ཐོན་ལས་སྣ་མང་གིས་མཐོ་སྒང་ལ་ཁ་དོག་གསར་པ་བསྩལ།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24


ཀྲོའུ་ཀྲེན་ཞ་ཡིས་ཡུས་ཧྲུའུ་ཁུལ་ཞིང་ཕྱུགས་ཐོན་རྫས་མྱོང་རོལ་ཁང་དུ་ཐོན་རྫས་ལ་རྒྱུས་ལོན་བྱེད་པ།

ས་གནས་ཀྱི་སྲོལ་རྒྱུན་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཞོགས་པ་སྔ་མོ་ནས་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ“ཡུས་ཧྲུའུ་ནོར་གནག”ཐོན་ལས་འཕེལ་རྒྱས་ཚན་ཆུང་གི་ཚན་གཙོའི་འགན་འཁུར་ཡོད་པའི་ཀྲོའུ་ཀྲེན་ཞ་ཡིས་ཕྱིར་འཚོང་སྟེགས་བུ་སོ་སོར་འབྲེལ་གཏུག་བྱས་ནས། ཡུས་ཧྲུའུ་ཡི་ཐོན་རྫས་ཁྱབ་སྒྲོག་བྱེད་བཞིན་འདུག“ང་ཚོའི་ཡུས་ཧྲུའུ་ཡི་ཤ་སྐམ་དང་ནས་ནག་གི་རྩམ་པ། ཡུང་ཁུའི་སྐོམ་ཆུ་སོགས་ཚང་མ་ལྷད་མེད་པའི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཡིན་ལ། འཚོ་བཅུད་ཤིན་ཏུ་བཟང་བར་མ་ཟད་བྲོ་བ་ཡང་ཞིམ་པོ་ཡོད།” 

2022ལོར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་པེ་ཅིན་གྱི་སྐོར་ལྔ་པའི་ལས་བྱེད་པ་ཀྲོའུ་ཀྲེན་ཞ་ཐོག་དང་པོར་གངས་ལྗོངས་མཐོ་སྒང་དུ་འོངས། མོས“འདི་ནི་ངའི་ལས་རིགས་བརྒྱུད་རིམ་ཁྲོད་ཀྱི‘མཚམས་བརྒལ’ཐེངས་གསུམ་པ་དེ་ཡིན། འདིའི་སྔོན་ལ། ངས་པེ་ཅིན་ཁྲང་ཕིན་ཆུའུ་ཡི་ཆུ་དོན་ཅུའུ་དང་། ཁྲང་ཕིན་ཆུའུ་ཧུའེ་ཐེན་ས་ཁུལ་གྱི་ཆེད་དམིགས་བཅོས་སྐྱོང་བྱ་བའི་ཆེད་དོན་འཛིན་གྲྭ་དང་ཞིང་ལས་ཞིང་སྡེ་ཅུའུ་རུ་ལས་འགན་ཁུར་བ་ཡིན”ཟེར།

ཡུས་ཧྲུའུ་ཁུལ་གྱིས་ཞིང་ཕྱུགས་ལས་ཐོན་ལས་གཙོ་བོར་བཟུང་ཡོད་པ་དང་། རང་ཉིད་ཀྱིས་དུས་ཡུན་རིང་པོར་ཞིང་ལས་ཞིང་སྡེ་ཁྱབ་ཁོངས་སུ་ལས་འགན་ཁུར་པས། མོ་རང་མངགས་པ་ནི་ས་གནས་ཀྱི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་ཀྲོའུ་ཀྲེན་ཞ་ཡིས་གསལ་པོར་ཤེས་ཡོད། འོན་ཀྱང་གནད་དོན་ཞིག་ཡོད་པ་ནི། པེ་ཅིན་ནི་ཐང་གཞོངས་སུ་ཡོད་པ་དང་ཡུས་ཧྲུའུ་ནི་མཐོ་སྒང་དུ་ཡོད་པས། མཐོ་སྒང་གི་ནོར་གནག་ལ་ཀྲོའུ་ཀྲེན་ཞར་རྒྱུས་མངའ་ཆེན་པོ་མེད་པ་དེ་རེད།

ཡིན་ནའང་མོ་རང་དེའི་དོན་དུ་སྐྲག་མ་མྱོང་། “མི་སུ་ཡིན་ཡང་སྐྱེས་མ་ཐག་ནས་ཐམས་ཅད་མཁྱེན་པ་ཞིག་མེད་པས། ཚང་མས་སློབ་སྦྱོང་བྱས་པ་བརྒྱུད་ནས་ཤེས་པ་མ་ཡིན་ནམ།”སྐྲ་ལོ་ཐུང་ངུར་བཞག་པའི་ཀྲོའུ་ཀྲེན་ཞ་ཡིས་སྐད་ཆ་བཤད་ནའང་དྲང་ཞིང་སྤྲོ་སྣང་ལྡན་པ་ཞིག་རེད།

2024ལོར། ཡུས་ཧྲུའུ་ཆོས་སྐྱིད་རིག་གནས་ཡུལ་སྐོར་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིས་ཡུས་ཧྲུའུ་ཡི་རྩམ་པ་དང་འབྲེལ་བའི་ཐོན་རྫས་སྐོར་ཞིག་གསར་སྤེལ་བྱས་མོད། འཚོང་ལམ་ལེགས་པོ་ཞིག་མེད་པས། ཐོན་རྫས་ཕྱིར་འཚོང་ཚད་ཤིན་ཏུ་ཉུང་། དེས་ཁེ་ལས་འགན་འཁུར་པ་བསོད་ནམས་ཆོས་སྐྱིད་སྡུག་ལ་ཐུག་ཏུ་བཅུག་སོང་།

སྟེས་དབང་གི་གོ་སྐབས་ཐེངས་ཤིག་གིས། ཀྲོའུ་ཀྲེན་ཞ་ཡིས་གནས་ཚུལ་དེ་ཤེས་རྗེས། རང་འགུལ་གྱིས་བསོད་ནམས་ཆོས་སྐྱིད་པེ་ཅིན་གྱི་ཞིང་ལས་དགའ་སྟོན་དུས་ཆེན་སོགས་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་བྱ་འགུལ་ལ་ཞུགས་སུ་བཅུག་ནས། མོའི་ཐོན་རྫས་གསར་པར་འཚོང་ལམ་བཙལ།

ལོ་ངོ་གསུམ་གྱི་རིང་དུ། ཀྲོའུ་ཀྲེན་ཞ་ཡིས་ས་གནས་ཀྱི་སྲོལ་རྒྱུན་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། “ཡུས་ཧྲུའུ་ནོར་གནག”གི་ཟོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་རྒྱ་བསྐྱེད་པར་མ་ཟད། མཐོ་སྒང་ནས་ཐོན་པའི“ས་གནས་ཀྱི་ཁྱདལྡན་ཐོན་རྫས”སྔར་ལས་རྒྱ་ཆེ་བའི་ས་ཆར་སླེབས་སུ་བཅུག

ཀྲོའུ་ཀྲེན་ཞ་ཡིས་བཤད་རྒྱུར།“ལོ་ངོ་འདི་དག་ལ་ཚང་མས་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་མཐོ་སྒང་འབྲོག་ཁུལ་གྱི་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། སྔོན་ལ་ཡུས་ཧྲུའུ་ཡི་ཞིང་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ནས། ཧྲོའུ་ནུང་ཟས་རིགས་ཚོགས་སྒྲིལ་དང་ཧྲོའུ་ལུའི་ཚོགས་སྒྲིལ་གདན་འདྲེན་བྱས་ཏེ། ཧྲོའུ་ནུང་ཡུས་ཧྲུའུ་ཀུང་སི་དང་ཅིན་ཡུས་ཡུལ་སྐོར་ཀུང་སི་བཙུགས་ཏེ། ‘ཡུས་ཧྲུའུ་ནོར་གནག’གི་སྤྱི་སྤྱོད་ཟོང་རྟགས་ཇེ་ཆེ་ཇེ་ལེགས་སུ་བཏང་ནས། ‘ཡུས་ཧྲུའུ་ནོར་གནག’ཞིང་ལས་ཞིང་སྡེ་པུའུ་ཡི་ཟོང་རྟགས་ལེགས་གྲས་གསོ་སྐྱོང་འཆར་གཞིའི་གྲས་སུ་བདམས་ཐོན་བྱུང་བའི་མཚོ་སྔོན་གྱི་ཟོང་རྟགས་གཅིག་པུར་གྱུར། ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གཟན་རྩྭ་ལས་སྣོན་བཟོ་གྲྭ་སོགས་ཞིང་ཕྱུགས་ཁེ་ལས90ལྷག་ལ་རྒྱབ་སྐྱོར་བྱས་ནས་གཞི་རྒྱ་ཆེ་རུ་བཏང་། རྫོང་ལྔ་རུ་ལས་ཞུགས་ཀྱི་ལག་རྩལ་དངོས་སྦྱོང་རྟེན་གཞི་བཙུགས་པ་དང་། མི་ཁྲི1.5ལ་རང་ས་གནས་དང་ཉེ་ས་ནས་ལས་ཞུགས་བྱེད་པར་སྐུལ་སྤེལ་བྱས་ཤིང་། དེས་མི་ཁྲི3ལྷག་གི་ཡོང་སྒོ་འཕར་བར་བྱས། ”

ལོ་ངོ་བཅོ་ལྔའི་རིང་ལ། མ་རྩ་སྒོར་དུ་ཐེར་ཆེན་དྲུག་དང་ཐེར་འབུམ་དྲུག་དུང་ཕྱུར་ལྷག་དང་། ལས་གཞི1167། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ316ཡོད། གྲངས་ཀ་འདི་དག་གི་རྒྱབ་ལོགས་སུ། པེ་ཅིན་དང་ཡུས་ཧྲུའུ་གཉིས་ཀྱི་རིགས་སོ་སོའི་མང་ཚོགས་བར་གྱི་ཆུ་དང་འོ་མ་འདྲེས་པ་བཞིན་གྱི་མཛའ་བརྩེ་ཡོད། དེ་ནི་པེ་ཅིན་གྱི་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ལི་ཡུས་ཧའེ་ཡིས“ང་ཚོས་བཞག་པ་ནི་ལས་གཞི་གཅིག་པུ་མ་ཡིན་པར་ས་བོན་རེ་རེ་ཡིན་ཞིང་། དེ་དག་མཐོ་སྒང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་གནམ་ལ་ཟུག་པའི་སྡོང་པོ་ཆེན་པོར་འགྱུར་ངེས”ཞེས་བཤད་པ་ནང་བཞིན་རེད། སྐལ་བཟང་མེ་ཏོག་སླར་ཡང་བཞད་པའི་དུས་ཚིགས་སུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གཏམ་རྒྱུད་གསར་པ་མུ་རུ་འབྲི་ངེས་ཡིན་ནོ། །

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།