


ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནང་ཁོག་ཡུལ་ཚོ་བདེ་ཆེན་སྡེ་བའི་ཐང་ཆེན་དུ་མི་ཚོགས་ལང་ལོང་དུ་འཁོར། 2025ལོའི་སྡེ་བ་ཐུན་མོང་གི་རིག་གནས་དང་ཡུལ་སྐོར་ལས་ཐོན་པའི་ཡོང་སྒོ་བགོ་བའི་མཛད་སྒོ་གནས་དེ་རུ་འཚོགས་ཏེ། སྡེ་མི་རྣམས་མཉམ་དུ་འཛོམས་ནས་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ལས་སྨིན་པའི་འབྲས་བུར་ལོངས་སུ་སྤྱོད་བཞིན་ཡོད།
མི་ཚོགས་ཀྱི་རེ་ལྟོས་ཁྲོད་ནས་སྡེ་སྡོད་ཧྲུའུ་ཅི་ཀྲང་ལི་ཕིང་དགའ་སྤྲོའི་ངང་ཀྲུའུ་ཞི་སྟེགས་བུ་སྟེང་བུད་དེ་རེ་རེ་བཞིན་མིང་འབོད་ཞོར་བགོ་བྱའི་ཁེ་སྤོགས་ཀྱི་སྒོར་གྲངས་བསྒྲགས་ཤིང་། “ད་ལོར། ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལས་གཞི་སྟེ‘སྤྲིན་འདབས་འབྲོག་ཐང’དམངས་སྲོལ་འགྲུལ་ཁང་དུ་ཡུལ་སྐོར་པ་སྡོད་ཚད་ཇེ་མང་དུ་སོང་བས། དབྱར་གནང་གི་སྐབས་སུ་མལ་ཁྲི་གཅིག་ཀྱང་ལྷག་མེད་ལ། དེའི་ཁར་བོད་ཟས་ཟ་བ་དང་དམངས་སྲོལ་རོལ་མྱོང་བྱེད་པའི་ལས་གཞིའི་ཚོང་ཤིན་ཏུ་བྲིན་པས། ཡོང་སྒོ་ཆེས་ཆེར་འཕར་ཡོད”ཅེས་ཟེར།
ཐལ་མོ་རྡེབ་སྒྲ་དང་འགྲོགས་ནས་མིང་བོས་པའི་སྡེ་མི་རེ་རེ་མདུན་དུ་སོང་སྟེ་ཐོ་འགོད་བྱས་ཤིང་ཁེ་སྤོགས་བླངས་པས་གདོང་ལ་སྐྱིད་པའི་འཛུམ་མདངས་རྒྱས་ཡོད།
སྡེ་མི་གདུགས་དཀར་གྱིས་བཤད་རྒྱུར། “སྡེ་བར་ཐབས་ཤེས་འདུག ཕ་མེས་ཡང་མེས་ནས་ཕྱུགས་འཚོས་ནས་འཚོ་བ་རོལ་བ་ཡིན། ད་ལྟ་ཡུལ་སྐོར་པ་བསུས་ན་ལོ་རེར་ཁེ་སྤོགས་བགོ་རྒྱུ་ཡོད་པར་མ་ཟད། ཤ་སྐམ་དང་རྩམ་པ། མར་ཆུར་སོགས་ཀྱང་ཉོ་མཁན་མང་བས། འཚོ་བ་བལྟས་བལྟས་རིག་རིག་ལ་ཇེ་སྐྱིད་དུ་གྱུར་སོང”ཟེར། ཁོའི་སྐད་ཆ་ལས་གྲོང་གསེབ་འཕེལ་རྒྱས་ལས་ཐོན་པའི་སྐྱིད་སྣང་ཚོར་ཐུབ།
སྡེ་མི་རིག་ལྷ་ཡིས་དགའ་ལྷང་ལྷང་གིས་བཤད་རྒྱུར། “ད་ལོ་བྱིས་པས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་སོང་། སྒོར་མོ་འདིས་བྱིས་པར་སློབ་སྦྱོང་གི་ཡོ་ཆས་དང་འཚོ་བའི་ཡོ་ཆས་ཉོ་རྒྱུ་ཡིན”ཞེས་ཟེར།
སྡེ་མི་རྣམས་ཀྱིས་ཐོབ་པའི་ཁེ་སྤོགས་ཇི་ལྟར་བཀོལ་བའི་ཐད་ནས་ཁ་བརྡ་བྱེད་བཞིན་ཡོད་ལ་ཡུལ་དངོས་སུ་དགོད་སྒྲས་ཁེངས་འདུག
ཀྲང་ལི་ཕིང་དགོད་ཞོར་དུ་ལག་གི་ཁེ་སྤོགས་བགོ་བའི་གསལ་ཐོ་གཡུག་ཞོར་དུ་སྐད་གསང་མཐོན་པོས“ཐེངས་འདིར་བགོ་བའི་ཁེ་སྤོགས་བསྡོམས་པས་སྒོར་འབུམ་གཉིས་ཡོད། ཁྱིམ་ཚང194པོ་རེ་རེར་སྒོར1000རེ་བགོ་རྒྱུ་ཡིན། ལྷག་མའི་སྒོར180པོ་ཐུན་མོང་གི་དངུལ་ཁང་བྱང་བུ་རུ་བཞག་ནས་རྨང་གཞི་བྱེད་རྒྱུ”ཞེས་བསྒྲགས།
བགོས་པའི་ཁེ་སྤོགས་ཀྱི་གྲངས་ཀ་མང་རྒྱུ་མེད་རུང་། ཚང་མ་དགའ་རུ་བཅུག་ཡོད་ལ། འཚོ་བར་བཅངས་པའི་རེ་ལྟོས་ཇེ་ཆེར་བཏང་ཡོད་པས། གྲོང་གསེབ་ཀྱི་འཚོ་བར་དྲོད་ཁོལ་སྦྱིན་ཡོད།
དྲོད་ཁོལ་འདིའི་རྒྱབ་ཏུ་བདེ་ཆེན་སྡེ་བས་གྲོང་གསེབ་དར་སྤེལ་གྱི་ལམ་དུ་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས་ཤིང་ལག་ལེན་དུ་བཏབ་པ་མཚོན་ཡོད་ལ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་མཉམ་དུ་གྲོང་གསེབ་འཕེལ་རྒྱས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་བཏང་བའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཏུ་གྱུར་ཡོད།
2020ལོར། གཅན་ཚ་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཧྭ་ནུ་ཚོགས་པ། ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་བཅས་ཀྱིས་ལག་གདང་སྦྲེལ་ནས་ཧ་ལམ་མ་དངུལ་སྒོར་བྱེ་བ་གཉིས་བཏང་བ་དང་། བདེ་ཆེན་སྡེ་བ“བརྒྱ་མཛེས་སྡེ་གྲོང”གྲོང་གསེབ་ཡུལ་སྐོར་དུ་བསྐྲུན་པའི་དཔལ་འབྱོར་རོགས་སྐྱོར་དཔེ་སྟོན་ལས་གཞི་ལ་རོགས་འདེགས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་བསྟུད་མར་ཟུང་ཁྲག་བསྐྲུན་པ་དང་སྡེ་མི་རྣམས་ཀྱི་ཡོང་སྒོ་བརྟན་བརླིང་ངང་འཕར་བར་རྨང་གཞི་བཏིངས།
ཀྲང་ལི་ཕིང་གིས་མཚམས་སྦྱོར་བྱས་དོན། “ང་ཚོས་ལས་གཞི་དེ་གཅན་ཚ་གཅན་རོང་གྲོང་གསེབ་ཡུལ་སྐོར་གསར་སྤེལ་ཆེད་ལས་མཉམ་ལས་ཁང་ལ་སྤྲད་ནས་ཚོང་གཉེར་བྱེད་དུ་བཅུག་པ་ཡིན། ད་ལོའི་ཁེ་སྤོགས་སྒོར་འབུམ་གཉིས་བགོ་བར་ཁག་ཐེག་བྱས་ཡོད”ཅེས་ཟེར།
ཚོང་གཉེར་འགན་འཁུར་པ་འབྲུག་འབུམ་རྒྱལ་དང་འགྲོགས་ནས་ང་ཚོ“བརྒྱ་མཛེས་སྡེ་གྲོང”ལས་གཞིའི་གྲུབ་ཆ་གཙོ་བོ་སྟེ“སྤྲིན་འདབས་འབྲོག་ཐང”དམངས་སྲོལ་འགྲུལ་ཁང་དུ་བལྟ་རུ་སོང་།
འབྲུག་རྒྱལ་འབུམ་གྱིས་བཤད་རྒྱུར། “ང་ཚོས་རང་ཡུལ་གྱི་རིག་གནས་དང་རང་བྱུང་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། རྫོངས་མཐུག་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བརྗིད་ཆགས་མཛེས་སྡུག་གི་རང་བྱུང་བཀོད་པ་དེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྨང་རྡོ་རུ་བརྩིས་ཡོད། ཁྱེད་ཀྱིས་ལྟོས་དང་། དམངས་སྲོལ་འགྲུལ་ཁང་དག་སྲོལ་རྒྱུན་གྱི་གྱང་མཁར་རྨང་གཞི་བྱས་ཏེ་བོད་ཀྱི་འཛུགས་སྐྲུན་མཛེས་དཔྱོད་ཀྱི་ཉིང་བཅུད་བསྣན་ནས་གྲོང་གསེབ་ཀྱི་སྒྱུ་རྩལ་ཅན་གྱི་ཁང་པར་བསྒྱུར་ཡོད། དྲ་མ་ཕྱེ་ན་སྤྲིན་སྣེ་དང་འབྲེལ་ལ། མིག་གིས་བལྟས་ན་ནམ་མཁའི་སྐར་མ་ཁྲ་ལམ་ལམ་དུ་འཆར་བ་མཐོང་ཐུབ། ‘སྤྲིན་འདབས་འབྲོག་ཐང’ཞེས་པའི་མིང་དེ་ཡང་དེར་བརྟེན་ནས་ཐོགས་པ་རེད”ཅེས་ཟེར།
ཁོས་བལྟས་ན་བྲེལ་འཚུབ་ཆེ་བའི་དེང་སྐབས་ཀྱི་གྲོང་ཁྱེར་པ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་པང་དུ་ལོག་པར་རེ་ལྟོས་བྱེད་བཞིན་ཡོད་པས། གནས་འདི་ནི་རང་བྱུང་ཁམས་དང་མི་ཆོས་རིག་གནས་མཉམ་བསྲེས་ཀྱི་ལྷིང་འཇགས་ཀྱི་ཉམས་ལེན་ཁུལ་ཞིག་ཡིན་ལ། ‘སྤྲིན་འདབས་འབྲོག་ཐང’གིས་བསྐྲུན་པའི་འགུགས་ཤུགས་གཙོ་བོའང་རེད།
ལོ་རེའི་དབྱར་གནང་གི་ཡུལ་སྐོར་དུས་སྐབས་སུ། དམངས་སྲོལ་འགྲུལ་ཁང་གིས་དམིགས་གཏད་ཡོད་པའི་སྒོ་ནས་ལྗོངས་གཟིགས་མལ་ཁྲི་ཆེན་མོ་དང་ལྗོངས་གཟིགས་སྟེགས་བུའི་ཕ་བུ་འགྲུལ་ཁང་། ར་བསྐོར་ཅན་གྱི་འགྲུལ་ཁང་སོགས་འགྲུལ་ཁང་རིགས་བདུན་བཏོན་པས། ཡུལ་སྐོར་པ་མི་འདྲ་བའི་ཞག་སྡོད་དགོས་མཁོ་བསྐངས། ཞག་སྡོད་དང་བཟའ་བཏུང་། སྤྲོ་གསེང་། ཚོང་དོན་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་འགྲུལ་ཁང་ཡིན་པའི་ཆ་ནས། བགྲོད་ལམ་རྒྱ་བསྐྱེད་པ་དང་ཆུ་གློག་མཁོ་འདོན་ལེགས་བསྒྱུར་བྱེད་པ། དྲ་བས་ཁྱབ་པའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་སོགས་ཀྱི་བྱེད་ཐབས་བཀོལ་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བའི་ཐད་བསྟུད་མར་ཤུགས་བཏོན། བོད་ལྭ་གླ་བ་དང་མདའ་འཕེན་པ་སོགས་ཀྱི་ཁྱད་ལྡན་བྱ་འགུལ་སྤེལ་ནས་ཡུལ་སྐོར་པ་རྣམས་ལ་སྐྱིད་ཅིང་བདེ་བའི་སྒོ་ནས་ཡུལ་དེའི་ཡུལ་སྲོལ་ལ་རོལ་མྱོང་བྱེད་དུ་འཇུག་བཞིན་ཡོད།
འབྲུག་འབུམ་རྒྱལ་གྱིས་བཤད་རྒྱུར། “ཅང་མ་འགོར་བའི་སྔོན་ལ་ང་ཚོས‘འགྲོས་དལ་མཛེས་དཔྱོད་སློབ་གསོའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་སྤྱི་ཕན་ཞིབ་སློབ་ཀྱི་མཚོ་སྔོན་གྱི་ལེའུ’ཞེས་པའི་བྱ་འགུལ་སྤེལ་ནས། ཧྲང་ཧའེ་དང་སུའུ་ཀྲོའུ་སོགས་ཀྱི་ཡུལ་སྐོར་སློབ་མ22ཀྱི་ཚོགས་པ་ཞིག་སྣེ་ལེན་བྱས། ཡུལ་སྐོར་པ་རྣམས་ཀྱིས་ཡུལ་འདི་ནས་འབྲུ་སྣའི་རི་མོ་དང་མདའ་འཕེན། མདའ་ལས། ཐང་ག་འབྲི་བཞེངས། འཇིམ་སྐུ་བཟོ་བ། བོད་པའི་སྟོན་མོ་སོགས་ཀྱི་ཁྱད་ལྡན་ལས་གཞིར་རོལ་མྱོང་བྱས། བྱ་འགུལ་དེས་དམངས་སྲོལ་འགྲུལ་ཁང་གི་ཡོང་སྒོ་ཇེ་མང་དུ་བཏང་བར་མ་ཟད། སྡེ་མི་རྣམས་ལ་ཁེ་སྤོགས་སྔར་བས་མང་པོ་ཐོབ་ཏུ་བཅུག”ཡོད། ཕྱིན་ཆད་ཕྱོགས་མང་པོ་ནས་ཚོང་གཉེར་གྱི་ཐབས་ལམ་རྒྱ་བསྐྱེད་ནས། མི་སྔར་བས་མང་པོ་ཞིག་ལ་ཡུལ་འདིའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་རོལ་མྱོང་བྱེད་དུ་འཇུག་རྒྱུ་ཡིན་ཟེར།
སྔོན་ཆད་ཕྱུགས་ཁོ་ན་འཚོ་བ་ནས་ད་ལྟའི་རིག་གནས་ཡུལ་སྐོར་དར་བའི་བར་དང་། ཐུན་མོང་རྒྱུ་ནོར་བེད་མེད་དུ་བསྐྱུར་བ་ནས་རྒྱུན་ཆད་མེད་པར་ཡོང་སྒོའི་ཁེ་སྤོགས་ཐོབ་པའི་བར་གྱི་བདེ་ཆེན་སྡེ་བའི་འགྱུར་ལྡོག་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེ་རུ་གཏོང་བ་ནི་ཞིང་པ་རྣམས་ཀྱི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐབས་ལམ་ཆེས་གལ་ཆེ་བ་དེ་ཡིན་པར་འགྲེལ་བཤད་བྱས་ཡོད་ལ། ཉམས་མྱོང་ལེགས་པོ་འདིས་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་ཐད་མིག་མཐོང་ལག་ཟིན་གྱི་དྲོད་ཁོལ་དང་སྟོབས་ཤུགས་བསྩལ་ཡོད།