

རོང་འབྲོག་མང་ཚོགས་ཀྱིས་རྩྭ་སའི་དབྱེ་མཚམས་གསལ་བོར་ཤེས་ཆེད་ཚོན་མདོག་བྱུགས་བཞིན་པ།
ཟླ7པའི་ཚེས3ཉིན། བཅར་འདྲི་དང་ལེན་བྱེད་སྐབས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་དབང་ཆེན་གྱིས་གསར་འགོད་པ་ཐོན་པའི་དུས་ནི་རིག་སྨོན་གྲོང་རྡལ་གྱི་སོག་པོའི་སྡེ་བ་དང་སྟོང་སྐོར་རྫོང་ཉི་ཟླ་རི་བོ་སྡེ་བའི་སྡེ་མིས་རེས་སྐོར་ནས་ཕྱུགས་འཚོ་བའི་བརྗེ་རེས་ཉིན་མོ་དང་ཁེལ་ཡོད། བསྟུད་མར་ལོ་སུམ་ཅུའི་རིང་རྒྱུན་བསྲིངས་པའི་རྩྭ་ས་རྩོད་གླེང་དེ་ད་སྐབས་ཏང་འཛུགས་ཀྱི་སྣེ་ཁྲིད་འོག་ཏུ་མི་རིགས་མཐུན་སྒྲིལ་གྱི་འགོ་རྩོམ་ས་གསར་བར་གྱུར་ལ། འདི་ནི་སྡེ་བ་གཉིས་ཀྱིས་འགལ་བ་འདུམ་སྒྲིག་བྱས་ཏེ། བོད་འབྲེལ་ས་ཁུལ་གྱིས་ཏང་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་འགྲེལ་བཤད་གསལ་བོ་ཡིན།
ལོ་ངོ་སུམ་ཅུའི་སྔོན་ལ། ཁྲིམས་བཅད་རྩྭ་རའི་མཚམས་ཐིག་དང་སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་གོམས་སྲོལ་བར་འགལ་བ་བྱུང་བས། སོ་པོའི་སྡེ་བ་དང་ཉི་ཟླ་རི་བོའི་སྡེ་བ་གཉིས་ཀྱི་བར་ལོ་ངོ་སུམ་ཅུ་ལྷག་ལ་རྩོད་གཞི་བྱུང་།
རྩོད་གཞི་བྱུང་སའི་རྩྭ་ར་འདི་ནི་སྡེ་བ་གཉིས་བར་འཕྲེད་དུ་འཐེན་པའི་འོབས་དོང་ཞིག་ཡིན།
སོག་པོའི་སྡེ་བ་དང་ཉི་ཟླ་རི་བོ་སྡེ་བ་གཉིས་ཀྱི་བར་ཐག་ཉེ་ལ། རི་ཆུ་འབྲེལ་ཡོད་པས། ཕན་ཚུན་འབྲལ་དཀའ་བའི་ཁྱིམ་མཚེས་སུ་གྱུར་ཡོད། རིག་སྨོན་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་། ཉི་ཟླ་བོད་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སྔ་རྗེས་སུ་ཐེངས་དགུ་ལ་གྲོས་མོལ་བྱས་ཏེ། མཇུག་མཐར2024ལོའི་སྟོང་སྐོར་རྫོང་ཉི་ཟླ་ཡུལ་ཚོ་དང་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གྱི་བདེ་འཇགས་མཐའ་མཚམས་མཛའ་མཐུན་ཁྱིམ་མཚེས་འཛུགས་པའི་གྲོས་ཆོད་ཡི་གེར་མིང་རྟགས་བཀོད་པ་དང་། ཁྲིམས་བཅད་ཐིག་དམར་དེ་མཐུན་སྒྲིལ་གྱི་སྦྲེལ་ཐག་ཏུ་བསྒྱུར་བ་དང་། ཡུན་རིང་མཛའ་མཐུན་གྱི་ཕྱུགས་འཚོ་སའི་ས་མཚམས་སུ་གཏན་འཁེལ་གསལ་བོ་བྱས་ཏེ། སོག་པོའི་སྡེ་བ་དང་ཉི་ཟླ་རི་བོའི་སྡེ་བའི་ལོ་ངོ་སུམ་ཅུ་ལྷག་རིང་གི་ས་མཚམས་ལོ་རྒྱུས་ཀྱི་འགལ་བའི་གནད་དོན་བདེ་བླག་ངང་ཐག་གཅོད་བྱས།
ས་མཚམས་གནད་དོན་ཐག་བཅད་པའི་འགག་རྩ་ནི་ཏང་རྩ་འཛུགས་ཀྱིས་འགལ་བ་དེ་བཅོས་སྐྱོང་གི་གོ་སྐབས་སུ་བསྒྱུར་བར་རག་ལས་ཡོད། རིག་སྨོན་གྲོང་རྡལ་ཏང་ཨུས་སོག་པོའི་སྡེ་བའི་སྡེ་མི་རྣམས་ལ་གཞན་གྱི་རྩྭ་སར་ཕྱུགས་འཚོས་ན་ཕྱོགས་གཉིས་ཀའི་མང་ཚོགས་ཀྱིས་ཁྱིམ་མཚེས་མཛའ་མཐུན་ངང་ཕྱུགས་འཚོ་བ་དང་། མི་རིགས་མཐུན་སྒྲིལ། ས་མཚམས་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་དང་དེ་ནི་ཁྲིམས་འགལ་བྱ་སྤྱོད་ཡིན་པའི་སྐོར་གསལ་བོར་བཤད་ཅིང་། ལྷག་པར་དུ་ད་ལོའི་ཟླ་དྲུག་པར་ཀྲི་པུའུ་མཉམ་འཛུགས་དང་ཏང་ཡོན་མཉམ་འབྲེལ། རིག་གནས་སྦྲེལ་མཐུད་དང་འགལ་བ་འདུམ་སྒྲིག དཀའ་ཁག་མཉམ་རོགས། འཕེལ་རྒྱས་མཉམ་སྤྱོད་བཅས་ཀྱི་ཏང་འཛུགས་ཁྱམས་ར་བསྐྲུན་པ་དེ་བྱེད་ཐབས་གཙོ་བོར་བརྩིས་ནས། སྔར་གྱི་ས་མཚམས་སྲུང་བའི་སྦྲ་གུར་དེ་མཉམ་འབྲེལ་ཏང་འཛུགས་ཀྱི་སྒར་ས་རུ་བསྒྱུར།
རིག་སྨོན་གྲོང་རྡལ་སོག་པོའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་རིན་ཆེན་གྱིས་བཤད་པ་ལྟར་ན། སྔོན་ཆད་ཕྱུགས་འཚོ་བའི་དུས་ཚིགས་སུ་སླེབས་སྐབས། ཕྱོགས་གཉིས་ཀྱིས་མི་མངགས་ནས་སྦྲ་གུར་ཕུབ་སྟེ་ས་མཚམས་སྲུང་བཞིན་ཡོད་ལ། ཚང་མས་འཁོན་སེམས་བཟུང་བར་མ་ཟད་མི་ཤུགས་མང་པོ་བཏང་མོད། ད་སྐབས་འདི་དག་གིས་ས་གནས་འཕེལ་རྒྱས་འགྲོ་བར་རང་ནུས་གང་ཡོད་འདོན་ཐུབ་ཟེར།
འགྱུར་ལྡོག་འདི་འདྲ་བྱུང་བའི་རྩ་བ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཡིན་ལ། བོད་འབྲེལ་ས་ཁུལ་གྱི་ལོ་རྒྱུས་གནད་དོན་ཐག་གཅོད་པར་ཏང་འཛུགས་ཀྱི་ཁྲིད་སྟོན་དང་ཁྲིམས་སྐྱོང་གི་འགན་སྲུང་། མང་ཚོགས་ཀྱི་ཟབ་ཞུགས་བཅས་ཟུང་འབྲེལ་བྱེད་ཐབས་འདོན་སྤྲོད་བྱས།
བསོད་ནམས་དབང་ཆེན་གྱིས་རེ་བས་ཁེངས་ནས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཕན་ཚུན་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་བརྗེ་རེས་ཟབ་སྤེལ་བྱེད་པ། མཐུན་སྒྲིལ་ལ་སྲུང་སྐྱོབ་བཅས་བྱས་ན་ཡུན་རིང་འཕེལ་རྒྱས་འགྲོ་ཐུབ། སྔོན་ཆད་ཀྱི་འགལ་བ་སློང་བའི་ས་མཚམས་ཐིག་དེ། ད་སྐབས་ཚང་མའི་ཐུན་མོང་འབད་བརྩོན་འོག་ཏུ་མཐུན་སྒྲིལ་དང་འབད་འཐབ་ཀྱི་ལམ་ཚད་རྡོ་རིང་ལྟ་བུར་གྱུར་ཡོད་ཟེར།
རིག་སྨོན་གྲོང་རྡལ་དེ་གུང་ཧོ་རྫོང་གི་ཤར་རྒྱུད་དུ་ཡོད་པ་དང་། ཤར་ཕྱོགས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དང་ཉེ་ཞིང་། ཤར་ལྷོ་ཕྱོགས་དེ་ཁྲི་ཀ་རྫོང་དང་འབྲེལ་ཡོད་ལ། ཁོངས་གཏོགས་ཀྱི་སྡེ་བ་དེ་དག་དང་ཁྱིམ་མཚེའི་སྡེ་བའི་བར་ཐེངས་མང་པོར་རྩྭ་ས་རྩོད་གླེང་གི་འགལ་བ་བྱུང་མྱོང་། རིག་སྨོན་གྲོང་རྡལ་དུ། རྩྭ་ས་རྩོད་གླེང་གི་འགལ་བ་ཐག་གཅོད་པ་དེ་བྱ་བ་གཅིག་དང་གྲོས་གཞི་གཅིག་གི་ཕྱོགས་ཙམ་མིན། རིག་སྨོན་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གུང་ཧོ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ། གཞི་རྩའི་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་བྱེད་ཐབས་དང་ཏང་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཤིང་། མང་ཚོགས་ཀྱི་སྟོབས་ཤུགས་དང་བློ་གྲོས་ལ་བརྟེན་ནས། འབྲེལ་འདྲིས་དམ་ཟབ་དང་རང་འགུལ་ལས་སྒྲུབ་བྱས་ཏེ། རྩྭ་ས་རྩོད་གླེང་གི་འགལ་བ་འབད་པས་ཐག་བཅད།
རིག་སྨོན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རྡོ་རྗེ་རྒྱལ་མཚན་གྱིས་ཁྱོད་ཀྱིས་ལྟོས་དང་། འདི་ནི་ང་དང་སྟོང་སྐོར་རྫོང་ཏཱ་ཧྭ་གྲོང་རྡལ་གྱི་འགོ་གཙོ་གཞོན་པ་མཱ་ཁྲིན་ཧེ་གཉིས་ཀྱིས་རྩྭ་ས་རྩོད་གླེང་སྐོར་གྲོས་མོལ་བྱས་པའི་ཁ་བརྡའི་ཟིན་ཐོ་ཡིན་ཟེར་ཞོར་གསར་འགོད་པར་ཁ་པར་གྱི་སྐད་འཕྲིན་འཆར་ངོས་བསྟན་ནས་འགལ་བ་འདིའི་མགོ་མཇུག་ཆ་ཚང་བཤད།
སྟོང་སྐོར་རྫོང་ཏཱ་ཧྭ་གྲོང་རྡལ་གྱི་ཧོང་མའོ་སྡེ་བ་དང་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གྱི་གཡོན་རུ་སྡེ་བ་གཉིས་ཁྱིམ་མཚེས་ཡིན་ལ། སྔོན་ཆད་ཧོང་མའོ་སྡེ་བའི་རྩྭ་ས་ཆེ་ཡང་འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱི་རྐྱེན་ལས་ཕྱུགས་འཚོ་བའི་ནོར་ལུག་ཉུང་བ་དང་། དེས་གཡོན་རུ་སྡེ་བའི་སྡེ་མི་རྣམས་ལ་སྟབས་བདེ་བསྐྲུན་ཞིང་། གཡོན་རུ་སྡེ་བའི་སྡེ་མི་རྣམས་ཀྱི་རྩྭ་ས་ཡངས་མོ་དེར་ཕྱུགས་འཚོ་མཁན་མེད་པ་མཐོང་རྗེས། རང་རང་གི་ནོར་ལུག་ཧོང་མའོ་སྡེ་བའི་རྩྭ་སར་དེད་ནས་འཚོ་འགོ་བརྩམས་པ་དང་། ལོ་ངོ་མང་པོར་གཞན་གྱི་རྩྭ་སར་ཕྱུགས་འཚོས་པ་རེད།
དེའི་རྗེས་སུ། རླུང་ཤུགས་གློག་འདོན་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་གཞུང་ལམ་ལས་ཤིང་། ནོར་ལུག་གི་རིན་གོང་ཡང་ཇེ་མཐོར་སོང་བས། ཧོང་མའོ་སྡེ་བའི་སྡེ་མི་རྣམས་ཀྱིས་ཀྱང་ཕྱུགས་འཚོ་འགོ་བརྩམས། དེར་མཐུད་ནས་སྡེ་བ་གཉིས་ཀའི་སྡེ་མིའི་བར་འགལ་བ་བྱུང་བ་རེད།
རྡོ་རྗེ་རྒྱལ་མཚན་གྱིས་བཤད་རྒྱུར། འདི་མ་གཞི་ནས་གཞན་གྱི་རྩྭ་ས་ཡིན་ལ། ང་ཚོའི་གྲོང་རྡལ་གྱི་གཡོན་རུ་སྡེ་བའི་སྡེ་མི་རྣམས་ཀྱིས་ལོ་ངོ་མང་པོར་གང་འདོད་དུ་ཕྱུགས་འཚོས་པར་བརྟེན། གནས་ལུགས་ཀྱི་ངོས་ཐད་དང་ཡང་ན་ཁྲིམས་ལུགས་ཀྱི་ངོས་ཐད་གང་ཡིན་རུང་། ཕྱུགས་འཚོ་བའི་དབང་ཆ་ཕྱིར་གཞན་ལ་སྤྲོད་དགོས་པ་དང་། ང་ཚོའི་ཏང་ཨུས་ཀྱང་རང་ཕྱོགས་ལ་འགེབས་སྲུང་བྱེད་མི་ཉན། སྡེ་མི་རྣམས་ལ་ཐེངས་མང་པོར་འབྲེལ་འདྲིས་བྱས་ཤིང་། གཞན་ཕྱོགས་དང་མཐུན་སྦྱོར་བྱས་པ་བརྒྱུད། ཟླ7པའི་ཚེས10ཉིན་གྱི་སྔོན་ལ་གཡོན་རུ་སྡེ་བའི་སྡེ་མི་ཚང་མ་ཧོང་མའོ་སྡེ་བའི་རྩྭ་ས་ནས་ཕྱིར་ལོག་དགོས་པ་གཏན་འཁེལ་བྱས་ཡོད་ཟེར།
རང་ཕྱོགས་ལ་འགེབས་སྲུང་མི་བྱེད་པ་དང་ཁྲིམས་སྐྱོང་བཤད་པ། གྲོས་མོལ་གཙོ་བོར་འཛིན་པ་བཅས་ཀྱི་བྱ་བའི་བྱེད་ཐབས་འདི་ནི་ཕྱོགས་རྐྱང་བའི་འགལ་བ་དེ་བཅོས་སྐྱོང་མ་ལག་གསར་གཏོད་ལ་རིམ་སྤོར་བྱེད་པའི་མཚོན་ཚུལ་ཞིག་རེད།
ཉི་ཟླ་རི་བོ་སྡེ་བའི་བར་གྱི་ལོ་ངོ་སུམ་ཅུའི་རིང་གི་རྩྭ་ས་རྩོད་གླེང་གི་འགལ་བ་ཐག་གཅོད་བྱེད་པ་དང་། ཡང་ན་ཏཱ་ཧྭ་གྲོང་རྡལ་ཧོང་མའོ་སྡེ་བའི་བར་གྱི་ཕྱུགས་འཚོ་བའི་རྩོད་གཞི་མཐུན་སྦྱོར་བྱེད་པ་གང་ཡིན་རུང་། རིག་སྨོན་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གི་བྱེད་ཐབས་ལེགས་པོས་བོད་འབྲེལ་ས་ཁུལ་གྱི་རྩྭ་ས་རྩོད་གླེང་གི་འགལ་བ་བཅོས་སྐྱོང་བྱེད་པར་དཔྱད་གཞིར་འཛིན་ཆོག་ལ་རིན་ཐང་ལྡན་པའི་དཔེ་མཚོན་ཉམས་མྱོང་འདོན་སྤྲོད་བྱས།
འགལ་བ་རྩོད་གཞི་ཐག་གཅོད་བྱས་ཤིང་ཉམས་མྱོང་གསོག་འཇོག་བྱས་པ་དེས་རིག་སྨོན་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་གནད་དོན་དེའི་རིགས་ཐག་གཅོད་པར་ཡིད་ཆེས་ཆེན་པོ་ཡོད་པར་བྱས།
བསོད་ནམས་དབང་ཆེན་གྱིས་ལྷག་བསམ་རྣམ་དག་གིས་ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་འཇམ་དཔལ་དང་ཁ་བརྡ་བྱེད་ཀྱིན་ཡོད་དེ། ཧྲུའུ་ཅི་འཇམ་དཔལ། ང་ཚོས་སྡེ་བ་གཉིས་དང་འབྲེལ་བའི་རྩྭ་སའི་ས་མཚམས་གནད་དོན་ཐད་ཡང་བསྐྱར་གྲོས་བྱས་ཏེ། སྡེ་མི་རྣམས་རྩ་འཛུགས་བྱས་ནས་ཚོགས་འདུ་འཚོགས་པ་དང་ལྕགས་དྲ་འཐེན་པའི་སྐོར་གྱི་བྱ་བར་གྲོས་ཁ་ཞིག་བྱེད་ཅེས་ཟེར། འགལ་བ་འདི་ནི་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བ་དང་ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོའི་གཡུ་ཚའི་མཁར་ནག་སྡེ་བའི་བར་བྱུང་བ་དང་། དེས་ལོ་ངོ་མང་པོར་རྒྱུན་སྲིང་ཡོད།
རིག་སྨོན་གྲོང་རྡལ་གྱི་ཏང་ཨུ་ཡིས་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་དང་ཁྲིམས་བཅད་ས་མཚམས་བརྩི་སྲུང་བྱེད་པར་མ་ཟད། འཕེལ་རྒྱས་ལ་བསྟུན་པ་བཅས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་དེ། བྱ་བའི་བརྩོན་སེམས་དང་ངར་ཤུགས་ལ་བརྟེན་ནས་འགལ་བ་ཐག་གཅོད་པ་དང་ཐག་གཅོད་མཐིལ་ཕྱིན་བྱེད་པར་སྐུལ་འདེད་བཏང་། བྱ་བའི་བྱེད་ཐབས་དེ་སྤྱིར་བཏང་གི་ས་མཚམས་དབྱེ་སྟངས་ལས་ཐོད་བརྒལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་བཅོས་སྐྱོང་སྒྲོམ་གཞིའི་ཁྲོད་བཞག་ལ། དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྲོད་ཀྱི་ཐོན་ལས་དར་སྤེལ་དང་སྐྱེ་ཁམས་བདེ་སྡོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར་བཅས་ཀྱི་སྤྱིའི་བླང་བྱ་དང་མ་གྲོས་རང་མཐུན་རེད།
བསོད་ནམས་དབང་ཆེན་གྱི་ཏང་འཛུགས་ཁྱམས་རའི་མཉམ་འབྲེལ་བྱ་འགུལ་སྟེང་གི་ཤིས་ཚིག་སྟེ། “ཉི་ཟླ་རི་བོའི་ལམ་ལམ་འཚེར་བའི་ཉི་འོད་ཀྱིས་ང་ཚོའི་ཁྱིམ་ཚང་གཅིག་ལྟ་བུའི་བགྲོད་ལམ་གསལ་བར་བྱེད་པ་དང་། རིག་སྨོན་ཆུ་བོའི་དྭངས་གཙང་གི་ཆུ་རྒྱུན་གྱིས་ང་ཚོའི་མཛའ་མཐུན་གྱི་རྣམ་པ་གསར་བ་གླུ་རུ་ལེན”ཞེས་པ་དེས་བཅོས་སྐྱོང་ལག་ལེན་འདིའི་དོན་སྙིང་ཟབ་མོར་འགྲེལ་བཤད་བྱས་ཡོད། སོག་པོའི་སྡེ་བ་དང་ཉི་ཟླ་རི་བོ་སྡེ་བ་གཉིས་ཀྱིས་རེས་མོས་སྒོས་ཕྱུགས་འཚོ་བ་དང་། གཡོན་རུ་སྡེ་བ་དང་ཧོང་མའོ་སྡེ་བའི་ཁྲིམས་བཅད་ས་མཚམས་བར་གྱི་རིག་སྨོན་གྲོང་རྡལ་གྱི་ལག་ལེན་ལས། བོད་འབྲེལ་ས་ཁུལ་དུ་རྩྭ་ས་རྩོད་གླེང་གི་འགལ་བའི་ངོ་བོ་ནི་འཕེལ་རྒྱས་གནད་དོན་དང་དམངས་ཚིས་གནད་དོན་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་གནད་དོན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། གནད་དོན་འདི་ཐག་གཅོད་བྱེད་པའི་རྩ་བ་ནི་གཞི་རིམ་ཏང་འཛུགས་ཀྱིས་ཁྲིད་སྟོན་བྱས་ནས། ཏང་གི་མགོ་ཁྲིད་དེ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་ཅིང་། ཁྲིམས་སྐྱོང་གི་འདུ་ཤེས་དང་མི་རིགས་ཀྱི་གོམས་སྲོལ་མཉམ་འདྲེས་བྱས་ཏེ། འགལ་བ་ཐག་གཅོད་དང་རྐྱེན་སྲོལ་འཛུགས་སྐྲུན་གཉིས་ཟུང་འབྲེལ་བྱེད་པ་དེ་ཡིན། ཏང་འཛུགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྩྭ་སའི་འཆམ་མཐུན་ལ་སྐུལ་འདེད་བཏང་བར་བརྟེན། ང་ཚོས་མཐོང་བ་ནི་ས་མཚམས་གཏན་འཇགས་ཡིན་པར་མ་ཟད། བོད་འབྲེལ་ས་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་བགྲོད་ལམ་སྟེང་། ཁྲིམས་སྐྱོང་དགོངས་པ་དང་མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་བླང་བྱ་བཅས་མཉམ་འབྲེལ་བྱས་པའི་ཐབས་ལམ་གསར་བ་ཞིག་རེད།
ལྷ་མོ་འཚོས་བསྒྱུར།