འབད་བརྩོན་གྱི་གདངས་དབྱངས་ལས། ཐོན་ལས་ཀྱི་གསོན་ཤུགས་བསྐྱེད།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20


དགའ་བདེ་རྫོང་ཁུལ་འཐག་བཟོ་ཁང་གི་འབྲོག་པས་ཐགས་འཐག་བཞིན་པ།

དབྱར་ཁའི་ཆར་ཟིམ་དང་འགྲོགས་ནས། མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་མཐུན་སྒྲིལ་ལམ་དུ་ཡོད་པའི་མགོ་ལོག་གངས་རི་ཟས་རིགས་ཚད་ཡོད་འགན་ལེན་ཀུང་སི་རུ་སོང་བ་ན། དུས་རབས་སྔོན་མའི་ལོ་རབས60པའི་བཟོ་ཁང་སྔར་བཞིན་ཀྲོང་ངེར་འགྱིངས་ནས་ཡོད་ལ། གསར་ཉམས་ཀྱིས་ཕྱུག་པའི་འཁོར་ཁང་ནི་མཐོན་པོར་བསླངས་ནས་ཡོད། རྣོ་ལྕགས་དང་ཨར་འདམ་གྱི“ལུགས་རྙིང་པའི་བཟོ་ལས་ཀྱི་ཉམས་བཟང”དང་ཚན་རྩལ་གྱི་ཚོར་སྣང་ཟབ་པའི“དེང་རབས་ལུགས་ཀྱི་སྐྱེད་ཚལ་གྱི་ཉམས་བཟང”མཉམ་འདྲེས་ལེགས་པོར་བྱས་ཏེ། བཙུགས་ནས་ལོ64འགོར་བའི“ཀྲུང་ཧྭའི་ཟོང་རྟགས་རྙིང་པ”འདི་ལ་མྱོང་སྣང་གཞན་ཞིག་བསྩལ་ཡོད།

དེ་བས་ཀྱང་ངོམ་དུ་རུང་བ་ཞིག་ནི། ད་ལྟའི་གངས་རི་ཟས་རིགས་ཚད་ཡོད་འགན་ལེན་ཀུང་སིས་སྔར་བཞིན་སྲོལ་རྒྱུན་གྱི་བཟོ་རྩལ་བརྟན་སྲུང་བྱས་ཡོད་པར་མ་ཟད། ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི་སྐོར་ཐེངས་ལྔ་པའི་སེམས་ཞིབ་མོའི“གཅེས་སྐྱོང”འོག་ཏུ་གསར་གཏོད་མདུན་སྐྱོད་བྱས་ཏེ། བློ་སྤོབས་ཆེན་པོས་སྔར་ལས་ཡངས་པའི་ཁྲོམ་རར་སྐྱོད་ཀྱིན་ཡོད།  ཧྲང་ཧའེ་གྲོང་ཁྱེར་གྱི་འཛད་སྤྱོད་རོགས་སྐྱོར་མནའ་འབྲེལ་དཔུང་སྡེས་ལག་རྩལ་མཛུབ་སྟོན་བྱས་ནས། གངས་རི་ཟས་རིགས་ཀྱིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཐུམ་སྒྲིལ་ཇུས་འགོད། དྲི་མ་དང་བྲོ་བ་སོགས་ཕྱོགས་ཡོངས་ནས་མཐོར་འདེགས་བྱས་པས། ཧྲང་ཧའེ་ཡི་ཁྲོམ་རའི་སྒོ་གླེགས་ཁད་ཀྱིས་ཕྱེ་བ་དང་།“བོད་ཀྱི་ནོར་གནག་གི་རྒྱུས་ག”ལ་ཧྲང་ཧའེ་རུ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་འཐོབ་ཀྱིན་ཡོད།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཧྲང་ཧའེ་ཡི་ལས་བྱེད་པ། རྨ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཧོང་ཅེ་ཡིས་བཤད་རྒྱུར། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི‘ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཡུལ་བསྐྲུན་པའི’བརྗིད་ཉམས་ལྡན་པའི་འཆར་འགོད་རི་མོ་ལྟར། ལག་རྩལ་རོགས་སྐྱོར་དང་། འཛད་སྤྱོད་རོགས་སྐྱོར། ལས་གཞི་རོགས་སྐྱོར་བཅས་ཀྱི‘ཤིང་རྟ་ཆེན་པོ་གསུམ’བརྒྱུད་ནས། གངས་རི་ཟས་རིགསཚད་ཡོད་འགན་ལེན་ཀུང་སི་རིམ་བཞིན་སྤུས་འདེགས་ཕན་འཕར་ཡོང་བར་སྐུལ་འདེད་བཏང་ཡོད”ཟེར།

ས་གནས་དེ་གའི་ཁེ་ལས་ལ་རོགས་སྐྱོར་བྱས་པ་ཙམ་མ་ཡིན་པར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཧྲང་ཧའེ་ཡི་ལས་བྱེད་པས་ཧུར་ཐག་གིས་གངས་རི་ཟས་རིགསཚད་ཡོད་འགན་ལེན་ཀུང་སི་ལ་རྫོང་ཁོངས་ཀྱི་ཞིང་པ་དང་མཉམ་འབྲེལ་བྱེད་པ་དང་ཞིང་པར་སྣེ་ཁྲིད་དེ་ཞིང་པར་ཕན་བདེ་བསྐྲུན་པའི་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་ནས་ས་གནས་དེ་གའི་དབུལ་ཐར་མང་ཚོགས30ཡི་ལས་ཞུགས་ཐག་གཅོད་བྱས་པར་མ་ཟད། རྨ་ཆེན་རྫོང་སྐྱེ་ཁམས་ཕྱུགས་ལས་མཉམ་འབྲེལ་སྤྱི་ཁྱབ་ཁང་དང་མཉམ་འབྲེལ་བྱས་ནས་སྤྱི་རྒྱ་རེར་ཁྲོམ་རའི་རིན་གོང་ལས་སྒོར2ཀྱིས་མཐོ་བའི་སྒོ་ནས་སྐམས་ཤ་ཉོས། མིག་སྔར། གངས་རི་ཟས་རིགསཚད་ཡོད་འགན་ལེན་ཀུང་སི་ལ་ལོ་རེར་ནོར་གནག་གི་ཤ་སྐམ་ཏུན500ལྷག་ཙམ་ཐོན་སྐྱེད་ལས་སྣོན་བྱེད་པའི་ནུས་པ་ལྡན་ལ། ཐོན་རྫས་སྣ་ཚོགས་ཏུན300ཐོན་སྐྱེད་བྱེད་པ་དང་། ལོ་རེར་སྒོར་བྱེ་བ་བཞི་ཡན་གྱི་ཕྱིར་འཚོང་མངོན་འགྱུར་བྱུང་བས། ཐོན་རྫས་སྣ་ཚོགས་ཧྲང་ཧའེ་དང་པེ་ཅིན། ཟི་ལིང་སོགས་ཀྱི་ཚོང་ཁང་ཆེ་གྲས་དང་ཁྱད་ལྡན་ཐོན་རྫས་ཚོང་ཁང་ཁག་ཏུ་ཁྱབ་ནས། ཟོང་རྟགས་ཀྱི་ཤུགས་རྐྱེན་ངེས་ཅན་རྒྱས་ཡོད།

དགའ་བདེ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་རེད། ས་གནས་དེས་ཐོན་ཁུངས་ལ་བརྟེན་ནས་འཕེལ་རྒྱས་ལ“གསོན་ཤུགས”ཇི་ལྟར་སྦྱིན་དགོས་སམ་ཞེ་ན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཧྲང་ཧའེ་ཡི་ལས་བྱེད་པས“ཐབས་མཆོག”ཅིག་བཏོན་པ་སྟེ། མཚོ་སྔོན་དུ“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས”བསྐྲུན་པའི་དམིགས་ཚད་དང་དམ་པོར་སྦྲེལ་ཏེ། དགའ་བདེ་རུ་རིག་གནས་ཡུལ་སྐོར་གྱི“དཔེ་མཚོན་ཁང་པ”བསྐྲུན་པ་རེད།

མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་ཡི་ལས་བྱེད་པའམ་དགའ་བདེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཧྲ་ཀྲི་པིན་གྱིས་བཤད་རྒྱུར། “ང་ཚོས་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་དུར་བུད་སྡེ་བའི་གེ་སར་ལོ་རྒྱུས་སྙན་རྩོམ་རིག་གནས་སྡེ་བའི་ཕུན་སུམ་ཚོགས་པའི་ནང་དོན་གཏིང་ཟབ་སྒོས་སྔོག་འདོན་བྱས་ནས། ‘གནས་མཆོག་མགོ་ལོག རྨ་ཡུལ་དགའ་བདེ’དང་ཧྲང་ཧའེ་ཡི་དཔྱིད་སྟོན་གནམ་གྲུ་གླས་ནས་ཡུལ་སྐོར་བྱེད་པའི་དགའ་བདེའི་ལྗོངས་བཀོད་ཆགས་སྟངས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། སྔ་རྗེས་སུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་རྒྱུན་ཆད་མེད་པར་བཏང་བ་དང་། བོད་ཀྱི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་བོད་ཀྱི་ཟློས་གར་ལ་ལྟ་བ། བོད་ཟས་ཀྱི་བྲོ་བ་མྱོང་བ། བོད་ལྭ་གོན་པ། བོད་སྤོས་བཟོ་བ། བོད་ཀྱི་ཐོན་རྫས་ཉོ་བ། རྟར་ཞོན་པ། མདའ་འཕེན་པ་སོགས་སྣ་མང་གཞི་གཅིག་ཅན་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བརྗེ་རེས་ཀྱི་ཕྱོགས་བསྡུས་བྱ་འགུལ་སྤེལ་ཡུལ་བསྐྲུན་ཏེ། ཁོ་ཆུ་གྲོང་རྡལ་དུར་བུད་སྡེ་བའི་ཐུན་མོང་དཔལ་འབྱོར་བརྟན་བརླིང་འབབ་འཕར་ལ་སྔར་ལས་རོགས་རམ་བྱས་ཡོད། དུས་མཚུངས་སུ། ‘ཧྲང་ཧའེ་ཡི་བཟོ་བོའི’འཁེལ་འཐག་ལག་རྩལ་ནང་འདྲེན་བྱས་ནས། དགའ་བདེའི་ནོར་ཁུལ་དང་ལུག་བལ་ཐོན་རྫས་ཀྱི་བཟོ་ཁང་འཁོར་སྐྱོད་བྱས་པ་དང་། འབྲོག་པ་མང་ཚོགས‘སྒོ་འགྲམ’དུ་ལས་ཞུགས་བྱས་ནས་ཡོང་འབབ་འཕར་དུ་བཅུག་ཡོད”ཅེས་དེ་ལྟར་བཤད། 

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།