནུས་རེ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་དགོས་པ་དེ་ཡིན། དེ་དང་ཆབས་ཅིག་ང་ཚོས་དུས་ནམ་ཡང་བརྗེད་མི་རུང་བ་ཞིག་ནི། ང་ཚོས་འཐུས་ཚང་བཟོ་བ་དང་ལེགས་བཅོས་བྱེད་པ་ཐམས་ཅད་གཏན་ཁེལ་ཟིན་པའི་ཁ་ཕྱོགས་སུ་མུ་མཐུད་བསྐྱོད་རྒྱུ་ཡིན་པ་ལས་ཁ་ཕྱོགས་བསྒྱུར་རྒྱུ་མ་ཡིན་ལ། ང་ཚོའི་ཏང་དང་རྒྱལ་ཁབ་དང་མི་དམངས་བཅས་ཀྱི་ཆགས་ས་རྟེན་སའི་གཞི་མ་ཡལ་བར་འདོར་རྒྱུ་ནི་དེ་བས་ཀྱང་མ་ཡིན།
—— རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ཀྱི་ལམ་དུ་ཡག་པོར་སྐྱོད་དགོས་ན། ངེས་པར་དུ་མི་དམངས་སྙིང་དབུས་སུ་བཞག་སྟེ། བྱ་བ་གང་སྒྲུབ་ཐམས་ཅད་མི་དམངས་ཀྱི་དོན་དུ་ཡིན་པ་དང་། བྱ་བ་གང་སྒྲུབ་མི་དམངས་ལ་རྒྱབ་རྟེན་བཅོལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱིས་སྔར་བས་དགའ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པའི་ཆེད་དུ་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་དགོས། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ང་ཚོའི་བློ་སྒོ་ཕྱེ་དོན། མི་དམངས་མང་ཚོགས་ལ་བློ་གྲོས་དང་སྟོབས་ཤུགས་དཔག་མེད་མངའ་ཡོད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཡིད་རྟོན་དང་། སེམས་པ་གཏད་དེ་མི་དམངས་ལ་རྒྱབ་རྟེན་བྱས་ཏེ། རྒྱ་ཆེའི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་སྐུལ་སློང་གང་ཐུབ་བྱས་ན་གཞི་ནས་མི་བརྒྱ་སེམས་གཅིག་གི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་ཐུབ་པ་རེད། དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་དེབ་ཐེར་ནི་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་པོ་བརྗོད་པའི་ལོ་རྒྱུས་དེབ་ཐེར་ཡིན། བུད་མེད་དམར་དམག3ཧུའུ་ནན་ཞིང་ཆེན་རུའུ་ཁྲེང་རྫོང་ཧྲ་ཀྲོའུ་གྲོང་ཚོའི་བགྲེས་སོང་ཞུས་ཅེ་ཞིའུ་ཡི་ཁྱིམ་དུ་གནས་ཚང་གཡར་ནས་བསྡད་པ་དང་། འགྲོ་ཁར་ཁོང་ཚོས་རང་ཉིད་ཀྱི་ཕོ་ཁེབས་གཅིག་པུ་དེའི་ཕྱེད་ཀ་དྲས་ནས་བགྲེས་སོང་ལ་བཞག་པ་རེད། བགྲེས་སོང་ཁོང་གིས་གུང་ཁྲན་ཏང་ནི་གང་འདྲ་ཞིག་ཡོད་པ་རེད་ཟེར་ན། གུང་ཁྲན་ཏང་ནི་རང་ལ་ཕོ་ཁེབས་གཅིག་ལས་མེད་ཀྱང་ཕྱེད་ཀ་དྲས་ནས་མི་སེར་ལ་འཇོག་མཁན་དེ་རེད་ཅེས་ཟེར་གྱི་ཡོད། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། ཁྲག་རྒྱུན་གཅིག་འདྲེས། འཆི་གསོན་མཉམ་གྲོགས་བཅས་བྱེད་ཐུབ་པ་དེ་ནི་ཀྲུང་གོའི་གུང་ཁྲན་ཏང་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ཐུབ་པའི་རྩ་བའི་ཁག་ཐེག་རེད་ལ། ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་སེལ་ཐུབ་པའི་རྩ་བའི་ཁག་ཐེག་ཀྱང་རེད། ཀྲུང་གོའི་གུང་ཁྲན་ཏང་ཡར་རྒྱས་གོང་འཕེལ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟམ་མི་འཆད་པར་མདུན་སྐྱོད་བྱེད་ཐུབ་པའི་རྒྱུ་མཚན་ནི་མི་དམངས་ལ་རྒྱབ་རྟེན་བཅོལ་བའི་རྐྱེན་གྱིས་རེད། ཀྲུང་གོའི་གུང་ཁྲན་ཏང་ལ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པའི་རྒྱུ་མཚན་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རྐྱེན་གྱིས་རེད།
རྒྱང་སྐྱོད་གསར་པའི་ལམ་དུ་ཏང་ཡོངས་ཀྱིས་སེམས་ལ་བརྟན་པོར་འཛིན་དགོས་པ་ནི། སུའི་ཆེད་དུ་ཡིན་པ་དང་སུ་ལ་རྒྱབ་རྟེན་བཅོལ་དགོས་པའི་གནད་དོན་དེ་ནི་སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་ཉམས་ཞིབ་བྱེད་ཐབས་ཐིག་པོ་ཞིག་ཡིན་པ་དེ་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དེ་རྩ་བའི་ཆབ་སྲིད་ལངས་ཕྱོགས་ལ་འཛིན་པ་དང་། མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པའི་གོ་གནས་སུ་བཞག་སྟེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་གཞག་དེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས། ང་ཚོས་མི་དམངས་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་དང་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་མུ་མཐུད་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་ཉིད་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམ་གྱི་ཐོག་ནས་མི་དམངས་ཡོངས་ལ་ཕན་པའི་གསོས་སུ་སྒྲུབ་དགོས་པ་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས།
“ཆུ་ནི་གྲུའི་སྐྱོར་གྲོགས་ཡིན་ལ་སྣུབ་དགྲ་ཡང་ཡིན”ཞེས་པའི་གནས་ལུགས་འདི་ང་ཚོས་ངེས་པར་དུ་ཡིད་ལ་བརྟན་པོར་ངེས་ནས་དུས་ནམ་ཡང་བརྗེད་མི་རུང་། མི་སེར་ནི་གནས་དང་ས་གཞི་ལྟ་བུ་ཡིན། མི་དམངས་བརྗེད་པ་དང་མི་དམངས་དང་ཁ་བྲལ་ཚེ། ང་ཚོ་ཆུ་མགོ་མེད་པའི་རྫིང་བུ་དང་རྩ་བ་མེད་པའི་ལྗོན་ཤིང་ལྟ་བུར་གྱུར་ནས་བྱ་བ་གང་ཡང་ལམ་ལ་འགྲོ་མི་སྲིད། ང་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། མི་དམངས་མང་ཚོགས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་ཐོག་མཐའ་བར་གསུམ་དུ་དང་ལེན། མི་དམངས་ཀྱི་དཀའ་སྡུག་རྟག་ཏུ་དྲན་ཞིང་མི་དམངས་ཕྱུག་འགྱུར་གྱི་ཐབས་ཤེས་རྟག་ཏུ་འདོན་པ་བཅས་བྱས་ཏེ། ང་ཚོའི་ཏང་ལ་དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་གོང་བཀུར་ཐོབ་པར་བྱེད་དགོས་པ་དང་། ང་ཚོའི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་འཛད་པ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ལྡན་པར་བྱེད་དགོས།
མཐུན་སྒྲིལ་ནི་དཀའ་ངལ་མཐའ་དག་སེལ་བའི་སྟོབས་ཤུགས་ཆེན་པོ་ཡིན་པ་དང་། མི་སེམས་གཅིག་སྒྲིལ་དང་བྱ་གཞག་རླབས་པོ་ཆེ་ལེགས་འགྲུབ་འབྱུང་བའི་ཁག་ཐེག་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་འཐབ་བྱེད་རིམ་ནང་དུ། ང་ཚོས་ངེས་པར་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་སྲ་བརྟན་དུ་གཏོང་བ་དང་། ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག་བཅས་དང་དེ་བཞིན་ཕྱོགས་གང་ཐད་ཀྱི་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་བརླིང་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་དགོས་ཤིང་། གཅིག་གྱུར་དང་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཁ་བྲལ་གྱི་བྱ་འགུལ་མཐའ་དག་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་དགོས། ང་ཚོས་མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་བྱེད་ནུས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐུལ་སློང་བྱས་ཏེ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མི་བརྒྱ་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་ཐོན་པའི་རབ་ཏུ་ཆེ་བའི་སྟོབས་ཤུགས་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
—— རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ཀྱི་ལམ་དུ་ཡག་པོར་སྐྱོད་དགོས་ན། ངེས་པར་དུ་ཁ་ཕྱོགས་ལ་ངེས་ཤེས་དང་། སྤྱི་ཡོངས་ལ་གཅིག་འདོམས། ཁྱོན་ཡོངས་སྡེབ་འཛིན་བཅས་བྱས་ཏེ། ང་ཚོའི་སྤྱིའི་ལས་འགན་དང་། སྤྱིའི་བཀོད་པ། སྤྱིའི་དམིགས་འབེན་བཅས་མངོན་འགྱུར་བྱེད་ཆེད་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་དགོས། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ང་ཚོའི་བློ་སྒོ་ཕྱེ་དོན། ཏང་ཞིག་མི་ཕམ་པར་གནས་དགོས་ན་ངེས་པར་དུ་དུས་རབས་ཀྱི་མདུན་གྲལ་དུ་ལངས་དགོས་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པར་ཉེ་བར་བསྟུན་དགོས་ཤིང་། ཚན་རིག་དང་མཐུན་པར་ཁྱོན་ཡོངས་ལ་འཆར་འགོད་དང་། འཐབ་ཇུས་ཀྱི་རང་དབང་ཟིན་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ང་ཚོའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་རེད། རྒྱང་སྐྱོད་ཀྱི་བགྲོད་བྱ་ནི་རི་གཟར་གཡང་རོང་དང་། བརྒལ་བྱ་ནི་ཆུ་ཆེན་འོབས་ཀློང་། བརྒྱུད་བྱ་ནི་རྩྭ་ཐང་ཡུལ་རྒོད་ཡིན་མོད། འོན་ཀྱང་བསྐྱོད་པའི་བཤུལ་ལམ་རེ་རེ་དང་། བཤོལ་བའི་སྐོར་བཅོམས་རེ་རེ། བརྒྱབ་པའི་དམག་འཁྲུག་རེ་རེ་ཚང་མ་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོར་གཞིགས་ཡོད་པས། དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་མ་ཟད། འཐབ་ཇུས་ཀྱི་རང་དབང་ཡང་ཟིན་ཡོད་པ་རེད། འདི་ནི་སྙིང་སྟོབས་ཤིག་ཡིན་ལ་བློ་གྲོས་ཤིག་ཀྱང་ཡིན།
རྒྱང་སྐྱོད་གསར་པའི་ལམ་དུ་ང་ཚོས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་། ཏང་གི་གནས་ཚུལ་ལ་གཞི་བཅོལ་ནས། རྒྱལ་ཁབ་ཕྱི་ནང་གི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གནས་བབ་ཡོངས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། ང་ཚོས་བྱ་གཞག་ཁག་གི་འཕེལ་རྒྱས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་ཀྱི་གནད་ཟིན་པ། འགག་རྩར་གྱུར་པའི་ཐོད་བརྒལ་བྱེད་པ། འཐབ་ཇུས་ཀྱི་རང་དབང་ཟིན་པ། མ་ལག་རང་བཞིན་གྱི་ཉེན་ཁ་འགོག་ཟོན་བྱེད་པ། རྩ་སློག་རང་བཞིན་གྱི་ཉམས་ཉེན་ཟློག་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་སྤྱི་ཡོངས་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་ལ། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཡིན། ང་ཚོས་ངེས་པར་དུ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་འདོམས་ཀྱིས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད། བློ་གཅིག་སེམས་གཅིག་གིས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་ལས་ཀ་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། སྤྱིའི་ལས་འགན་ལེགས་འགྲུབ་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་ཟམ་མི་ཆད་པར་གོང་ནས་གོང་དུ་སྤེལ་དགོས། འཕེལ་རྒྱས་གཏང་རྒྱུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཆ་མཚོན་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། འཕེལ་རྒྱས་ཀྱི་དགེ་མཚན་གསོ་སྐྱོང་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་དངོས་པོའི་རྨང་གཞི་བརྟན་པོ་ཞིག་རྒྱུན་ཆད་མེད་པར་འདིང་དགོས། སྒྱུར་བཅོས་བྱེད་པ་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་ཐབས་ཤེས་ཤིག་ཡིན་པས། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། བསམ་བློ་དང་འདུ་ཤེས་ཀྱི་འཆིང་རྒྱ་སེམས་ཐག་གཙང་བཅད་ཀྱིས་གཏོར་བ་དང་། ཁེ་ཕན་གཏན་ཆགས་སུ་གྱུར་པའི་སྒོ་ར་སེམས་ཐག་གཙང་བཅད་ཀྱིས་བཤིག་པ། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་ཆ་སེམས་ཐག་གཙང་བཅད་ཀྱིས་སེལ་བ་བཅས་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་མུ་མཐུད་ནས་སྐུལ་སྤེལ་གཏོང་དགོས། གསར་གཏོད་བྱེད་པ་ནི་འཕེལ་རྒྱས་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པས། ང་ཚོས་ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་དེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་གསར་སྐྲུན་གྱི་སྐྱེ་སྟོབས་འབར་བ་བྱེད་དགོས་པ་དང་། གསར་གཏོད་ཀྱི་རྣམ་པ་གསར་པ་བསྟུད་མར་འབྱེད་དགོས།
—— རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ཀྱི་ལམ་དུ་ཡག་པོར་སྐྱོད་དགོས་ན། ངེས་པར་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་དང་འཚམ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་པའི་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་ཆེད་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་དགོས། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ང་ཚོའི་བློ་སྒོ་ཕྱེ་དོན། མི་དམངས་དམག་དཔུང་ནི་གསར་བརྗེའི་རྒྱབ་རྟེན་དང་མི་རིགས་ཀྱི་རེ་བ་ཡིན་པ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ནི་མི་དམངས་དམག་དཔུང་ལ་རྒྱལ་ཁ་ཐོབ་ཐུབ་པའི་རྩ་བའི་ཁག་ཐེག་ཡིན། རྒྱང་སྐྱོད་ལས་མི་དམངས་དམག་དཔུང་ལ་སྦྱོང་བརྡར་དང་ཞུན་བརྡར་ཐོབ་ཡོད་པ་དང་། རྒྱང་སྐྱོད་ལས་མི་དམངས་དམག་དཔུང་འཚར་ལོངས་བྱུང་ཡོད་ཅིང་། རྒྱང་སྐྱོད་ཀྱིས་མི་དམངས་དམག་དཔུང་གོང་དུ་འཕེལ་བའི་འགོ་ཚུགས་ས་གསར་པ་བཏོད་ཡོད་པ་རེད། རྒྱང་སྐྱོད་ནི་མི་དམངས་དམག་དཔུང་གི་གཟི་བརྗིད་ཡིན་པ་དང་། གཟི་བརྗིད་ལྡན་པའི་མི་དམངས་དམག་དཔུང་གིས་ངེས་པར་དུ་དུས་ནམ་ཡང་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་སྤྱོད་ཚུལ་བཟང་པོ་ཤུལ་འཛིན་བྱེད་དགོས།
རྒྱང་སྐྱོད་གསར་པའི་ལམ་དུ་ང་ཚོས་ཏང་གི་གནས་བབ་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་དེ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། གནས་བབ་གསར་པའི་འོག་གི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
རྒྱལ་ཁབ་སྟོབས་ཤུགས་རྒྱས་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་དགོས་ལ། དམག་དཔུང་སྟོབས་ཤུགས་རྒྱས་ན་གཞི་ནས་རྒྱལ་ཁབ་དུས་བདེ་ཞོད་འཇགས་ཡོང་གི་རེད། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་ལྷོད་མེད་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་བཞིན་བཅས་ནམ་ཡང་མི་འགྱུར་བར་བྱེད་དགོས་པ་དང་། དུས་ནམ་ཡང་དམར་དམག་གི་རྒྱུད་འཛིན་པ་བྱེད་དགོས་པ་དང་། ཤུགས་བརྒྱབ་ནས་བླ་སྲོག་དང་། འཇོན་ཐང་། སེམས་ཤུགས། ཀུན་སྤྱོད་བཅས་ཀྱིས་ཕྱུག་པའི་མི་རབས་གསར་པའི་གསར་བརྗེའི་དམག་མི་སྐྱེད་སྲིང་བྱེད་དགོས་པ། ལྕགས་ལྟ་བུའི་དད་མོས་དང་། ལྕགས་ལྟ་བུའི་དད་སེམས། ལྕགས་ལྟ་བུའི་སྒྲིག་ལམ། ལྕགས་ལྟ་བུའི་འགན་འཁྲི་ཁུར་སེམས་བཅས་ཡོད་པའི་དམག་དཔུང་ཧྲག་པོ་ཞིག་གསོ་སྐྱོང་བྱེད་དགོས། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏང་རྒྱུ་དམ་འཛིན་ལྷོད་མེད་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་རང་བཞིན་གྱི་བཀག་ཆ་དང་། གྲུབ་ཚུལ་རང་བཞིན་གྱི་འགལ་བ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ཤུགས་བརྒྱབ་ནས་ཐག་གཅོད་བྱེད་དགོས་པ་དང་། དམག་དཔུང་གི་སྒྲིག་འཛུགས་བྱེད་སྟངས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་དགོས། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དམ་འཛིན་ལྷོད་མེད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་ཤུགས་བརྒྱབ་ནས་འཛུགས་དགོས་པ་དང་། དམག་དཔུང་སྐྱོང་སྟངས་རྩ་བ་ནས་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། དམག་འཁྲུག་གི་གྲ་སྒྲིག་བྱ་རྒྱུ་དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་། འཐབ་འཛིང་གི་ནུས་སྟོབས་ཞེས་པའི་རྩ་བའི་ཚད་གཞི་ཉག་གཅིག་པུ་འདི་རྒྱུན་འཁྱོངས་བྱས་ཏེ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་རྒྱ་སྐྱེད་དང་ཟབ་སྤེལ་བྱེད་དགོས་པ་དང་། དངོས་འཐབ་རང་བཞིན་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཆ་འཕྲིན་ཅན་གྱི་དམག་འཁྲུག་གི་རྒྱལ་ཁ་ལེན་ནུས་ཆེ་རུ་གང་མགྱོགས་གཏོང་དགོས། དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བའི་ཐབས་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མ་ལག་ནང་དུ་མཉམ་འདྲེས་སྔར་ལས་ལྷག་པ་ཡོང་བར་བྱས་ཐོག བདག་རྐྱེན་ཚང་བ་དང་། ཁྱབ་ཁོངས་མང་བ། ཕན་ནུས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཟབ་མོ་གཏོང་བའི་གནས་བབ་ཆགས་པ་བྱེད་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་དགོས། རྒྱལ་སྤྱིའི་དམག་དོན་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་འཚམ་པའི་འགན་འཁྲི་དང་འོས་འགན་ཧུར་ཐག་གིས་སྒྲུབ་པ། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་ཐད་ཀྱི་འགྲན་སློང་གང་བྱུང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་དོན་དུ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས། དམག་ཡོངས་ཀྱིས་ཉམས་ཉེས་རྟག་དྲན་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། འཁུར་འཁྲིའི་འདུ་ཤེས་བཅས་ཆེ་རུ་བཏང་ནས། ནར་འགྱངས་སྤུ་ཙམ་མེད་པར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་གནད་ཆེའི་འགན་འཁྲི་ཕྲག་ཏུ་ལེན་དགོས།
——རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ཀྱི་ལམ་དུ་ཡག་པོར་སྐྱོད་དགོས་ན། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་ཆེད་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་དགོས། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ང་ཚོའི་བློ་སྒོ་ཕྱེ་དོན། ཏང་གི་འགོ་ཁྲིད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ལེགས་འགྲུབ་ཡོང་བའི་རྩ་བའི་ཁག་ཐེག་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་བསྟན་གནང་དོན། “སུ་ཞིག་གིས་རྒྱང་སྐྱོད་རྣམ་པར་རྒྱལ་ཐུབ་པ་བྱས་པ་རེད་ཅེ་ན། གུང་ཁྲན་ཏང་གིས་བྱས་པ་རེད། གུང་ཁྲན་ཏང་མེད་ན་རྒྱང་སྐྱོད་དེ་ལྟ་བུ་ཞིག་བློ་ལའང་འཆར་མི་ཐུབ། ཀྲུང་གོའི་གུང་ཁྲན་ཏང་དང་། དེའི་འགོ་ཁྲིད་ལས་ཁུངས། དེའི་ལས་བྱེད་པ། དེའི་ཏང་ཡོན་བཅས་ནི་དཀའ་ངལ་དང་སྡུག་བསྔལ་གང་དང་གང་ཞིག་ལའང་གཏན་ནས་མི་སྐྲག་མཁན་ཞིག་ཡིན།” ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་གསུམ་ལ་རྒྱལ་ཁ་བསྟུད་མར་ལེན་ཐུབ་པའི་ཆེས་རྩ་བར་གྱུར་པའི་ཁག་ཐེག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་དགེ་མཚན་ཆེ་ཤོས་ཀྱང་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་དང་ལེགས་སྒྱུར་བྱེད་དགོས།
རྒྱང་སྐྱོད་གསར་པའི་ལམ་དུ་ཏང་ཡོངས་ཀྱི་བློ་མཐུན་ཚོས་རང་རྟོགས་ངང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་པ་དང་། རང་རྟོགས་ངང་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་ཏེ། ཏང་ལ་བློ་སེམས་དཀར་བ་དང་། ཏང་གི་སེམས་ཁྲལ་མཉམ་འཁུར། ཏང་ལ་ལས་འགན་འཁུར་ལེན། ཏང་ལ་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཏང་གིས་སྤྲད་པའི་འགན་འཁྲི་དང་ལས་འགན་སྒྲུབ་དགོས་ཤིང་། ཏང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ང་ཚོའི་ཏང་ཉིད་དུས་ནམ་ཡང་མི་དམངས་དང་མཉམ་དུ་སྡོད་པ་དང་། དུས་ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པར་བྱེད་དགོས།
“རང་ངོ་ཤེས་ན་མཛངས་པ་ཡིན། རང་ཚོད་ཟིན་ན་དཔའ་བོ་ཡིན།” མི་རིགས་བསྐྱར་དར་ཡོང་བའི་ཕུགས་འདུན་ལ་ཇི་ཙམ་ཉེ་བ་དང་སྒྱུར་བཅོས་སྒོ་འབྱེད་ཀྱི་ལས་འགན་ཇི་ཙམ་ལྗིད་དུ་ཕྱིན་ན་ཏང་གི་འཛུགས་སྐྲུན་ལ་དེ་ཙམ་གྱིས་ཤུགས་སྣོན་ཆེ་རུ་རྒྱག་དགོས། བདེ་བའི་དུས་སུ་ཉམས་ཉེས་དྲན་དགོས་པ་ནི་འཚོ་གནས་དང་གོང་འཕེལ་གྱི་བསླུ་མེད་གནས་ལུགས་ཡིན། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་“ཉམས་སད་ཆེན་པོ་བཞི་”དང་“ཉེན་ཁ་བཞི་”ནི་དུས་ཡུན་རིང་པོར་གནས་པ་དང་། རྙོག་འཛིང་དང་ཛ་དྲག་ཆེ་བ་ཞིག་རེད། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཆེ་རུ་གཏོང་དགོས་པ་དང་། བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་གསུམ་གྱི་ཐད་དུ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མུ་མཐུད་མདུན་དུ་སྤེལ་ཏེ། ཏང་གི་སྲིད་སྐྱོང་ནུས་པའི་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་གཙོ་ཐིག་འདི་དམ་པོར་ཟིན་པ་དང་། གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་དེ་ཚད་ལྡན་བཟོ་བ། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐུལ་འདེད་གཏོང་བ། ཏང་གིས་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་འཕེལ་རྒྱས་བཅས་བྱེད་པའི་ནུས་པ་བསྟུད་མར་ཆེ་རུ་གཏོང་བ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་རུལ་འགོག་འགྱུར་ཟོན་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་ཆགས་པ་བྱེད་དགོས།
རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ད་ལྟའི་རྒྱང་སྐྱོད་ཀྱི་ལམ་དུ་ཡག་པོར་བསྐྱོད་རྒྱུ་ནི་དུས་རབས་གསར་པའི་ཆ་རྐྱེན་འོག་ང་ཚོར་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་རིན་དོད་ཆེན་པོ་ཕུལ་ཅིང་འཐབ་རྩོད་རླབས་པོ་ཆེ་བྱས་ནས་ཐོབ་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། ང་ཚོས་མི་རབས་ནས་མི་རབས་སུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་སེམས་ལ་བརྟན་པོར་འཛིན་པ་དང་། དེ་ལ་སློབ་སྦྱོང་བྱེད་པ་དང་དེ་དར་སྤེལ་གཏོང་བ་བཅས་བྱས་ནས། དེ་ཉིད་ང་ཚོའི་ཏང་དང་། ང་ཚོའི་རྒྱལ་ཁབ། ང་ཚོའི་མི་དམངས། ང་ཚོའི་དམག་དཔུང་། ང་ཚོའི་མི་རིགས་བཅས་རྒྱུན་ཆད་མེད་པར་མ་འོངས་པའི་ཕྱོགས་སུ་སྐྱོད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཆགས་པ་བྱེད་དགོས།
རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འདས་ཚུན་ལ། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་གསུམ་གྱི་བྱ་གཞག་རླབས་པོ་ཆེ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས། རྔམ་བརྗིད་ལྡན་པའི་རྒྱང་སྐྱོད་རླབས་པོ་ཆེ་ཡང་ཡང་བྱས་ཡོད་པ་དང་། འཇིག་རྟེན་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་རྒྱལ་ཁ་ཆེན་པོ་ཡང་ཡང་བླངས་ཡོད།
ད་ལྟ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་དམིགས་འབེན་དང་ཐག་ཉེ་བར་གྱུར་ཡོད་པ་དང་། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་དམིགས་འབེན་དེ་མངོན་འགྱུར་བྱེད་ཐུབ་པའི་གདེང་ཚོད་དང་ནུས་སྟོབས་ལྡན་པར་གྱུར་ཡོད། ང་ཚོ་མི་རབས་འདིས་སྔོན་རབས་པའི་བྱ་གཞག་རྒྱུན་འཛིན་བྱས་ཡོད་ཅིང་། ད་ལྟའི་འབད་འཐབ་བྱེད་བཞིན་ཡོད་ལ། མ་འོངས་པའི་འགྲོ་ལམ་ནི་དེ་བས་ཀྱང་གཏོད་དགོས་པ་ཡིན།
དཔེ་བཞི་བཀོད་ཟིན་ཅིང་མདུན་སྐྱོད་དུས་ལ་བབས་ཡོད། མདུན་སྐྱོད་ཀྱི་ལམ་དུ་ང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས་ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་དང་། ལྷག་པར་དུ་གཞོན་ནུ་མི་རབས་ཚོར་ཤུགས་སྐྱེད་སྟོབས་སྤེལ་དང་བརྩོན་པ་དོན་ལྡན་བྱེད་པར་སྐུལ་ལྕག་བཏང་ནས། གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱིས་བཏོད་གནང་བའི་བྱ་གཞག་རླབས་པོ་ཆེ་མུ་མཐུད་ནས་མདུན་དུ་སྤེལ་དགོས་པ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་དུ་མུ་མཐུད་ནས་ལེ་ཚན་གསར་པ་རྩོམ་དགོས་ཤིང་གཟི་བརྗིད་གསར་པ་གཏོད་དགོས།