རྨ་ཆུའི་ཁུགས་འགོར་ཁོ་ཧྥེ་ཡི་དྲི་ཞིམ་ལྡང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

གངས་ལྷས་བཅད་སྟེགས་སུ་ཁོ་ཧྥེ་ལས་སྣོན་བྱེད་བཞིན་པ།  

འཚོ་འཕང་ལ་རྨིད་སིམ་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་པའི་རྨ་ཆུའི་ཁུགས་འགོ་དང་པོའི་བུ་མོའི་ཁུགས་ནས་ཞིམ་མངར་གྱི་ཁོ་ཧྥེ་ཕོར་བ་གང་འཐུང་ཚེ།   ཚོར་བ་ཅི་འདྲ་ཞིག་ཡོད་དམ། 

སྟོན་ཟླ་དགུ་པའི་བུ་མོའི་ཁུགས་སུ།       རི་ཚོགས་ཀྱིས་མཐའ་ནས་རྒྱན་ཞིང་རྩྭ་ཐང་མུ་ནས་མུར་འབྲེལ་ཡོད་ལ།   སྡོང་ཕྲན་དང་མདོག་སྔོན་སྣ་ཚོགས་ཀྱི་རི་སྐྱེས་མེ་ཏོག་མང་པོ་ཕྲ་རྒྱན་ལྟར་མཛེས་པར་བཞད་ཡོད་པས།   ཡིད་འོང་ལྟ་ན་སྡུག་པའི་དབེན་གནས་ཤིག་གྲུབ་ཡོད།   ཉེ་ལམ། ང་ཚོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོས་གསར་དུ་བསྐྲུན་པའི་ཤིང་ལམ་བརྒྱུད་དེ་རི་ལྡེབས་སུ་འགྲོ་སྐབས།   རང་བྱུང་གི་མཛེས་པ་མིག་ལམ་དུ་མངོན་ཡོང་།   བུ་མོའི་ཁུགས་ཀྱི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ལས་གཞན།   ད་རུང་མི་རྣམས་ཧ་ལས་དགོས་པ་ཞིག་ལ།  རི་རྩེ་རུ་ཡངས་ཤིང་རྒྱ་ཆེ་བའི་ཁོ་ཧྥེ་འཐུང་ས་ཞིག་འཛུགས་སྐྲུན་བྱས་ཡོད།

ཁོ་ཧྥེ་འཐུང་སའི་གཞོགས་གཉིས་ནི་དཀར་ལ་གསལ་བའི་སྒེའུ་ཁུང་ཡིན་ཏེ།   གཞོགས་གཅིག་ནས་ཀྱག་ཀྱོག་གི་རྨ་ཆུར་རྒྱང་ལྟ་བྱེད་ཆོག་པ་དང་།  གཞོགས་གཅིག་ནས་རི་ཚོགས་ཀྱི་མུ་ཁྱུད་ལ་རོལ་མྱོང་བྱེད་ཆོག   སྒེའུ་ཁུང་གི་ཉེ་འགྲམ་དུ་ཅོག་ཙེ་བདུན་བརྒྱད་ཙམ་བསྒྲིགས་ཡོད་ལ།  དཀྱིལ་དུ་ད་རུང་གཏན་འཁེལ་གྱི་འདུག་གནས་བཀོད་སྒྲིག་བྱས་ཡོད།   ཅོག་ཙེའི་སྟེང་དུ།   གཅིག་སྒྲིལ་རྫོང་གི་རིག་གནས་གསར་སྐྲུན་ཐོན་རྫས་དང་རྨ་འབྲིའི་འབྱུང་ཡུལ་བརྗོད་དོན་ཡིན་པའི་དཔེ་དེབ་བཤམས་ཡོད།

ཁོ་ཧྥེ་ཁང་གི་ཕྱི་རོལ་དུ།    འཕུར་ཤག་ལྟ་བུའི་མགྲོན་ཁང་བཞི་དང་སྐར་ཁྱིམ་མགྲོན་ཁང་གསུམ་འཛུགས་སྐྲུན་བྱས་ནས་རྩ་བའི་ཞག་སྡོད་ཞབས་ཞུ་མཁོ་འདོན་བྱེད་བཞིན་འདུག    རྨ་ཆུའི་ཁུགས་འགོ་རུ།  འདི་ལྟ་བུའི་མཛེས་ལྗོངས་དང་བཟའ་བཏུང་།   ཞག་སྡོད་བཅས་སྒྲིག་ཆས་འཐུས་ཚང་བའི་ཞབས་ཞུ་ཁུལ་ཞིག་བསྐྲུན་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།

2023ལོར།   གཅིག་སྒྲིལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྨ་ཆུའི་བུ་མོའི་ཁུགས་ཀྱི་ས་གནས་དགེ་མཚན་སྤྱད་དེ་སྨིན་ཐང་ཡུལ་ཚོར་ཏང་འཛུགས་དང་ཡུལ་སྐོར་མཉམ་བསྲེས་ཀྱི་དཔེ་སྟོན་ཁུལ་བསྐྲུན་པ་དང་།  ཧྲང་ཧེའི་རོགས་སྐྱོར་མ་དངུལ་གྱི་རོགས་ཤུགས་ལ་བརྟེན་ཏེ།  འདི་ལྟ་བུའི་མཛེས་ལྗོངས་དང་བཟའ་བཏུང་།   མགྲོན་ཁང་བཅས་གཞི་གཅིག་ཅན་གྱི་ཡུལ་སྐོར་ཞབས་ཞུ་ཁུལ་ཞིག་འཛུགས་སྐྲུན་བྱས་པ་རེད།

ལོ་ན་སོ་དྲུག་ལ་བུད་པའི་སྨིན་ཐང་ཡུལ་ཚོའི་བོད་རིགས་བུ་མོ་གངས་ལྷ་ཡིས་ལུས་ལ་མི་རིགས་ཀྱི་རྒྱན་གོས་སྤྲས་ཤིང་།  བརྩེ་བའི་དགོད་འཛུམ་དང་བཅས་ཏེ་ང་ཚོར་ཁོ་ཧྥེ་ཁང་འདིའི་ཁྱད་ལྡན་བཟའ་བཏུང་ནི་གྲོ་མའི་ཁོ་ཧྥེ་དང་ཞོ་གྲོ།   གྲོ་མའི་ཕའེ་སཱ་བཅས་ཡིན་ཞིང་།  དེ་གསུམ་ལ་བཀྲ་ཤིས་པའི་ནོར་བུ་གསུམ་ཞེས་འབོད་ཆོག    གསར་གཏོད་ཀྱི་བཟའ་བཏུང་ལས་གཞན།  ད་རུང་བོད་ཀྱི་ཤ་མོག་དང་།  ནོར་ཤ་དང་ལུག་ཤ།   ཞོ་སོགས་སྲོལ་རྒྱུན་བོད་ཟས་ཡོད་པར་མ་ཟད།   དེ་དག་གི་རྒྱུ་ཆ་ཡོད་ཚད་རང་ས་གནས་ནས་ཡོང་བ་ཡིན་ཞེས་མཚམས་སྦྱོར་བྱས་སོང་།

ཁོ་ཧྥེ་ཁང་གིས་ལས་གཉེར་བྱེད་འགོ་བརྩམས་པ་ནས་བཟུང་།   གངས་ལྷ་ཡིས་དེ་རུ་བྱ་བ་བསྒྲུབས་པ་དང་།   མོས་ད་རུང་ཆེད་དུ་ཟླ་གཅིག་གི་དུས་ཚོད་སྤྱད་དེ་ཁོ་ཧྥེ་ལས་སྣོན་བྱེད་པའི་ལག་རྩལ་སློབ་སྦྱོང་བྱས་པ་རེད།   གངས་ལྷ་ཡིས་ངས་སྔོན་ཆད་སི་ཁྲོན་ནས་ཞོར་ལས་བྱེད་མྱོང་།   སི་ཁྲོན་གྱི་སྔོ་ཚལ་མང་པོ་གཡོས་སྦྱོར་བྱེད་ཤེས་པས།    ཁོ་ཧྥེ་ཁང་གི་ཟས་རིགས་མང་ཆེ་བ་ངས་གཡོས་སྦྱོར་བྱེད་ཀྱིན་ཡོད་ཅེས་བཤད་པར་མ་ཟད།  ད་རུང་གདོང་ལ་སྤྲོ་འཛུམ་དང་བཅས་ཏེ་མུ་མཐུད་དུ་ཁོ་ཧྥེ་ཁང་གི་ཚོང་ཧ་ཅང་བཟང་བའི་སྐབས་སུ།   ཉིན་གཅིག་གི་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་ཡོད་ཅེས་བཤད་བྱུང་།

ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་མེད་པར་ཁོ་ཧྥེ་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད་པས།  གངས་ལྷ་ཡིས་བུ་མོའི་ཁུགས་ཀྱི་དུས་བཞིའི་མཛེས་སྡུག་ལ་རོལ་མྱོང་བྱེད་ཐུབ།    གནས་དེའི་མཚོ་འཕང་ཅུང་མཐོ་བའི་དབང་གིས་ཡུལ་སྐོར་པ་མང་ཆེ་བ་ཟླ་བདུན་པ་དང་བརྒྱད་པའི་ནང་ཡུལ་སྐོར་དུ་ཡོང་གིན་ཡོད་ལ།   དེ་མིན་ད་རུང་ཆེད་དུ་རྨ་ཆུར་བལྟ་བ་དང་ཁོ་ཧྥེ་འཐུང་དུ་ཡོང་མཁན་དང་།    གནས་དེར་ཞག་སྡོད་བྱས་ཏེ་མཐོ་སྒང་གི་དགོང་མོའི་སྐར་ཚོགས་ལ་བལྟ་མཁན་དང་མཐོ་སྒང་གི་ལྷིང་འཇགས་རོལ་མྱོང་བྱེད་པའི་ཡུལ་གཞན་གྱི་ཡུལ་སྐོར་པའང་ཡོད།

གངས་ལྷ་ལ་མཚོན་ན།    ལས་ཀ་དེས་མོས་རང་ཁྱིམ་གྱི་ཉེ་ས་ནས་གཏན་འཇགས་སྒོས་ལས་ཞུགས་བྱེད་ཐུབ་པར་བྱས་པ་མ་ཟད།    ད་རུང་ཁྱིམ་ཚང་ལ་བདག་སྐྱོང་བྱེད་པའི་དུས་ཚོད་མང་པོ་ཡོད་པར་བྱས།    གངས་ལྷ་ཡིས་སྔོན་ཆད་རྫོང་ཐོག་ལ་ཞོར་ལས་བྱེད་དུ་འགྲོ་བ་མིན་ན།  རི་མགོར་དབྱར་རྩྭ་དགུན་འབུ་དང་གྲོ་མ་འཐུ་རུ་སོང་ནས་བྱིས་པར་བདག་སྐྱོང་བྱེད་ཁོམ་མེད་ལ།  རང་གིས་ཀྱང་དཀའ་སྡུག་ཆེན་པོ་མྱོང་དགོས་ཟེར།   ད་ལྟ་གངས་ལྷས་རླངས་འཁོར་བསྐོར་ཏེ་ཉིན་རེའི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ལས་ཚོགས་ལ་འགྲོ་བ་དང་དགོང་མོའི་ཆུ་ཚོད་བརྒྱད་སྟེང་ཕྱིར་རང་ཁྱིམ་དུ་ལོག་སྐབས་སྤྱི་ལེ་བཅུ་ཙམ་གྱི་ལམ་ཐག་ལས་མེད་ལ།  འཚོ་བར་གོ་རིམ་ཡོད་པར་མ་ཟད།  བདེ་ཚོར་ཡང་ཇེ་མཐོར་སོང་ཡོད།

ད་ལོར་རི་ལམ་ཚིག་སྣུམ་ལམ་དུ་བསྒྱུར་ཡོད་པས།  ཡུལ་སྐོར་པ་ཚོར་སྟབས་བདེ་གང་ལེགས་བསྐྲུན་ཡོད།   ཟླ་རེར་སྒོར་ལྔ་སྟོང་གི་ཡོང་འབབ་ཡོད་པའི་གངས་ལྷས་ཡུལ་སྐོར་པ་སྔར་ལས་མང་པོ་བུ་མོའི་ཁུགས་སུ་ཡོང་ནས་མཛེས་ལྗོངས་ལ་བལྟ་བ་དང་ཁོ་ཧྥེ་ཡི་བྲོ་བ་མྱོང་བ།    མ་ཡུམ་ཆུ་བོའི་བརྩེ་བར་རོལ་མྱོང་བྱེད་པར་བསུ་བ་བྱེད་བཞིན་ཡོད།

ཚོང་ཁང་ཆུང་ཆུང་གཉེར་བ་དང་དབྱར་རྩྭ་དགུན་འབུའི་ཚོང་གཉེར་བ།   ཕྱི་རུ་ཞོར་ལས་ལ་འགྲོ་བ།  དེ་ནས་དར་མའི་སློབ་གསོའི་ཁྲོད་ཞུགས་ཏེ་དངོས་གཞིའི་བསླབ་གནས་བླངས་པའི་གངས་ལྷ་ནི་སྔོན་ཆད་ཡིག་ཚགས་ལས་ཏེ་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་མོད།  ད་ལྟ།  ཁོ་མོས་ཕ་ཡུལ་གྱི་རི་རྩེ་རུ་མ་ཡུམ་ཆུ་བོ་དང་ཁོ་ཧྥེ་ཡི་ཞིམ་མངར་གྱི་བྲོ་བ་སྲུང་བཞིན་རང་ཉིད་ཡིད་ཚིམ་ཞིང་གཏན་འཇགས་ཡིན་པའི་ལས་ཀ་ཞིག་གཉེར་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ལ།  མོས་ད་རུང་འདི་ལྟ་བུའི་ལྷིང་འཇགས་ཀྱི་འཚོ་བ་ཡུན་ནས་ཡུན་དུ་རོལ་ཐུབ་པའི་སྨོན་འདུན་ཞུ་བཞིན་འདུག 

ལྷ་མོ་ཚེ་རིང་གིས་བསྒྱུར།