དམངས་འཚོ་རྩ་བ་བྱས་ཏེ་མཐོ་སྒང་ལ་དྲོད་ཁོལ་སྦྱིན།

ཁུངས། ཀློག་གྲངས།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་ཏེ། མཚོ་ནུབ་ཁུལ་མཐོ་རིམ་སློབ་འབྲིང་མཐོ་གསུམ་འཛིན་གྲྭའི་རྒྱ་ཡིག་དགེ་རྒན་ཕིང་ཞའོ་ཐེན་གྱིས་སློབ་མ་རྣམས་ལ་དཀའ་གནད་འགྲེལ་བཤད་བྱེད་པ།

ཉེ་ཆར། གདང་ལ་གྲོང་རྡལ་འཕྲོད་བསྟེན་ཁང་དུ། སྙིང་རིས་ལྟ་བཤེར་འཕྲུལ་ཆས་ཀྱི་ཉེན་བརྡ་ལྷང་ལྷང་གྲགས། ཟོང་འཁོར་ཁ་ལོ་བ་ཀྲང་ཆང་གི་ཁྲག་དབྱང་གློ་བུར་དུ15%ལ་ཆག་སྟེ་ཤི་གསོན་གྱི་གནས་སུ་ལུས།  མྱུར་དུ་ཀྲེ་ཅང་གི་དབྱང་དབུགས་ཁང་ཁོལ་ཅིག   དུས་ཚོད་གཅིག་གི་རྗེས་སུ། ཀྲང་ཆང་དྲན་པ་སོས་ཤིང་སྐད་དམའ་མོས་རང་གིས་དབུགས་ལེན་ཐུབ་སོང་ཟེར། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་ཏེ་མ་དངུལ་སྒོར་འབུམ་བདུན་བཏང་ནས་ལས་པའི་གནོན་ཆུང་དབྱང་དབུགས་ཁང་གིས་འབྲི་ཆུའི་མགོ་ཁུངས་སུ་ཚེ་སྲོག་ཅིག་བསྐྱབས།

སྤྱི་ལེ་སུམ་བརྒྱའི་ཕྱི་རོལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་དུ། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་འགོ་གཙོ་ཧྲན་ཀུའོ་ཏུང་གིས་ས་གནས་ཀྱི་སྨན་པ་གཉིས་ཁྲིད་ནས་ཀྲེ་ཅང་གི་ཆེད་མཁས་པ་དང་ལྷན་དུ་ནད་པའི་གནས་ཚུལ་ལ་གྲོས་བསྡུར་བྱེད་བཞིན་ཡོད། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་ངོ་གསུམ་གྱི་རིང་། ཧྲན་ཀུའོ་ཏུང་གིས“དགེ་རྒན་གྱིས་སློབ་མ་ཁྲིད་པའི”རོགས་ཁྲིད་རྣམ་པ་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ཤིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པ་དང་ས་གནས་སྨན་ཁང་གི་སྨན་པ་རྐང་འཛིན་པའི་བར་ལ་རོགས་ཁྲིད་གྲོས་མཐུན་བཞག བསྡོམས་པས་ཆེད་ལས་རྐང་འཛིན་པ22ལ་རོགས་ཁྲིད་བྱས་ཏེ། སྨན་ཁང་གི་དབུགས་ལམ་ཁོང་ནད་ཚན་ཁག་དང་དབང་རྩའི་ཕྱི་ནད་ཚན་ཁག་སོགས་ཚན་ཁག་མང་པོར་ལག་རྩལ་ཁྲིད་ཅིང་། སྨན་ཁང་ལ་སྨན་བཅོས་རུ་ཁག་བརྟན་པོ་ཞིག་བསྐྲུན།

 ས་ཁོངས་རྒྱ་ཆེ་བའི་མཚོ་ནུབ་ཏུ་སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གཏམ་རྒྱུད་ནི་བརྗོད་ཀྱིས་མི་ལང་། 2010ལོ་ནས་བཟུང་། རོགས་སྐྱོར་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་ལྔ་བཏང་ནས་ལས་གཞི107བསྐྲུན་ཏེ། སྨི་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པའི་སྨན་བཅོས་ཁང་བཙུགས་ཤིང་། སྔོན་ཐོན་སྒྲིག་ཆས435མཐོ་སྒང་དུ་ཁྱེར་ཡོང་བས་མཚོ་ནུབ་ཁུལ་གྱི་སྨན་བཅོས་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་བཟང་དུ་བཏང་།  2016ལོར་མགོ་བརྩམས་པའི“ཚན་ཁག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི”རྣམ་པ་དེས་ཀྲེ་ཅང་གི་རིམ་གསུམ་སྨན་ཁང་ཀ་པ་དགུ་ཡིས་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཆེད་མཁས་པ39ཡིས་ལག་རྩལ་གསར་པ60ལྷག་ཁྱེར་ཡོང་བས་གཙོ་གནད་ཆེད་ཚན4གསོ་སྐྱོང་བྱས་ཏེ། སྨན་ཁང་དེ་མཚོ་སྔོན་གྱི་ཁུལ་དྲུག་ཏུ་ཐོག་མར་བསྐྲུན་པའི“ལྟེ་གནས་ཆེན་པོ་ལྔ”རུ་གྱུར།

གྲངས་ཀས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བདེན་དཔང་བྱས་ཡོད། 2023ལོར་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་རིམ་པ་དཔྱད་བསྡུར་ལས་རིམ་པBལ་འཕར་ནས་མཚོ་སྔོན་གྱི་ཁུལ་རིམ་པའི་སྨན་ཁང་གི་ཡང་རྩེར་གྱུར། 2024ལོར་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་བསྡུར་ཚད63%ལས་བརྒལ་ཅིང་ཡིད་ཚིམ་ཚད་ཀྱི་དཔྱད་འཇོག་ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཐོབ། སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་ཀྱིས་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་འགོག་བཅོས་ལྟེ་གནས་དང་ཡོན་ཧྲིའི་གཞུང་སྒྲུབ་ཁང་སོགས་བཙུགས་པ་དང་། ས་གནས་ཀྱི་རྐང་འཛིན་པ96གིས་ལག་རྩལ་གསར་པ20ལྷག་ཁོང་དུ་ཆུད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པ་གྲོང་ཁྱེར་དང་རྫོང་གི་གཞི་རིམ་དུ་སོང་སྟེ་སྐོར་སྐྱོད་སྨན་བཅོས་བྱེད་པའི་ལམ་ལུགས་ཐོག་མར་བཙུགས་པ་ནས་སྨན་བཅོས་རྐང་འཛིན་འཇོན་མིས་ནད་ཐོག་སྨན་བཅོས་དམར་ཁྲིད་བྱེད་པའི་བར། ཀྲེ་ཅང་ནས་ཡོང་བའི་སྨན་བཅོས་ཆེད་མཁས་པས་བྱམས་སེམས་དང་ལག་རྩལ་ལ་བརྟེན་ནས་མཐོ་སྒང་དུ་བདེ་ཐང་སྲུང་བའི“ཚེ་སྲོག་གི་ལམ་བུ”ཞིག་བཏོད།

“གཏེར་ལེན་ཁ་ལ་སླེབས་ནས་ལོ་གཅིག་ལྷག་འགོར་མོད། ཉིན་རེར་མལ་ལས་ལངས་དུས་སྔར་བཞིན་སྣ་ཁུང་སྐམ་ནས་ཁྲག་བཞུར་ཡོང”ཞེས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་ཞིག་གིས་དེ་ལྟར་བཤད། ཡིན་ནའང་། ལུས་ཕུང་མི་བདེ་ཡང་ཁོ་ཚོའི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མདུན་སྐྱོད་ཀྱི་གོམ་ཁ་འགོག་ཐབས་མེད། མཐོ་སྒང་མི་དམངས་ཀྱི་སྤྲོ་སེམས་དང་བྱིས་པ་རྣམས་ཀྱི་སྐོམ་པའི་ཆུ་འདོད་ལྟར་ཤེས་བྱར་སྙེག་པའི་འདུན་པས་ཁོ་ཚོར་སེམས་འགུལ་ཐེབས་སུ་བཅུག་ཅིང་སྐུལ་ལྕག་གནང་བཞིན་ཡོད། རྔམ་བརྗིད་ལྡན་པའི་ཁུ་ནུ་རི་བོའི་འདབས་རོལ་དུ། ཀྲེ་ཅང་གི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མེ་སྟག་གིས་མཐོ་སྒང་ཧྲིལ་པོ་གསལ་བར་བྱས།

སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་སུ། 2012ལོར་མགོ་བརྩམས་པའི“10+1”གི་སློབ་གླིང་དང་སློབ་གྲྭའི་རོགས་རམ་ལ་བརྟེན་ནས། མཚོ་སྔོན་ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང་ལ་རྒྱལ་ཁབ་རིམ་པའི་ནུས་རྩལ་བྱ་དགའ13ཐོབ། འཕྲུལ་གློག་དང་རྫས་འགྱུར་བཟོ་ལས་ཀྱི་ཆེད་ལས་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེད་ལས་བཟང་ཤོས་སུ་གྱུར། མིག་སྔའི་བར་དུ། སྐབས་བདུན་གྱི་མི་རིགས་འཛིན་གྲྭའི་སློབ་མ242དང་། སྐབས་དྲུག་གི་མཐོ་འབྲིང་འཛིན་གྲྭའི་སློབ་མ130ཡིས་ཀྲེ་ཅང་དུ་སློབ་གཉེར་གྱི་རིམ་པ་རྫོགས། ལག་རྩལ་འབྲིང་རིམ་འཛིན་གྲྭ་ལྔའི་སློབ་མ225དང་། ལག་རྩལ་མཐོ་རིམ་འཛིན་གྲྭ་གཉིས་ཀྱི་སློབ་མ82ད་ལྟ་སྐྱེད་སྲིང་བྱེད་བཞིན་པའི་སྒང་རེད། 2016ལོ་ནས2024ལོའི་བར་དུ། བསྡོམས་པས་མཚོ་ནུབ་ཀྱི་སློབ་མ449ཁ་ཕྱོགས་ངེས་གཏན་ཡིན་པའི་འཆར་གཞི་བརྒྱུད་དེ་ཀྲེ་ཅང་གི་སློབ་ཆེན་དུ་འགྲིམས། “ཆེད་དམིགས་དགེ་རྒན”ལས་གནས་རྗེས་འདེད་གསོ་སྦྱོང་སོགས་ཀྱི་གསར་སྐྲུན་རྣམ་པར་བརྟེན་ནས། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ“སློབ་གསོའི་རོགས་རམ”ནས“སློབ་གསོ་སྐྱོང་བའི”ཕྱོགས་སུ་འགྱུར་བཞིན་ཡོད།