རྩྭ་ཐང་གི་བདེ་འཇགས་ས་ཚིགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

མི་དམངས་འདུམ་སྒྲིག་གི་རེ་ཞུའི་ཡི་གེ་ཐོ་འགོད་བྱེད་བཞིན་པ། 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ།   དམིགས་བསལ་གྱི་ས་ཚིགས་ཤིག་ཡོད་དེ།  དེས་རྩོད་གཞི་སྣ་ཚོགས་སེལ་ནས་མང་ཚོགས་ལ་བརྟེན་ས་ཡོད་པར་བྱས་པ་མ་ཟད།    གཞི་རིམ་བཅོས་སྐྱོང་གི་ལས་དོན་གྲུ་ཟུར་རེ་རེར་ཁྱབ་པར་བྱས།   དེ་ནི་ཞིན་ཧེ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཏེ།   ས་གནས་མང་ཚོགས་ཀྱིས་འགལ་བའི་མཇུག་མཐའི་ས་ཚིགས་དང་མི་སེམས་དྲོ་བའི་ཞབས་ཞུའི་ས་ཚིགས།   བཅོས་སྐྱོང་གི་མདུན་སོ་ས་ཚིགས་བཅས་སུ་འབོད་པའི་ཕྱོགས་བསྡུས་སྟེགས་བུ་རེད།  ད་ལྟ་ཞིན་ཧེ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཚད་གཞི་ཅན་འཛུགས་སྐྲུན་དང་གསར་སྐྲུན་ལག་ལེན་མཉམ་བསྲེས་ཀྱི་ཐབས་ལ་བརྟེན་ནས།  མདོ་དབུས་མཐོ་སྒང་དུ་གཞི་རིམ་བཅོས་སྐྱོང་གི་གསོན་ཉམས་ལྡན་པའི་ལེའུ་རྩོམ་བཞིན་ཡོད།

ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚོམས་ཆེན་དུ་སོང་ཚེ།    ལས་བགོས་བྱས་ཟིན་པའི་ལས་བྱེད་མི་སྣ་རྣམས་ཀྱིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་སུན་སྣང་མེད་པར་དེར་ཡོང་བའི་མང་ཚོགས་ཀྱི་རེ་ཞུར་ཉན་བཞིན“ཁྱེད་འགལ་བ་འདུམ་འགྲིག་བྱེད་དུ་ཡོང་བ་ཡིན་ནམ།   ཡང་ན་བཅའ་ཁྲིམས་རེ་ཞུ་རོགས་སྐྱོར་བྱེད་དུ་ཡོང་བ་ཡིན། འདི་རུ་ཕེབས་དང་།   ཁྱེད་ཀྱི་དོན་དག་དེ་དང་འབྲེལ་བའི་ལས་སྒྲུབ་བྱེད་ས་འདི་རུ་ཡོད་ཅེས”སྣེ་ཁྲིད་གསལ་བོ་དང་ཡོངས་བསྒྲགས་བྱས་པའི་བྱ་བའི་གོ་རིམ།   དུས་རྣམ་ཀུན་ཏུ་ལེན་ཆོག་པའི་དྲིལ་སྒྲོག་རྒྱུ་ཆ་བཅས་ཀྱིས་ཐེངས་དང་པོར་ཡོང་བའི་མང་ཚོགས་ཀྱི་སེམས་ཁྲལ་སེལ་བར་བྱས།

དེ་དང་འདྲ་བའི་སྟབས་བདེའི་ངང་དོན་དག་སྒྲུབ་ཐུབ་པའི་གཞི་རྩ་དེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལེགས་སྒྲིག་ཟབ་མོར་རག་ལས་ཡོད།   དེས་སྡེ་ཁག་གི་དབྱེ་མཚམས་གཏོར་ནས་འགལ་བ་དང་རྩོད་གཞི་འདུམ་སྒྲིག་དང་གཏུག་བཤེར་ཞབས་ཞུ།   ཞིབ་དཔྱོད་ཞབས་ཞུ།   སྤྱི་བའི་བཅའ་ཁྲིམས་ཞབས་ཞུ།    འཕྲིན་བཅར་སྣེ་ལེན་སོགས་ལས་སྒྲུབ་བྱེད་ས་བདུན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཁྲོད་བཞག་སྟེ།    མང་ཚོགས་ཀྱིས་དོན་དག་སྒྲུབ་དཀའ་བའི་གནད་དོན་ཐག་བཅད།   ད་ལོའི་ལོ་སྟོད་དུ།  ཞིན་ཧེ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འཕྲིན་བཅར་ལས་དོན་བརྒྱད་བརྒྱ་རེ་དགུ་དང་མི་ཐེངས་སྟོང་གཅིག་དང་བདུན་བརྒྱ་སོ་བརྒྱད་ལ་སྣེ་ལེན་བྱས་པ་དང་།    འགལ་བ་དང་རྩོད་གཞི་ཉིས་བརྒྱ་ཉེར་བཞི་འདུམ་སྒྲིག་ཐག་གཅོད་བྱས་པར་མ་ཟད།   བཅའ་ཁྲིམས་རོགས་སྐྱོར་ཐེངས་ཉེར་བཞིར་སྤེལ་ཞིང་།   ཡིག་ཆ་བརྒྱ་དང་ཉེར་གཅིག་ཚབ་འབྲི་བྱས།  གཞི་གྲངས་དེ་དག་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལས་དོན་དོན་འཁྱོལ་ནན་མོ་བྱས་པ་མཚོན་ཡོད།

སྔོན་ཆད་ངེད་ཚང་གི་རྩྭ་སའི་ས་མཚམས་སུ་རྩོད་གཞི་བྱུང་ནས།  སྡེ་ཁག་གསུམ་དུ་སོང་ཡང་ཐག་གཅོད་མ་ཐུབ།   ད་ལྟ་ཕྱོགས་བཅོས་བཅོས་སྐྱོང་ལྟེ་གནས་སུ་ཞུ་གཏུག་བྱས་པས།  ལས་བྱེད་མི་སྣས་ཡུལ་དངོས་སུ་ཁྲིད་དེ་རྩྭ་ས་ཚད་འཇལ་བྱས་ནས།   གཟས་འཁོར་གཅིག་གི་རིང་ལ་རྩོད་གཞི་ཐག་གཅོད་བྱས་སོང་ཞེས་པའི་འབྲོག་པ་བཀྲ་ཤིས་ཀྱི་མྱོང་ཚོར་དེ་ཡིས་མང་ཚོགས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་སྒྲུབ་བྱེད་ནུས་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་ཐུབ།   དངུལ་རྩའི་དངུལ་བུན་ལེན་པ་ནས་གཉེན་སྒྲིག་ཁྱིམ་ཚང་གི་འགལ་བ་དང་།  གླ་བདག་བར་གྱི་རྩོད་གཞི་ནས་རྩྭ་སའི་བྱ་དགའི་ཁ་གསབ་རོགས་དངུལ་སོགས་རྙོག་འཛིང་ཆེ་བའི་རེ་ཞུ་གང་ཡིན་ཡང་།   ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནས་དེ་བསྟུན་གྱི་ཐག་གཅོད་བྱེད་ཐབས་རྙེད་ཐུབ།

ཕན་ནུས་ལྡན་པའི་ཞབས་ཞུའི་རྒྱབ་ཏུ།   ལམ་ལུགས་འཛུགས་སྐྲུན་གྱི་འདེགས་སྐྱོར་བརྟན་པོ་གནས་ཡོད།   ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་གྱང་ངོས་སུ་མངོན་པར་གསལ་བའི་སྒྲིག་སྲོལ་ལམ་ལུགས་རིགས་བཅོ་ལྔ་བཀལ་ཡོད་དེ།   ལས་བྱེད་མི་སྣའི་དཔྱད་ཞིབ་ལག་བསྟར་ཞིབ་ཕྲའི་སྲོལ་ཡིག་ནང་དུ་བྱ་དགའ་དང་ཆད་གཅོད་ཀྱི་ནང་དོན་གསལ་བོར་བཀོད་ཡོད་པ་དང་།   ཁག་བགོས་ལས་སྒྲུབ་བྱེད་སའི་དོ་དམ་ལམ་ལུགས་ནང་དུ་ཞབས་ཞུའི་ཚད་གཞི་ཚད་ལྡན་དུ་བཏང་ཡོད།     དེ་ལྟར་མི་དང་ལས་གནས།   འགན་འཁྲི།   ལས་དོན་བཅས་གཏན་འཁེལ་གསལ་བོ་བྱེད་པའི་ནང་རྐྱེན་གྱིས་ལས་གནས་རེ་རེར་འགན་འཁྲི་གསལ་བོ་ཡོད་པར་བྱས།

ཁག་བགོས་ལས་སྒྲུབ་བྱེད་སར་ཞུ་གཏུག་བྱས་རྗེས།   ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རེ་ཞུའི་རིགས་བགར་ནས་མགྱོགས་མྱུར་ངང་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་ལས་སྒྲུབ་འཕེལ་རིམ་གྱི་གོ་རིམ་ཧྲིལ་བོར་རྗེས་འདེད་བྱེད་བཞིན་ཡོད།   དེ་ལྟ་བུའི་ཁག་བགོས་ལས་སྒྲུབ་བྱེད་སས་ཞུ་གཏུག་དང་ལེན་བྱེད་པ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་སྤྲོད་པ།   རིགས་བགར་ནས་ཐག་གཅོད་པ།    གོ་རིམ་ཧྲིལ་བོར་རྗེས་འདེད་བྱེད་པ་སོགས་ཀྱི་བྱ་བའི་རྣམ་པས་འཕྲིན་བཅར་ལ་ཡོང་བའི་མང་ཚོགས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་ཏེ།    དོན་དག་རེ་རེ་ནུས་ཡོད་སྒོས་ཐག་གཅོད་པར་འགན་སྲུང་བྱས།

འབྲོག་ཁུལ་གྱི་འགལ་བའི་དམིགས་བསལ་རང་བཞིན་ལ་དམིགས་ནས།   ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རིམ་པ་གསུམ་མཉམ་སྒུལ་དང་ཕྱོགས་མང་མཉམ་འབྲེལ་འདུམ་སྒྲིག   སྡེ་ཁག་གིས་མཉམ་དུ་ཐག་གཅོད་བཅས་ཀྱི་ནང་རྐྱེན་བཙུགས་ནས།   སྡེ་བའི་འདུམ་སྒྲིག་བྱེད་མི་ཐུབ་པའི་རྩོད་གཞི་ཡུལ་ཚོ་དང་གྲོང་རྡལ་གྱིས་ཐག་གཅོད་པར་རེ་ཞུ་བྱེད་པ་དང་།   ཡུལ་ཚོ་དང་གྲོང་རྡལ་གྱིས་ཐག་གཅོད་དཀའ་བའི་རྩོད་གཞི་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྤྲད་ནས།   མི་དམངས་འདུམ་སྒྲིག་དང་སྲིད་འཛིན་འདུམ་སྒྲིག    ཁྲིམས་འཛིན་འདུམ་སྒྲིག་སོགས་བྱེད་ཐབས་སྣ་མང་མཉམ་བསྲེས་བྱས་ཏེ།   ཏང་ཨུས་འགོ་ཁྲིད་དང་སྲིད་གཞུང་གིས་གཙོ་ཁྲིད།    སྡེ་ཁག་གིས་མཐུན་སྦྱོར།    ཕྱོགས་མང་མཉམ་བཅོས།   སྤྱི་ཚོགས་ཡོངས་མཉམ་ཞུགས་བཅས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱ་བའི་མ་ལག་གྲུབ་པར་བྱས་ནས།   འགལ་བ་དང་རྩོད་གཞི་ཐག་གཅོད་པར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།   རྩྭ་སའི་ས་མཚམས་རྩོད་གླེང་དང་གླ་བདག་བར་གྱི་འགལ་བ།   ཁྱིམ་ཚང་གི་རྩོད་གཞི་འདུམ་སྒྲིག་ཁང་སོགས་ཆེད་ལས་རང་བཞིན་གྱི་འདུམ་སྒྲིག་ཁང་དྲུག་བཙུགས་པ་དེས་དམིགས་སའི་རང་བཞིན་ཡོད་པའི་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བཟང་བོ་བྱས།

གུ་དྲག    རྩྭ་སའི་རྩོད་གཞི་འདིའི་ཟིན་ཐོ་ལ་ཡང་བསྐྱར་ཞིབ་བཤེར་ཐེངས་ཤིག་བྱས་ནས།    ཕྱོགས་གཉིས་ཀྱིས་གོ་བ་ལེན་ཐུབ་པར་བྱེད་དགོས་ཞེས་མི་དམངས་འདུམ་སྒྲིག་པ་རྟ་བྷོ་ཡིས་ན་གཞོན་ཟིན་འགོད་པ་གུ་དྲག་ལ་མཛུབ་སྟོན་བྱེད་བཞིན་ཡོད།    ཞིན་ཧེ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་བདེ་འཇགས་འཛུགས་སྐྲུན་བྱ་བའི་ཁྲོད་བྱེད་ནུས་གལ་ཆེན་འདོན་ཐུབ་པ་དེ།  ཕུལ་དུ་བྱུང་བའི་འདུམ་སྒྲིག་རུ་ཁག་དང་ཁ་འབྲལ་ཐབས་མེད།   ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དམངས་ཁྲོད་འདུམ་སྒྲིག་སྟོབས་ཤུགས་སྐུལ་སློང་བྱས་ནས།    མི་དམངས་འདུམ་སྒྲིག་པ་བཅུ་གཉིས་ཀྱི་རྨང་གཞིའི་སྟེང་དུ། ད་ལོའི་ཟླ3པར།    སྤྱི་ཕན་རང་བཞིན་གྱི་ལས་གནས་དང་བྱ་བའི་ཁ་གསབ།    བྱ་དགའི་རོགས་སྐྱོར་མཉམ་བསྲེས་བཅས་ཀྱི་རྣམ་པ་བརྒྱུད་དེ།    ཡིག་ཆ་འབྲི་བའི་རྨང་གཞི་བཟང་བ་དང་རྒྱ་བོད་སྐད་གཉིས་ཤེས་པ།   རིགས་སོ་སོའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་ཆ་རྒྱུས་ཡོད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་བཞི་བསྡུ་ལེན་བྱས་ཏེ།   ཟིན་འགོད་པའི་ཆེད་འགན་འཁུར་དུ་བཅུག་ནས།   འདུམ་སྒྲིག་རུ་ཁག་ལ་གསོན་ཤུགས་གསར་པ་བསྣན།

ན་གཞོན་དེ་དག་གིས་གྱོད་གཞི་ཟིན་ཐོར་འགོད་པ་དང་རྒྱུ་ཆ་ལེགས་སྒྲིག་སོགས་རྨང་གཞིའི་བྱ་བའི་འགན་ཁུར་བཞིན་ཡོད་པ་ལས་གཞན། འདུམ་སྒྲིག་པ་རྒན་པ་རྣམས་ཀྱི་སྣེ་ཁྲིད་འོག་ཏུ་རྩོད་གཞི་འདུམ་སྒྲིག་གི་བྱ་བའི་ཁྲོད་ཞུགས་བཞིན་ཡོད།   ཞིན་ཧེ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགལ་བ་དང་རྩོད་གཞི་འདུམ་སྒྲིག་བྱ་བའི་འགན་ཁུར་པ་བསོད་ནམས་རྒྱལ་གྱིས་བཤད་རྒྱུར།    རྩོད་གཞི་ཆུང་ཆུང་དག་ཡུལ་དེར་ཐག་གཅོད་བཞིན་ཡོད་ལ།  རྙོག་འཛིང་ཆེ་བའི་རྩོད་གཞི་ཡོད་ན། ཚང་མ་མཉམ་དུ་འདུས་ནས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བཞིན་ཡོད་པར་མ་ཟད།    ན་གཞོན་རྣམས་ཀྱིས་རྒན་པ་རྣམས་ཀྱི་རྗེས་འབྲངས་ནས་ཁྲིམས་ལུགས་དང་གནས་ལུགས་ཇི་ལྟར་དོ་མཉམ་ཡོང་བར་སློབ་སྦྱོང་བྱེད་བཞིན་ཡོད་ཟེར།

མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་སོང་བ་དང་བྱེད་ནུས་མང་པོ་རང་རྒྱུད་ལ་འབྱོར་ནས། ད་ལྟ་གུ་དྲག་གིས་ཀྱང་ཁེར་རྐྱང་དུ་རྩྭ་སའི་རྩོད་གཞི་ཐག་གཅོད་ཐུབ།

རྒན་པས་གསར་པར་ཁྲིད་སྟོན་བྱེད་པའི་རུ་ཁག་འདིས་བཅོས་སྐྱོང་ཕན་ནུས་རྒྱུན་མཐུད་ཐུབ་པར་བྱས་ཡོད།   ཟླ7པའི་ཟླ་འགོར།   མང་ཚོགས་ཏེན་ག་གེ་མོས་དར་ཆ་ཞིག་ཁྱེར་ཡོང་བ་དང་།  དར་ཆའི་སྟེང་དུ།  སྒེར་སེམས་མེད་པའི་རོགས་སྐྱོར་གྱིས་བརྩེ་བ་ཆེན་པོ་མངོན་པར་བྱས།   བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབས་ཞེས་བྲིས་ཡོད།   མ་གཞི་རོགས་སྐྱོར་ཁྲིམས་རྩོད་པ་ལིས་ཧྥིན་ཆེང་གི་རོགས་སྐྱོར་འོག་ཏུ།  ཏེན་ག་གེ་མོས་ཕྱོགས་བསྡུས་བཅོས་སྐྱོང་ཁང་གི་འདུམ་སྒྲིག་བརྒྱུད་དེ།    གཉེར་འཐོར་རྒྱུ་ནོར་གྱོད་གུད་སྒོར་འབུམ་གཉིས་ལྷག་བདེ་བླག་ངང་ཕྱིར་བླངས།  དོན་དག་དེ་ལྟ་བུ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་རྒྱུན་དུ་འབྱུང་བཞིན་ཡོད།

ཞིན་ཧེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།   ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཝེ་ཡིས་བཤད་རྒྱུར།    རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་གཞི་རིམ་བཅོས་སྐྱོང་གི་འགག་རྩ་ཡིན་པའི་ཆ་ནས།    འགལ་བ་དང་རྩོད་གཞི་ཐག་གཅོད་པའི་མདུན་ས་ཡིན་ཞིང་།   མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན་ཟེར།

ཀྲང་ཝེ་ཡིས་ད་ལོ་ནས་བཟུང་།   ཞིན་ཧེ་རྫོང་གིས་ཐོན་ཁུངས་སྟོབས་ཤུགས་གཅིག་སྡུད་དང་བྱེད་ནུས་ལྡན་པའི་ལས་སྒྲུབ་བྱེད་ས་ཚད་ལྡན་འཛུགས་པ།    ལམ་སྲོལ་གོ་རིམ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་དེ།    ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན་དུ་འཁོར་སྐྱོད་བྱས་ནས།   འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་རྙེད་ནས་ཞིབ་གཅོད་བྱས་པ་དང་།   མི་དམངས་མང་ཚོགས་ཀྱི་རེ་ཞུ་དང་ལེན་བྱེད་མཁན་ཡོད་པ་དང་སྒྲུབ་མཁན་ཡོད་པར་བྱས།   རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ།  ང་ཚོས་མུ་མཐུད་དུ་མི་དམངས་གཙོར་འཛིན་པའི་བྱ་བའི་འདུ་ཤེས་ལག་བསྟར་བྱས་ཏེ།    འགལ་བ་དང་རྩོད་གཞི་ཐག་གཅོད་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་བའི་ཐད་ཤུགས་བཏོན་ནས།   ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཞིན་ཧེ་འཛུགས་སྐྲུན་དང་ཁྲིམས་སྐྱོང་ཞིན་ཧེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

རྩྭ་ཐང་གི་རྩྭ་ས་རྩོད་གླེང་ནས་གྲོང་ཁྱེར་དང་གྲོང་གསེབ། གཞིས་ཁུལ་གྱི་ཁྱིམ་ཚང་གི་འགལ་བ་གང་ཡིན་ཡང་ཞིན་ཧེ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཚད་གཞི་ཅན་གྱི་བྱ་བའི་ནང་རྐྱེན་དང་སྣ་མང་ཅན་གྱི་ཞབས་ཞུ།    ཆུ་ཚད་མཐོ་བའི་རུ་ཁག་བཅས་ལ་བརྟེན་ནས།    བདེ་འཇགས་ཀྱི་ས་བོན་མི་དམངས་མང་ཚོགས་ཀྱི་ནང་སེམས་སུ་གཏོར།   ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་གཞི་རིམ་བཅོས་སྐྱོང་གི་གཞི་རྩ་ཡིན་པར་མ་ཟད།  མི་རིགས་མཐུན་སྒྲིལ་གྱི་འབྲེལ་ལམ་ལྟ་བུར་གྱུར་ནས་བདེ་འཇགས་ཞིན་ཧེ་དང་འཆམ་མཐུན་མཚོ་སྔོན་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་སྒུལ་ནུས་གསར་བ་འདོན་སྤྲོད་བྱེད་བཞིན་ཡོད།  ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འདུམ་སྒྲིག་རེ་རེ་ནི་དམངས་སེམས་གཅིག་སྡུད་ཐེངས་རེ་ཡིན་པ་དང་།   ཞབས་ཞུ་རེ་རེ་ནི་བཅོས་སྐྱོང་གི་ཞིབ་བརྩོན་རེ་རེ་ཡིན་ལ།   དེ་དག་གིས་རྩྭ་ཐང་གི་བདེ་འཇགས་སྲུང་བཞིན་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་མཛེས་སྡུག་ལྡན་པའི་ལེའུ་འབྲི་བཞིན་ཡོད།


ལྷ་མོ་ཚེ་རིང་གིས་བསྒྱུར།