

མཚོ་སྔོན་གྱི་སློབ་མ་རྣམས་ཀྱིས་ནན་ཅིན་མཁའ་འགྲུལ་སློབ་ཆེན་ལ་ལྟ་སྐོར་བྱེད་ཀྱིན་པའི་རྣམ་པ།

སློབ་མ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་སྒོས་དཀྲོལ་ལེན་རོལ་མོར་ཉན་བཞིན་པའི་རྣམ་པ།
ཟླ་བརྒྱད་པའི་ཅང་སུའུ་རུ། ཚ་བ་ཤིན་ཏུ་ཆེ་ན་ཡང་། ཟླ་བརྒྱད་པའི་མཚོ་སྔོན་དུ། སྟོན་རླུང་བསིལ་མོ་དལ་གྱིས་ལྡང་། དམིགས་བསལ་གྱི་དུས་ཚིགས་འདིར། མཚོ་སྔོན་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན་གཉིས་ཀྱིས་ལག་རྡང་སྦྲེལ་ནས་སྣ་མང་ཕུན་སུམ་ཚོགས་པའི་ཞིབ་སློབ་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། མཚོ་སྔོན་གྱི་སློབ་མ་ཚོ་ཕྱི་ཕྱོགས་སུ་བསྐྱོད་པའི་སྒོ་ཆེན་ཡངས་པོར་ཕྱེས་པ་དང་། ཁོ་ཚོས་ཤེས་བྱའི་རྒྱ་མཚོར་རྐྱལ་རྩལ་ངོམ་ཞིང་། རིག་གནས་ཀྱི་བརྗེ་རེས་ཁྲོད་གཉོམ་ལག་རྒྱས་པར་བྱས།
ཟླ8པའི་ཚེས14ཉིན་ནས་ཚེས18ཉིན་བར། ངས་ཅང་སུའུ་ཡི་རྐང་གྲུག་འགྲན་སྡུར་ལ་ལྟ་ཞེས་པའི་མཚོ་སྔོན་གྱི་སློབ་མ་ཚོ་ཅང་སུའུ་ལ་བསྐྱོད་པའི་དབྱར་ཁའི་གུང་གསེང་གི་ཞིབ་སློབ་བྱ་འགུལ་སྤེལ་མགོ་བརྩམས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་ཐུན་མོང་གྲ་སྒྲིག་དང་རྩ་འཛུགས་འོག མཚོ་ལྷོ་ཁུལ་གྱི་རྫོང་ལྔ་ཡི་ཕུལ་བྱུང་སློབ་མ་གྱ་ལྔ་ཡིས་སྤྱི་ལེ་སྟོང་གཉིས་ལྷག་བརྒལ་ཞིང་། མཚོ་སྔོན་པོའི་འགྲམ་རྒྱུད་ནས་ཅང་སུའུ་ཡི་ས་གཞི་ཆེན་མོར་ཡོང་སྟེ། བརྗེད་དཀའ་བའི་ཞིབ་སློབ་ཐེངས་ཤིག་གི་མགོ་དངོས་སུ་བརྩམས།
ཐེངས་འདིའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་མང་རེད། སློབ་མ་རྣམས་ནན་ཐུང་སྡོམ་ཚོས་རྒྱག་པའི་རྟེན་མཛོད་ཁང་དུ་སོང་ནས། ལོ་ངོ་སྟོང་གི་ཚོས་རྒྱག་བཟོ་རྩལ་ལ་རྒྱུས་ལོན་བྱས། ཆིན་ཧན་གྱི་ཚོས་རྒྱག་ནས་དེང་རབས་གསར་དར་སྡོམ་ཚོས་རྒྱག་པའི་བར། འགྲེལ་བཤད་པས་གསོན་ཉམས་ལྡན་པའི་གཏམ་རྒྱུད་དང་སྦྱར་ནས་ཚོན་མདོག་སྣ་ལྔའི་རྒྱབ་ལོགས་ཀྱི་རིག་གནས་ཀྱི་གསང་བ་ཞིབ་ཏུ་བཤད། བྱིས་པ་ཚོས་དངོས་སུ་སྡོམ་ཚོས་རྒྱག་སྟངས་ཉམས་ལེན་བྱས་པ་དང་། ཚོན་རྩི་དེ་རས་ཀྱི་ཁྲ་རིས་བརྒྱུད་ནས་སིམ་པ་ན། ཁོ་ཚོས་མཐོ་སྒང་གི་ས་གཞི་དང་འབྲི་ཆུའི་ལྷོ་ཕྱོགས་ཀྱི་ལས་ཤག་གི་ཕན་ཚུན་མཉམ་འདྲེས་རྣམ་པ་མཐོང་བ་དང་འདྲ།
ཟླ8པའི་ཚེས17ཉིན་གྱི་དགོང་མོར། རུའུ་ཀའོ་ཨོ་རྩལ་ལྟེ་གནས་སུ། ཁྲི་ཀའི་སློབ་མ་ཉེར་གཅིག་གིས་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས། ནན་ཐུང་རྩལ་པས་རྒྱལ་ཁར་སྙེག་ཅེས་པའི་འཕྲེད་བྱང་གཡུགས་ཞོར། ནན་ཐུང་ཤུ་རེ་བྱོས་དང་། ནན་ཐུང་ངེས་པར་དུ་རྒྱལ་དགོས་ཞེས་པའི་འབོད་སྒྲ་སྒྲོག་བཞིན་ཅང་སུའུ་ཡི་རྐང་གྲུག་འགྲན་སྡུར་ལས་ནན་ཐུང་རུ་ཁག་དང་ལེན་ཡུན་ཀང་རུ་ཁག་གཉིས་ཀྱི་འགྲན་སྡུར་ལ་ངར་ཤུགས་བསྩལ། ཀི་སྒྲ་དང་འབོད་སྒྲ་མཉམ་དུ་འདྲེས་ནས་སྔར་མེད་ཀྱི་སྟོབས་ཤུགས་ཆེན་པོར་གྱུར་ཏེ། ཡུལ་དངོས་ཀྱི་སྣང་ཚུལ་མཐོ་རླབས་སུ་འཕྱུར།
ལུས་རྩལ་གྱི་མཛེས་པ་མྱོང་བ་ལས་གཞན། སློབ་མ་རྣམས་དམར་པོ་ཞིབ་སློབ་ཀྱི་ལམ་དུ་ཆས། ཁོ་ཚོ་དབྱང་ཀྲུའུ་ཡི་ཀྲུང་གོའི་ཏཱ་ཡུན་ཧི་རྟེན་མཛོད་ཁང་དུ་སོང་ནས། ཆུ་དང་གཙང་བོའི་འགོ་ཁུངས་གཅིག་ཡིན་ཞེས་པའི་དོན་གྱི་སྙིང་བོར་དངོས་སུ་རྒྱུས་ལོན་བྱས་པ་དང་། གྲུ་གཟིངས་ཀྱིས་སྔོན་ཆད་རྒྱ་བོད་མི་རིགས་སྦྲེལ་བའི་ཇ་ལོ་དང་དངོས་རྒྱུ་སྐྱེལ་འདྲེན་བྱས་པའི་སྐོར་ལ་རྒྱུས་ལོན་བྱུང་སྟེ། དཔལ་ཡོན་གྱི་བརྗེ་རེས་དེ་ས་ཁམས་གནས་ཡུལ་གྱི་བཀག་རྒྱ་ལས་མཚམས་བཞག་མ་མྱོང་བ་རྟོགས། ཀྲུང་གོར་བཙན་འཛུལ་བྱེད་པའི་འཇར་པན་གྱི་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་རྗེས་དྲན་ཁང་དུ། ཚང་མ་སྐྱ་མདོག་གི་འདྲ་པར་ལས་མཐོང་བའི་དཀའ་སྡུག་གི་ལོ་རྒྱུས་ཀྱིས་ཡིད་འགུལ་ཐེབས་པར་བྱས་ལ། ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་རྗེས་རབས་པས་རང་སྟོབས་སྐྱེད་པའི་གལ་ཆེན་རང་བཞིན་གསལ་བོར་རྟོགས། ཧེ་ཨན་གྲོང་ཁྱེར་གྱི་སུའུ་ལེན་དང་ཀྲུང་གོའི་འཐབ་འཁྲུག་བདུན་ལ་རྒྱལ་ཁ་བདུན་བླངས་པའི་རྗེས་དྲན་ཁང་དུ། ཁོ་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ཀྱི་གཏམ་རྒྱུད་ལ་ཉན་ཞོར། འཐབ་མོ་བ་དག་གི་དཔའ་ངར་འབད་འཐབ་ཀྱི་སྙིང་སྟོབས་ཀྱིས་ཡིད་སེམས་དབང་མེད་དུ་བཀུག
ཟླ8པའི་ཚེས21ཉིན། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་རྩ་འཛུགས་འོག དགེ་སློབ273ཡང་བསྐྱར་སྤྱི་ལེ2300ལྷག་གི་རི་ཆུ་བརྒལ་ནས་ནན་ཅིན་ལ་ཐོན་པ་དང་། དུས་ཡུན་ཉིན་ལྔའི་རིང་གི་དེང་རབས་མཐོ་རིམ་སློབ་གྲྭའི་གསང་འཚོལ་ཞིབ་སློབ་བྱེད་སྒོའི་མགོ་དངོས་སུ་བརྩམས།
ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་ལ་ས་གནས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དགེ་སློབ་རྣམས་ནན་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་དུ་སོང་ནས་ཐག་ཉེ་ས་ནས་མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་དང་རིག་གཞུང་གསོན་ཤུགས་ཉམས་སུ་མྱངས་པར་མ་ཟད། ཀྲུང་ཧྲན་བང་སོར་སོང་ནས། ལོ་རྒྱུས་ལ་ཕྱིར་དྲན་བྱས་ཤིང་། ཀྲུང་གོ་ཚན་རྒྱུགས་དངོས་མང་བཤམས་སྟོན་ཁང་དུ་སོང་ནས་ལོ་ངོ་སྟོང་གི་རིག་གནས་ལ་མྱོང་རོལ་བྱས་ལ། ཀྲུང་གོའི་སྲིན་འབྲུག་གླིང་དུ་སོང་ནས་ཚན་རྩལ་དང་སྤྲོ་སྣང་མཉམ་བསྲེས་ཀྱི་རྣམ་པ་ཞིག་ཉམས་སུ་མྱངས། དེ་མིན་ད་རུང་སུའུ་ཀྲིག་ཏུ་སོང་ནས་གནའ་བོའི་གྲོང་རྡལ་གྱི་ཁྲོམ་གཞུང་དུ་འབྲི་ཆུའི་ལྷོ་རྒྱུད་ཀྱི་འཚོ་བར་མྱོང་རོལ་བྱས་པ་དང་། སུའུ་ཀྲིག་སྐྱེད་ཚལ་དུ་འཆམ་འཆམ་ལ་སོང་ནས་ལྡུམ་ར་བསྐྲུན་པའི་ལག་རྩལ་ལ་ལྟ་བ་སོགས་བྱས་ཏེ། ཅང་སུའུ་ཡི་ཚན་རྩལ་དང་རིག་གནས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།
མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་རུ་ཁག་གི་སྣེ་ཁྲིད་པའི་འགན་ཁུར་པ་དབྱང་ཅན་ཀུའེ་ཡིས་བསྟན་དོན། ཞིབ་འཇུག་སློབ་སྦྱོང་བྱ་འགུལ་བརྒྱུད་དེ་མཚོ་སྔོན་གྱི་སློབ་མ་རྣམས་ཀྱིས་ཅང་སུའུ་ཞིང་ཆེན་གྱི་ཚན་རྩལ་མདུན་ལྗོངས་དང་རིག་གནས་ཉམས་ལེན་བྱས་ཏེ། ཀྲུང་གོར་སྔར་ལས་ཤེས་རྟོགས་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།
ཞིབ་འཇུག་སློབ་སྦྱོང་བྱ་འགུལ་ཐེངས་གཉིས་ཀྱི་བརྗོད་དོན་མི་འདྲ་ནའང་། བྱ་འགུལ་གཉིས་ཀྱི་དམིགས་ཡུལ་ནི་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་སློབ་མ་རྣམས་ལ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་དང་སློབ་སྦྱོང་གི་གོ་སྐབས་འདོན་སྤྲོད་བྱེད་རྒྱུ་དེ་ཡིན། བྱ་འགུལ་འདི་དག་བརྒྱུད་དེ་མཚོ་སྔོན་གྱི་སློབ་མ་རྣམས་ཀྱི་མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་བསྐྱེད་པར་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་ཅང་སུའུ་ཡི་སློབ་མ་རྣམས་དང་ཕན་ཚུན་བརྗེ་རེས་བྱེད་པའི་ཁྲོད་དུ་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་བཞག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་ཚོར་ཐུབ་པ་དེ་རེད།
ཁྲི་ཀ་ནས་ཡོང་བའི་རྨ་སྲིབ་བཅའ་སྡོད་སློབ་གྲྭའི་རྡོ་རྗེ་ལྷུན་གྲུབ་ཀྱིས་ཕྱིར་ལོག་པའི་ལམ་བར་དུ་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་གི་བྱ་འགུལ་གྱི་རིག་གནས་རྒྱུན་འཛིན་ནས་བཟོ་ལས་ལག་ལེན་དང་། དམར་པོའི་སློབ་གསོ་ནས་སྐྱེ་ཁམས་མྱོང་རོལ་བར་གྱི་ས་ཚིགས་རེ་རེ་རུ་ཐོབ་བྱ་མང་པོ་ཡོད། འདི་ནི་ས་ཁམས་ཀྱི་ཡུལ་སྐོར་ཞིག་ཡིན་པར་མ་ཟད། ངའི་སེམས་ལ་བག་ཆགས་ཟབ་མོ་བཞག་སོང་། དེས་ང་ལ་བསླབ་དེབ་དང་བྲལ་ནས་ལོ་རྒྱུས་ཤེས་རྟོགས་དང་རིག་གནས་མྱོང་རོལ། སྙིང་སྟོབས་རྒྱུས་ལོན་བཅས་བྱེད་དུ་བཅུག་པར་མ་ཟད། ང་ལ་སློབ་སྦྱོང་ནི་སློབ་ཁྲིད་ཀྱི་དུས་སྐབས་ཁོ་ན་ཙམ་མ་ཡིན་པར་ག་ས་གང་དུ་སློབ་སྦྱོང་བྱས་ཆོག་པ་ཤེས་སུ་བཅུག་ཟེར།
ཅང་སུའུ་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་། ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། འདི་ལྟ་བུའི་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་རབ་དང་རིམ་པ་ནི་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱིས་ལོ་མང་པོའི་རིང་སློབ་གསོ་མཐུན་སྦྱོར་མཉམ་ལས་བྱས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
ཐོག་མའི་ང་ཡིས་ཅང་སུའུ་ཡི་རྐང་གྲུག་འགྲན་སྡུར་ལ་ལྟ་ཞེས་པའི་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་ནས་རྗེས་ཀྱི་དེང་རབས་མཐོ་རིམ་སློབ་གྲྭའི་བྱ་འགུལ་བར་གྱི་བྱ་འགུལ་རེ་རེར་ས་ཁུལ་གཉིས་ཀྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་སེམས་ཤུགས་དང་རེ་བ་སིམ་པར་བྱས་ཡོད། བྱ་འགུལ་དེ་དག་གིས་མཚོ་སྔོན་གྱི་སློབ་མ་རྣམས་ལ་ཕྱི་རོལ་ལ་འབྲེལ་འདྲིས་བྱས་ནས་ཤེས་བྱ་གསར་པ་སློབ་སྦྱོང་བྱེད་པའི་གོ་སྐབས་བསྩལ་བར་མ་ཟད། ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་རིག་གནས་བརྗེ་རེས་དང་མཉམ་བསྲེས་བྱེད་པར་འབྲེལ་ཟམ་ལྟ་བུའི་བྱེད་ནུས་འདོན་སྤེལ་བྱས་ཡོད།
ད་ལྟ། མཚོ་སྔོན་གྱི་སློབ་མ་རྣམས་ཀྱིས་གྲུབ་འབྲས་མང་པོ་ཁྱེར་ནས་ཕྱིར་ཕ་ཡུལ་དུ་ཐོན་ཡོད། ཁོ་ཚོས་ཅང་སུའུ་ཡི་མཐོང་ཐོས་མྱོང་གསུམ་རང་གི་སློབ་གྲོགས་རྣམས་ལ་བཤད་དེ། མི་སྔར་ལས་མང་པོར་ཅང་སུའུ་ལ་རྒྱུས་ལོན་དང་ཕྱིའི་འཇིག་རྟེན་ལ་རྒྱུས་ལོན་བྱེད་དུ་འཇུག་ངེས་ཡིན། དེ་ལྟ་བུའི་ཉམས་མྱོང་རྩ་ཆེན་དག་ནི་ཁོ་ཚོ་འཚར་ལོངས་ཀྱི་བགྲོད་ལམ་སྟེང་གི་ཚེ་ནོམ་དུ་འགྱུར་ངེས་ཡིན་ལ། ཁོ་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཕ་ཡུལ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་གི་སྟོབས་ཤུགས་འབུལ་རྒྱུར་སྐུལ་མ་གཏོང་ངེས་ཡིན།
ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཏུ། མ་འོངས་པར་མཚོ་སྔོན་གྱི་སློབ་མ་སྔར་ལས་མང་པོ་ཅང་སུའུ་རུ་སོང་ནས། རྣམ་པ་སྣ་མང་གི་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་སྤེལ་བའི་ཡིད་ཆེས་ཡོད་ལ། ས་གནས་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཅང་སུའུ་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཛེས་སྡུག་གི་ལེའུ་མཉམ་དུ་བྲིས་ཏེ། སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
ལྷ་མོ་འཚོ་དང་ལྷ་མོ་ཚེ་རིང་གཉིས་ཀྱིས་བསྒྱུར།