རྨད་བྱུང་གི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་གཞི་རིམ་མང་ཚོགས་ཀྱི་བདེ་ཐང་སྲུང་།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

ལིའུ་དབྱི་ཧོན་གྱིས་ནད་པའི་གནས་ཚུལ་འདྲི་བཞིན་པ།

ཉེ་ལམ། གཅན་ཚ་རྫོང་མི་དམངས་སྨན་ཁང་གི་མོ་ནད་ཚན་ཁག་ཏུ། ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་ཏ་ཀང་སྨན་ཁང་མོ་ནད་ཚན་ཁག་གི་ཀྲུའུ་རིན་གཞོན་པའམ་གཅན་ཚ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ལིའུ་དབྱི་ཧོན་གྱིས་ས་གནས་ཀྱི་སྨན་པར་ཏའོ་ཕུའུ་ལེ་སྙིང་བརྟག་དཔྱད་ཆས་ཀྱིས་བོད་རིགས་སྦྲུམ་མ་ཞིག་གི་ཕྲུ་གུའི་སྙིང་ལ་བརྟག་དཔྱད་བྱེད་པར་མཛུབ་སྟོན་བྱེད་བཞིན་འདུག

མོས་གློག་རྡུལ་ནད་ཐོའི་མ་ལག་ཏུ་གནས་ཚུལ་ལ་ལྟ་ཞོར་གམ་གྱི་སྨན་པ་གཞོན་པ་དེར“མཐོ་སྒང་གི་སྦྲུམ་མར་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བ་དང་། སྦྲུམ་མ་འདི་ལྟ་བུར་མཚོན་ནBMIཡི་ཚད28ལ་སླེབས་འདུག་པས། སྤྲི་དཀར་གཅིན་གྱི་ལྟ་ཞིབ་ལ་དོ་སྣང་ཆེན་པོ་བྱེད་དགོས”ཞེས་བཤད། དེ་ནས་བོད་རྒྱ་ཤན་སྦྱར་གྱི་སྦྲུམ་དུས་འཚོ་བཅུད་མཛུབ་སྟོན་ལག་དེབ་ཅིག་བླངས་ཏེ། སྦྲུམ་མར་བཟའ་བཏུང་སྡེབ་སྦྱོར་ལ་བརྟེན་ནས་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པའི་ཐད་ནས་གསལ་བཤད་བྱས།

འདི་དང་འདི་ལྟ་བུའི་སྣང་ཚུལ་ནི་ལིའུ་དབྱི་ཧོན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རྒྱུན་རྣམ་ཡིན། མོས་ཐེན་ཅིན་གྱི་སྔོན་ཐོན་སྨན་བཅོས་འདུ་ཤེས་དང་ས་གནས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་གཉིས་ཟུང་འབྲེལ་བྱས་ཏེ། “བརྒྱུད་རོགས་ཁྲིད”གསུམ་ལ་བརྟེན་ནས་ས་གནས་ཀྱི་སྨན་པ་གསོ་སྐྱོང་བྱས་ཤིང་། མཐོ་སྒང་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་མཐོར་འདེགས་བཏང་།

ལིའུ་དབྱི་ཧོན་གྱིས་བཤད་རྒྱུར། ང་ཚོས‘གནད་འཁེལ་རོགས་སྐྱོར་དང་ལག་རྩལ་གྱི་རྨང་ཚུགས་པར་བྱེད་པ’རྩ་དོན་དུ་བཟུང་སྟེ། སྨན་ཁང་དོ་དམ་དང་ཚན་ཁག་སྒྲིག་འཛུགས། འཇོན་མི་གསོ་སྐྱོང་སོགས་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ། སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་མཐོ་སྒང་དུའང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ཡོད་ཟེར།  

རྨ་ལྷོ་ཁུལ་གཅན་ཚ་རྫོང་ལ་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ལིའུ་དབྱི་ཧོན་ཡིད་མགུ་བར་བྱས་ཡོད་པ་ནི་བྲང་གཟེར་ལྟེ་གནས་དང་རྨ་གསོ་ལྟེ་གནས། གཟའ་གྲིབ་ལྟེ་གནས་དང་ཉེན་ཆེ་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། བྱིས་པ་དང་ཉེན་ཆེ་ཁྱེའུ་སྐྱོབ་བཅོས་ལྟེ་གནས་བཅས་ལྟེ་གནས་ཆེན་མོ་ལྔ་བཙུགས་པ་དེ་རེད།

ས་ཁམས་ཁོར་ཡུག་དང་སྨན་བཅོས་ཐོན་ཁུངས་ཀྱི་ཁྱབ་ཚུལ་སོགས་ཀྱི་དབང་གིས་གཅན་ཚ་རྫོང་གི་བྲེལ་ཆེ་ཉེན་ཆེ་ནད་པ་བཅོས་སྐྱོབ་བྱེད་རྒྱུ་ནི་སྨན་བཅོས་ཞབས་ཞུའི་མི་འདང་ས་རེད།

གཟའ་གྲིབ་ཕོག་པའི་ནད་པ་སྨན་ཁང་དུ་ཐག་རིང་དྲགས་པའི་དབང་གིས་མྱུར་སྐྱོབ་བྱེད་པའི་དུས་ཚོད་ཡག་ཤོས་ཤོར་སྲིད་ལ། རྨས་ཕོག་པའི་འབྲོག་པ་རྣམས་སྨན་ཁང་དུ་འགྲོ་བའི་ལམ་ནས་འགོར་འགྱངས་བྱེད་སྲིད། བཙའ་དཀའ་བའི་སྦྲུམ་མ་དང་དུས་མ་རན་པར་བཙས་པའི་ཁྱེའུ་ལ་དེ་བས་ཀྱང་ཉེན་ཁ་ཆེན་པོ་ཡོད་སྲིད། སྔོན་ཆད། རྨ་ལྷོའི་ཉེན་ཁ་ཆེ་བའི་ནད་ལྕི་མོ་ཅན་གྱི་ནད་པ་རྣམས་ལམ་ཐག་རིང་པོ་བརྒྱུད་ནས་སྨན་ཁང་བརྗེ་དགོས་པས། ལམ་ཐག་རིང་བ་དང་ཁྱིམ་ཚང་ཡང་འགྲོ་གྲོན་མང་པོས་དཀའ་ཁག་ལ་གཏད་ཡོད་པར་མ་ཟད། ད་དུང་དུས་ཚོད་རིང་དྲགས་པས་བཅོས་སྐྱོབ་བྱེད་པའི་དུས་ཚོད་བཟང་པོ་ཤོར་སྲིད།

ལིའུ་དབྱི་ཧོན་གྱིས་བཤད་རྒྱུར། ལྟེ་གནས་ཆེན་མོའི་ལྔ་འཛུགས་སྐྲུན་བྱས་པས་གནས་སྟངས་འདིར་འགྱུར་ལྡོག་ཆེན་པོ་བཏང་ཡོད། “གཙོ་གནད་འཛུགས་སྐྲུན་ལས་དོན་སྤེལ་བ་དང་མ་ལག་དང་ལྡན་པའི་གསོ་སྦྱོང་སྤེལ་རྗེས་གྲུབ་འབྲས་མངོན་གསལ་བྱུང་སོང་། སྨན་ཁང་གིས་མྱུར་བསྟེན་ཚན་ཁག་གི་བརྟག་བཅོས་གོ་རིམ་ཚད་ལྡན་དུ་བཏང་བར་མ་ཟད། བྲང་གཟེར་དང་གཟའ་གྲིབ་ཕོག་པ། རྨས་ཕོག་པའི་ནད་པར་དམིགས་བསལ་ལམ་ཁ་ཕྱེ་ནས། མགྱོགས་མྱུར་གྱིས་ཚན་ཁག་རིམ་ཕྱེ་དང་སྔོན་ལ་བརྟག་དཔྱད་དང་། མྱུར་སྐྱོབ་བྱེད་པ་མངོན་འགྱུར་བྱུང་ཡོད། མིག་སྔར། མྱུར་བསྟེན་ཚན་ཁག་གི་རྐང་འཛིན་སྨན་པ་རྣམས་ཀླད་རྩ་འགག་པ་དང་སྙིང་རྩ་འགག་པའི་ནད་གསོ་བཅོས་བྱེད་པའི་ཆ་རྐྱེན་དང་ལས་རིམ་ལ་བྱང་ཆ་ལྡན་པར་མ་ཟད། ཞོར་འབྱུང་ནད་རྟགས་སྣ་ཚོགས་ལ་ཁ་གཏད་འཇལ་མཁས་པོ་ཡོད་པ་དང་། ཁོ་ཚོ་སྙིང་དབུགས་སླར་གསོ་དང་འབྱིན་རྔུབ་འཕྲུལ་ཆས་ཉེར་སྤྱོད། སྦུ་གུ་འཛུགས་པ། གློག་རྒྱག་པ་སོགས་ལག་རྩལ་གྱི་གནད་རྣམས་ལའང་བྱང་ཡོད་པས། སྨན་ཁང་གི་མྱུར་བཅོས་དང་ནད་ཚབས་ཆེན་གྱི་སྐྱོབ་བཅོས་ནུས་པ་མཐོར་འདེགས་ཆེན་པོ་བྱུང་ཡོད”ཅེས་ཟེར།

ད་ལྟ། རྨ་ལྷོ་ཁུལ་གྱི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་ནུས་ཕྱོད་མཐོ་བའི་འཕྲལ་བསྟེན་སྨན་བཅོས་བྱེད་ཐུབ་པ་བྱུང་སྟེ། ས་ཐག་རིང་པོར་འགྲོ་དགོས་པའི་ཉེན་ཁ་དང་རིང་དུ་གྱེས་ཤིང་། དབང་པོ་སྐྱོན་ཅན་དུ་འགྱུར་བ་དང་ཚེ་སྲོག་ཤོར་བའི་ཚད་ཇེ་ཉུང་དུ་སོང་ནས། ནད་ཀྱི་དབང་གིས་དབུལ་བོར་འགྱུར་བའི་ཉེན་ཁའང་རྨང་ནས་སེལ་བས། ནད་ཚབས་ཆེན་རྫོང་ཐོག་ཏུ་དངོས་སུ་སྨན་བཅོས་ཐུབ་པར་གྱུར་ཞིང་། སྨན་བཅོས་འགན་སྲུང་འདིས་མཐོ་སྒང་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བརྟན་པོར་སྲུང་ནས་ཡོད།

ལྟེ་གནས་ཆེན་མོ་ལྔ་ལས་གཞན། ཐེན་ཅིན་གྲོང་ཁྱེར་གྱིས་མུ་མཐུད་དུ་སྣ་མང་ཅན་གྱི་བྱེད་ཐབས་སྤྱད་དེ་རྨ་ལྷོ་ཁུལ་གྱི་འཕྲོད་བསྟེན་བྱ་གཞག་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་། “སྨན་པ་གྲགས་ཅན་རྨ་ལྷོར་བསྐྱོད་པ”དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པས་སྨན་བཅོས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་སླེབས་པར་བྱས། ལས་གཞིའི་རོགས་འདེགས་དང་འཇོན་མི་གསོ་སྐྱོང་། ཆེད་ཚན་འཛུགས་སྐྲུན་བཅས་བྱས་ནས། ས་གནས་ཀྱི་སྨན་བཅོས་ཐད་སྟོབས་ཤུགས་གང་མང་བསྩལ། མིག་སྔར། ཐེན་ཅིན་གྱིས་སྔ་རྗེས་སུ་ནད་ཐོག་རིག་ཚན་གྱི་སྨན་བཅོས་རྐང་འཛིན་མི་སྣ41སྐོར་ཐེངས7བྱས་ནས་རྨ་ལྷོར་མངགས། གླེང་རིན་ཡོད་པ་ཞིག་ནི། ཐེན་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར6གི་ཁྲོད་སྔོན་ལ་མཐོ་སྒང་ནད་ཀྱི་ཞིབ་འཇུག་ཁང་བཙུགས་ཏེ། རྨ་ལྷོ་ཁུལ་ལ་གསོ་རིག་ཞིབ་འཇུག་ཁང་མེད་པའི་གནས་ཚུལ་རྩ་བ་ནས་བསྒྱུར་ཡོད།

ལྷ་མོ་འཚོས་རྩོམ་སྒྲིག་བྱས།