མཚོ་སྔོན་གྱིས་བྱང་བུ་གཅིག་ཆོག་ལ་བརྟེན་ནས་དམངས་ཚིས་གནད་དོན་ཐག་བཅད།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་ལམ། མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཆེན་དབྱི་སྡེ་བའི་སྡེ་དམངས་ཝང་ཧྲུའེ་ཞན་གྱིས་བཤད་རྒྱུར། ད་ལོའི་ཟླ་བཞི་པར། ངེད་ཚང་གི་ཉེན་ཁང་བསྒྱུར་བཀོད་བྱེད་སྐབས། སྲིད་གཞུང་གི་ཁ་གསབ་སྒོར་ཁྲི་གཉིས་དང་སྟོང་བདུན་ལོངས་སྤྱོད་བྱེད་ཐུབ་པ་བྱུང་ཟེར། ཝང་ཧྲུའེ་ཞན་ནི་སྡེ་བའི་ནང་གི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་ཁྱིམ་ཚང་ཡིན་པ་དང་། ས་ཡོམ་བྱུང་སྐབས་ཁང་རྙིང་ལ་གནོད་སྐྱོན་ཐེབས་པས། སྡེ་བའི་ལས་བྱེད་པས་ཁོ་ཚང་ལ་ཉེན་ཁང་བསྒྱུར་བཀོད་ཀྱི་ཁ་གསབ་སྟེར་རྒྱུའི་སྙན་ཞུ་ཕུལ་བ་མ་ཟད། ཐད་ཀར་དངུལ་ཁང་གི་བྱང་བུའི་སྟེང་འབྱོར་ནས། ཁང་རྙིང་བསྒྱུར་བཀོད་ཀྱི་བཟོ་སྐྲུན་དངུལ་སྤྲད།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ནས། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི་བྱང་བུ་གཅིག་ཆོག་གི་དོ་དམ་བྱ་བའི་ཁྲོད་ཀྱི་དཀའ་གནད་གཙིགས་འཛིན་བྱས་པ་དང་། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གསབ་དངུལ་སྟེར་བའི་བརྒྱུད་རིམ་ལེགས་སྒྱུར་བྱེད་པ། ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ་བརྒྱུད་དེ། དམངས་ཕན་ཞིང་ཕན་གྱི་སྲིད་ཇུས་དེ་མང་ཚོགས་ཀྱིས་དུས་ཐོག་ཏུ་ཤེས་པ་དང་སྒྲུབ་གཉེར་སྟབས་བདེ་ཡིན་པར་ཁག་ཐེག་བྱས་པ་དང་། ཁ་གསབ་དངུལ་དུས་ཐོག་ཏུ་ཁྱིམ་ཚང་དུ་བྱིན། 2023ལོར་བྱང་བུ་གཅིག་ཆོག་གི་སྟེགས་བུ་དངོས་སུ་བཀོལ་སྤྱོད་བྱས་ནས་ད་ལོའི་ཟླ6པའི་ཚེས9ཉིན་བར་དུ། བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་བྱེ་བ་བདུན་ས་ཡ་གཅིག་བྱིན་པ་དང་། མང་ཚོགས་མི་ཐེངས་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་བདུན་ཁྲི་ལྔ་ལྷག་ལ་ཕན་བཏགས།

བྱང་བུ་གཅིག་ཆོག་ནི་ཐད་ཀར་མི་དང་ཁྱིམ་ཚང་དུ་འཛིན་ལྟར་དངུལ་སྤྲོད་བྱེད་པའི་ནོར་སྲིད་ཁ་གསབ་དེ་སྟེགས་བུ་གཅིག་བརྒྱུད་དེ་ཐད་ཀར་ཁེ་དབང་རག་མཁན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་སྟེང་བརྒྱབ་ནས། ཞིང་ཆེན་ཡོངས་ཀྱི་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གཅིག་བསྡུས་གཅིག་གྱུར་སྒོས་སྟེར་བ་དང་དོ་དམ་ཞབས་ཞུ་བྱེད་རྒྱུ་མངོན་འགྱུར་བྱས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ནོར་སྲིད་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐབས་མང་མཉམ་སྤྱོད་དང་ཕྱོགས་ཡོངས་ནས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི་བྱང་བུ་གཅིག་ཆོག་དོ་དམ་གྱི་སྤྱི་ཚོགས་ལ་ཁ་གསབ་སྲིད་ཇུས་ཀྱི་གསལ་ཕྲ་ཁྱབ་བསྒྲགས་བྱེད་པ་དང་ཚབ་སྟེར་དངུལ་རྩ་ལས་ཁུངས་ཚད་ལྡན་དུ་གཏོང་བ། ཁ་གསབ་མ་དངུལ་སྟེར་བའི་བརྒྱུད་རིམ་ཚད་ལྡན་དུ་བསྒྱུར་བ། གཅིག་བསྡུས་གཅིག་གྱུར་གྱི་དོ་དམ་སྟེགས་བུ་འཛུགས་པ། ཁྲིམས་སྲོལ་ལྟར་ཁ་གསབ་ཆ་འཕྲིན་ཕྱིར་བསྒྲགས་བྱེད་པའི་ལས་འགན་ལྔ་ལག་བསྟར་བྱས། འགོ་ཁུངས་ནས་བྱང་བུ་གཅིག་ཆོག་བྱ་བའི་ཁྲོད་ཀྱི་སྒོར་མོ་གང་ནས་ཐོན་པ་དང་གང་ལ་སྟེར་བ། སྒོར་ག་ཚོད་སྟེར་བའི་གནད་དོན་དང་། དབང་ཆ་ཁ་ཐོར་དང་དངུལ་བྱང་མང་པ། མི་བྱང་ཁ་གྱེས། མི་གཅིག་བྱང་མང་སོགས་ཀྱི་དོ་དམ་ཚད་ལྡན་མིན་པའི་གནད་དོན་ཐག་བཅད་དེ། གསལ་ཕྲ་གཅིག་གི་ལམ་ལུགས་ལ་དོ་དམ་བྱེད་པ་དང་སྟེགས་བུ་གཅིག་གིས་གསབ་དངུལ་སྟེར་བར་དོ་དམ་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱས།

དམངས་ཕན་ཞིང་ཕན་གྱི་ཁ་གསབ་ཐད་ཀར་དང་མགྱོགས་མྱུར་སྒོས་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱང་བུ་གཅིག་ཆོག་གི་དོ་དམ་ཞབས་ཞུ་བྱ་བ་ལེགས་སྒྱུར་བྱས།

ཞབས་ཞུའི་སྤུས་འབྲས་མཐོར་འདེགས་གཏོང་བའི་ཕྱོགས་ནས། སྲིད་ཇུས་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་པ་དང་། ཞབས་ཞུའི་མ་དཔེ་གསར་གཏོད་བྱས་ལ། དམངས་བདེ་ལམ་བུ་རྒྱ་བསྐྱེད། ནོར་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་། ཚབ་སྟེར་དངུལ་རྩའི་ལས་ཁུངས་ཀྱི་སྤོ་སྒུལ་ཞབས་ཞུ་ལ་སྐུལ་སློང་བྱས་ནས། ཆ་འཕྲིན་བསྡུ་རུབ་དང་བྱང་བུ་བླངས་ནས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ལས་སྒོ་བཟང་བོར་སྤེལ། མང་ཚོགས་ལ་ཁ་གསབ་མ་དངུལ་སྟེར་བའི་འཕྲིན་ཐུང་བསྐུར་བ་མ་ཟད། བྱང་བུ་གཅིག་ཆོག་གི་སྟེགས་བུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཉེར་སྤྱོད་བྱ་རིམ་ནས་ཁ་གསབ་འཚོལ་བཤེར་གྱི་ལམ་བུ་བཏོད། ཞིང་ཆེན་ནོར་སྲིད་ཐིན་གྱི་དྲ་རྒྱའི་སྟེང་བྱང་བུ་གཅིག་ཆོག་གི་སྟེགས་བུ་ཤར་གཏོང་བྱས་པ་དང་། དྲ་ཐོག་ནས་ལས་སྒོ་སྒྲུབ་པ་དང་ཞུ་གཏུག་ཐེར་འདོན་བྱས་ཏེ། དྲ་ཐོག་ནས་སྒྲུབ་ཚད་ཇེ་མང་དུ་བཏང་བ་དང་མང་ཚོགས་ལ་སྟབས་བདེ་བསྐྲུན།

ཁ་གསབ་དངུལ་སྟེར་བའི་རྣམ་པ་ཚད་ལྡན་དུ་བསྒྱུར་བའི་ཕྱོགས་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་སྲིད་གཞུང་གི་དྲ་ཚིགས་སྟེང་སྤྱི་བསྒྲགས་བྱེད་པ་དང་། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱིས་ཁ་གསབ་སྲིད་ཇུས་ཀྱི་གསལ་ཕྲ་སྦྱོར་བ་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། རང་འགུལ་གྱིས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། སྤྱི་ཚོགས་འགན་སྲུང་བྱང་བུ་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱས་ཏེ། སྡེ་ཁག་མང་པོས་བརྗེ་རེས་སྦྲེལ་མཐུད་བྱས་ནས་སྤྱི་ཚོགས་འགན་སྲུང་བྱང་བུ་བརྒྱུད་དེ་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་སྟེར་རྒྱུ་གཏན་ཁེལ་བྱས་ནས། བྱང་བུ་བཟུང་བ་དང་བྱང་བུ་བཀོལ་སྤྱོད་བྱེད་པར་སྟབས་བདེ་བསྐྲུན། བྱང་བུ་གཅིག་ཆོག་གི་སྟེགས་བུ་བརྒྱུད་དེ་གསབ་དངུལ་སྟེར་བ་དང་དངུལ་ཁང་ཞབས་ཞུའི་ལས་ཚབ་བྱས་ནས། དངུལ་ཁང་བརྒལ་ནས་སྟེར་བ་དང་བྱང་བུའི་ནང་གི་གསབ་དངུལ་ཕྱིར་ལེན་པ། ཆ་འཕྲིན་དུས་ཐོག་ཏུ་ཡར་ཞུ་བྱེད་པའི་སྐབས་སུ་རིན་སྟེར་མི་དགོས་པར་བྱས།

མ་ལག་ལེགས་བསྒྱུར་དང་རིམ་སྤོར་ཕྱོགས་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱ་བ་དང་ཟུང་འབྲེལ་བྱས་ཏེ། བྱང་བུ་གཅིག་ཆོག་གི་མ་ལག་སྟེགས་བུ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་པ་དང་། ཆ་འཕྲིན་སྡུད་ལེན་དང་ནང་འཇུག ཞིབ་བཤེར་གཏན་འབེབས། གསབ་དངུལ་སྟེར་བའི་བརྒྱུད་རིམ་ཧྲིལ་བོའི་དྲ་གཅིག་ཡོངས་སྒྲུབ་དང་དྲ་ཐོག་ཡུལ་དངོས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ནུས་པ་ཇེ་མཐོར་བཏང་། སྟེགས་བུ་དང་མིས་བཟོས་ཀྱི་ཟུང་བཤེར་རྐྱེན་སྲོལ་སྤྱད་དེ། ས་ཆ་གཞན་གྱི་བསྐྱར་དུ་གོང་ཞུ་བྱེད་པ་དང་བྱང་བུ་དང་མིའི་ཆ་འཕྲིན་མི་མཐུན་པ། སྤྱི་ཚོགས་འགན་སྲུང་བྱང་བུའི་རྣམ་པ་རྒྱུན་ལྡན་མིན་པ་སོགས་ཀྱི་ཉེན་ཁར་དུས་ཐོག་ཏུ་བསྡུར་བ་བྱེད་པ་དང་སྣོལ་སྡེབ་དག་བཤེར་བྱས་ནས། ཁ་གསབ་སྟེར་བའི་གནད་ཕིགས་རང་བཞིན་ཇེ་མཐོར་བཏང་། སྡེ་ཁག་བརྒལ་བའི་གཞི་གྲངས་མཉམ་སྤྱོད་དང་སྦྲེལ་མཐུད་བྱས་པ་དང་། གཞི་གྲངས་ཞིབ་བསྡུར་དང་རྒྱུན་ལྡན་མིན་པའི་ཉེན་བརྡ་སོགས་ཀྱི་རྩོལ་ནུས་བཀོལ་སྤྱོད་བྱས་ལ། གསབ་དངུལ་སྟེར་ཡུལ་གྱི་ཐོབ་ཐང་དང་དངུལ་གྲངས་སོགས་ལ་རྒྱུན་རྣམ་ཅན་གྱི་ལྟ་རྟོག་བྱས་ནས། མ་དངུལ་དོ་དམ་དང་གཏོང་སྤྲོད། བཀོལ་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་འགུལ་རྣམ་རྗེས་འདེད་མངོན་འགྱུར་བྱས། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་དངུལ་བདེ་འཇགས་དང་ནུས་ལྡན་སྟབས་བདེ། གནད་ལ་འཁེལ་བའི་སྒོ་ནས་མང་ཚོགས་ཀྱི་ལག་ཏུ་སྤྲོད་པར་ཁག་ཐེག་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་ཇེ་མཐོར་བཏང་།

རིན་ཆེན་མཚོས་བསྒྱུར།