རྒུན་འབྲུམ་མངར་མོར་བརྟེན་ནས་སྐྱིད་པའི་འཚོ་བར་སྙེག
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

དབྱར་གཞུང་གི་མཐོ་སྒང་གྲོང་གསེབ་ཏུ་གཡུ་ལོ་ཐགས་སུ་བཀྲ་ཞིང་ག་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་བྲག་ཁང་སྣ་ཁ་སྡེ་བར་ཆགས་ཡོད་པའི་མཚོ་སྔོན་ཧྲེང་ཧང་ཞིང་ཕྱུགས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཁྱད་ལྡན་སིལ་ཏོག་འདེབས་འཛུགས་རྟེན་གཞིར་སོང་བ་ན། དྲོད་ཁང་བཅུ་ཕྲག་ཅིག་མིག་ལམ་དུ་མངོན་ཡོང་།

དྲོད་ཁང་དུ་རྒུན་འབྲུམ་འཁྲི་ཤིང་གི་ཡལ་ག་དག་མར་བསྣར་ཞིང་དེའི་བར་གསེང་དུ་རྒུན་འབྲུམ་ནག་པོ་མང་པོ་ཐོགས་ཡོད། འཁྲི་ཤིང་དེ་དག་ནི་ཀུང་སིའི་འགན་འཁུར་པ་ཀྲའོ་ཡུང་ཀྲེན་དང་ཡུལ་དེའི་སྡེ་མི་རྣམས་ཀྱི་བརྩོན་པའི་རྔུལ་ཆུ་ལས་ཐོན་པ་ཡིན་ལ། དེས་ཁོ་ཚོ་འབྱོར་ཕྱུག་ལ་ལས་འབྲེལ་འཇོག་པ་དང་འདུན་མ་མངོན་འགྱུར་གྱི་ཕྱོགས་སུ་བསྐྱོད་དུ་བཅུག

“རྒུན་འབྲུམ་འདི་ངོ་མ་ཞིམ་པོ་འདུག རིན་གོང་ག་ཚོད་རེད།”ཡུལ་སྐོར་པ་ཀྲང་རའོ་ཡེ་ཡི་གདོང་ལ་དགའ་སྤྲོའི་ཉམས་ཀྱིས་ཁེངས་ཏེ། རྒུན་འབྲུམ་འགའ་བཏོག་ནས་ཁ་ནང་དུ་བཅུག

དཔེ་སྟོན་ར་བའི་ནང་དུ་ཞོར་ལས་བྱེད་བཞིན་པའི་སྡེ་མི་ཆོས་སྒྲོན་གྱིས་དགའ་སྤྲོས་ཁམས་འདྲི་བྱེད་ཞོར་དུ། སླེ་བོ་དམར་པོ་ཞིག་ཀྲང་རའོ་ཡེའི་ལག་ཏུ་བཞག་ནས“རྒུན་འབྲུམ་སྤྱི་རྒྱ་རེར་སྒོར30ཡིན། ང་ཚོའི་རྒུན་འབྲུམ་ལ་རྫས་ལུད་བཀོལ་མེད་པས་ཁྱེད་ཀྱིས་མང་པོ་ཐོགས་ནས་བྲོ་བ་མྱོངས་དང་། ཞིམ་ཁོ་ཐག་ཡིན། མ་ཞིམ་ན་རིན་པ་མི་དགོས”ཟེར།

འགྲུལ་བར་ཁམས་འདྲི་བྱས་རྗེས་ཁོ་མོ་ཡང་བསྐྱར་རྒུན་འབྲུམ་སྡོང་བོའི་འོག་ཏུ་སོང་ནས་རྒུན་འབྲུམ་ལ་བདག་ཉར་བྱས།

ཆོས་སྒྲོན་གྱིས་དྲོད་ཁང་ནང་གི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྒུན་འབྲུམ་འཁྲི་ཤིང་ལ་ལྟ་ཞོར་དུ“ཉིན་རེར་དྲོད་ཁང་དུ་རླུང་རྒྱུ་རུ་འཇུག་པ་དང་དུས་ངེས་མེད་དུ་ལུད་འཇོག་པ། ལྡུམ་བུ་འབལ་བ། ཡལ་ག་བཅའ་དགོས། ཡལ་ག་བཅའ་དོན་ནི་འཁྲི་ཤིང་རིང་དུ་སྐྱེ་རུ་འཇུག་ཆེད་དང་། ལོ་རྗེས་མར་འཁྲི་ཤིང་སྟེང་དུ་རྒུན་འབྲུམ་མང་པོ་ཐོགས་སུ་འཇུག་ཆེད་རེད། དེ་ལྟར་བྱས་ན་ད་གཟོད་ཐོགས་པའི་རྒུན་འབྲུམ་སྒོར་ཞིང་ཆེ”ཞེས་བཤད།

ཆོས་སྒྲོན་གྱིས་ནག་ཅིང་འོད་ཁྲིགས་ཁྲིགས་ཀྱི་རྒུན་འབྲུམ་བསྟན་ནས། “རྒུན་འབྲུམ་འདིའི་རིགས་ལ‘དབྱར་ནག’ཟེར། འདིའི་མིང་གོ་ནའང་ཁ་ཏོག་ཅུང་ནག་པ་ཤེས་ཐུབ། དབྱར་ནག་གི་དབྱིབས་ཆེ་རྒྱུ་མེད་ལ་ནང་དུ་འབྲུ་གུ་མེད། རེག་ན་ཅུང་སྲ་བའི་སྣང་བ་སྦྱིན་རུང་ཟོས་ན་ཤིན་ཏུ་ཞིམ”ཞེས་མཚམས་སྦྱོར་བྱས།

ཆོས་སྒྲོན་གྱིས“‘དབྱར་ནག’ལས་གཞན་ང་ཚོས་ད་རུང‘ཉི་འོད་རྒྱ་སེ’དང‘ཧྲའོ་ཞིང་དང་པོ’སོགས་ཀྱི་རྒུན་འབྲུམ་འཁྲི་ཤིང་ཡང་བཙུགས་ཡོད། ཁྱེད་ཀྱིས་ལྟོས་དང་། ‘ཉི་འོད་རྒྱ་སེ’རྒུན་འབྲུམ་གྱི་མདོག་ལྗང་ཁུ་ཡིན་ལ་ཟོས་ན་མངར་མོ་ཡིན།‘ཧྲའོ་ཞིང་དང་པོ’ཡི་རྒུན་འབྲུམ་ཟོས་ན་རྒྱ་སེ་མེ་ཏོག་གི་བྲོ་བ་ཡོད། འདི་དག་ལ་རང་རང་གི་ཁྱད་ཆོས་རེ་ཡོད་ལ། ང་ཚོས་བཙུགས་ཡོད་པའི་སྣ་ཁ་གསུམ་པོ་འདི་དག་ཕན་ཚུན་ལ་བསྡུར་ནས། གང་གི་ཐོན་ཚད་མཐོ་བ་དང་གང་ལ་ཚོང་རའི་སྟེང་དགའ་བསུ་ཐོབ་ན་ང་ཚོས་སྣ་ཁ་དེ་འཛུགས་རྒྱུ་ཡིན”ཞེས་བཤད།

རྒུན་འབྲུམ་ཐོན་ལས་སྐོར་གླེང་དུས། ཀྲའོ་ཡུང་ཀྲེན་གྱིས་རང་ཉིད་ཀྱི་ལྟ་བ་གླེང་བ་སྟེ། “འདིའི་ཡར་སྔོན་དུ་ཁམས་ར་ལྗོངས་ཁུལ་དུ་ཟ་ཁང་ཕྱེ་ནས་ཉིན་རྒྱུན་ཡུལ་སྐོར་པར་འབྲེལ་འདྲིས་བྱས་པ་ཡིན། ཚང་མ་ཕྱི་རུ་ཡུལ་སྐོར་དུ་ཡོང་ན་ཡུལ་དེའི་ཟ་མའི་བྲོ་བ་མྱོང་བར་མ་ཟད། སོར་འཛིན་ཆེ་ཞིང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཡུལ་ལ་འཁྱེར་རྒྱུར་དགའ་བ་རེད། དེའི་རྗེས་གཅན་ཚ་རྫོང་ནི་ཉི་འོད་འཕྲོ་བའི་དུས་ཡུན་རིང་ཞིང་ཉིན་མཚན་གྱི་དྲོད་ཚད་ལ་ཁྱད་པར་ཆེ་བས་བཙུགས་པའི་རྒུན་འབྲུམ་ལ་མངར་ཆ་ཆེ་ཞིང་ཁ་ལ་ཞིམ་པ་ཞིག་ཡིན་པས། འདི་ནི་རང་གྲུབ་ཀྱི་དགེ་མཚན་ཞིག་རེད”ཟེར།

བཤད་མ་ཐག་ཏུ་སྒྲུབ་པ་སྟེ། ཀྲའོ་ཡུང་ཀྲེན་གྱིས་མགྱོགས་མྱུར་ངང་ཀུང་སི་ཐོ་འགོད་བྱས་ཤིང་ཡུལ་དེའི་སྡེ་མི་རྣམས་ཀྱི་ས་ཞིང་གླས་པར་མ་ཟད། ད་རུང་ལག་རྩལ་པ་གདན་དྲངས་ནས་དོ་དམ་བྱེད་དུ་བཅུག རྫོང་གིས་གནས་ཚུལ་དེ་ཤེས་རྗེས། ཐེན་ཅིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་མངགས་ནས་ལག་རྩལ་མཛུབ་སྟོན་བྱེད་དུ་བཅུག ཀྲའོ་ཡུང་ཀྲེན་གྱིས་དེ་ལྟར་རྟེན་གཞི་རུ་རྒུན་འབྲུམ་དང་འབྲི་ཏ་ས་འཛིན། ལན་མའེ། འབྲས་བུ་མེ་ཏོག་སོགས་ཡོང་སྒོ་བཟང་བའི་ཁྱད་ལྡན་སིལ་ཏོག་བཙུགས་ནས་རང་གི་དྲན་ཚུལ་ཐབས་བརྒྱ་ཇུས་སྟོང་གིས་རིམ་པ་བཞིན་དུ་ཐོན་ལས་སུ་བསྒྱུར།

ཆོས་སྒྲོན་དགོད་ཞོར་དུ“སྔོན་ཆད་ཀྲའོ་སྦྱིན་བདག་གི་རྗེས་འབྲངས་ནས་བཟའ་བཏུང་གཉེར་བ་ཡིན། ཉིན་རྒྱུན་ཐབ་ཀ་བསྐོར་བ་ལས་གཞན། འདེབས་འཛུགས་ཀྱི་ལས་ཀ་ཞིག་ལས་མ་མྱོང་། ངེད་ཚང་གི་ས་ཞིང་སྤྱི་ཆིང0.2ཀྱི་སྟེང་དུ་མི་རབས་ནས་མི་རབས་སུ་གྲོ་བཏབ་པ་ཡིན། ལོ་གང་བོར་ནངས་སྔ་ལངས་དང་དགུང་འཕྱི་ཉལ་བྱས་ནས་ཞིང་ལས་ལས་རུང་། རང་ཚང་གིས་བཟའ་བ་ལས་བཙོང་རྒྱུ་ཉུང་ཙམ་ལས་མེད། དེ་ལས་སིལ་ཏོག་བཏབ་ན་སྲོལ་རྒྱུན་གྱི་གྲོ་འདེབས་པ་ལས་ཧ་ཅང་བཟང”ཟེར།

ད་ལྟ། ཆོས་སྒྲོན་ནི་དང་ཐོག་འདེབས་འཛུགས་སྐོར་ནས་ཅི་ཡང་མི་ཤེས་པ་ནས་ཆེད་མཁས་པར་གྱུར་ཡོད། རྫོང་ཐོག་གི་ཚན་རྩལ་ཆེད་མངགས་པ་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་རྒྱུན་དུ་རྟེན་གཞིར་ཡོང་སྟེ་རྒུན་འབྲུམ་འཁྲི་ཤིང་གི་སྒྲོམ་གཞིའི་འོག་ནས་སྡེ་མི་རྣམས་ལ་ལག་རྩལ་འཁྲིད་བཞིན་ཡོད།

“འཁྲི་ཤིང་གི་ཡལ་ག་གང་གི་མཚམས་ནས་གཅོད་པ་དང་སྐྱེ་མཚམས་གང་ལ་ཐོན་དུས་ལུད་གང་འཇོག་པ། དགུན་དུས་ཀྱི་དྲོད་ཚད་དང་བརླན་ཚད་ཇི་ལྟར་ཚོད་འཛིན་བྱེད་པ་སོགས་ང་ཚོས་ཤེས་རག་བར་དུ་ཞིབ་མོར་ཁྲིད་ལ། ཁོ་ཚོས་ཁྲིད་པ་བཞིན་ལས་ན་སེམས་བདེ་མོ་ཞིག་རེད”ཅེས་ཆོས་སྒྲོན་གྱི་སྐད་ཆར་མཉན་ན་དྲིན་ཚོར་བ་ཤེས་ཐུབ།

ད་ལྟ། ཆོས་སྒྲོན་གྱིས་ཁོ་མོ་ཚང་གི་ས་ཞིང་རྟེན་གཞིར་གླས་ཡོད། སྔོན་ཆད་གྲོ་བཏབ་པའི་ས་ཞིང་སྟེང་དུ་སྒོར་མོ་བཙལ་ཐུབ་པའི“སིལ་སྡོང”སྐྱེས་པ་མཐོང་ལ། མོ་ཁྱིམ་གྱི་སྒོ་ཁ་རུ་ལས་ཚོགས་སུ་སོང་ནས་ཟླ་རེར་སྒོར3500ཡི་གླ་ཕོགས་ལེན་བཞིན་ཡོད། དེ་མ་ཟད་རྒུན་འབྲུམ་འདེབས་འཛུགས་ཀྱི་ལག་རྩལ་ཀྱང་སྦྱངས་ཐུབ་ཡོད།

ལོ་འདི་འགའི་རིང་ལ། གཅན་ཚ་རྫོང་གིས་འབྲུ་རིགས་ཀྱི་ཐོན་ཚད་བརྟན་པོར་གཏོང་བའི་རྨང་གཞིའི་སྟེང་། མང་ཚོགས་ཀྱི“ཚོད་སླེ”དང“སིལ་སྡེར”ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དམིགས་ནས། སྒྲིག་བཀོད་ཞིང་ལས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་། རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་རྡལ་གསུམ་དང་ཡུལ་ཚོ་གཅིག ཚོ་དྲུག་ཞང་། སྐྱ་རྒྱ་ཞང་བཅས་ཀྱི་ས་ཞིང་སྤྱི་ཆིང་བརྒྱ་དང་དོན་གསུམ་དང་གྲངས་ཆུང་གསུམ་གསུམ་གླ་རུ་བཅུག་ནས། གཞི་ཁྱོན་ཅན་གྱི་སྒྲིག་བཀོད་སྔོ་ཚོད་རྟེན་གཞི་བཅུ་བཞི་དང་ཉི་འོད་དྲོད་ཁང་བརྒྱད་བརྒྱ་ཙམ་ལས་པས། སྔོ་ཚོད་དང་སིལ་ཏོག་སྣ་ཚོགས་ཀྱི་ཐོན་ཚད་ཏུན་ཁྲི་གཅིག་དང་སྟོང་བདུན་བཞི་བརྒྱ་དང་ཐོན་རིན་སྒོར་དུང་ཕྱུར་གཅིག་ཙམ་དུ་སླེབས།

“དྲོད་ཁང་ནང་གི་སྔོ་ཚོད་དང་སིལ་ཏོག་འདེབས་འཛུགས་ལ་རྒྱབ་སྐྱོར་དང་། ལག་རྩལ་མཐོར་འདེགས་གཏོང་བ། ཁྱད་ལྡན་སྣ་ཁ་བསྐྲུན་པ་བཅས་ལ་བསྟུད་མར་ཤུགས་བསྣན་ནས། ཐོན་ལས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་བར་སྐུལ་འདེད་བཏང་བས། ཁྱད་ལྡན་ཐོན་ལས་དེ་དག་མང་ཚོགས་ཀྱི་ཡོང་སྒོར་བསྒྱུར་རྒྱུ་དང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་ཡིན”ཞེས་གཅན་ཚ་རྫོང་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གྱི་སྐད་ཆར་ཉན་ན་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་ཤེས་ཐུབ།

དྲོད་ཁང་མཐའ་འཁོར་དུ་རྒུན་འབྲུམ་གྱི་དྲི་མ་ཞིམ་པོ་འཐུལ་ཡོད། དེ་ནི་ཡུལ་མི་རྣམས་ཀྱི་སེམས་ཀྱི་དགའ་སྤྲོ་དང་རེ་བ་ཡིན་ལ། རྔུལ་ཆུ་ལས་ཐོན་པའི་ཡོང་སྒོའང་ཡིན་པར་མ་ཟད། དེ་བས་ཀྱང་གྲོང་གསེབ་དར་སྤེལ་གྱི་ལམ་ཁའི་སྐྱིད་པའི་འཚོ་བའང་རེད།

ལྷ་མོ་འཚོས་རྩོམ་སྒྲིག་བྱས།