འབྲི་སྟོད་ཀྱི་ཕྱུགས་ར་རྙིང་པའི་གཉེར་སྟངས་གསར་པ།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12


སྟོན་མགོ་མའི་སྐྱ་ལོ་རྩྭ་ཐང་དུ་རྩྭ་སྔོན་གྱི་སྐྱེས་ཚུལ་བཟང་ལ་ནོར་ལུག་ལ་ཤ་ཤེད་རྒྱས་ཡོད།

ཉེ་ལམ་འཚོགས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི“གཙང་འབྱུང་ཡུས་ཧྲུའུ། སྐྱེ་ཁམས་འབྲི་སྟོད”ཅེས་པའི་འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་འགུལ་སྐབས་གཉིས་པའི་ཡུལ་དངོས་སུ། འབྲི་སྟོད་རྫོང་རྒྱལ་གཉེར་ཕྱུགས་རའམ་ཤ་ར་ཡི་བཤམས་སྟོན་རས་གུར་ནང་དུ་མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་རྫས་དང་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་མང་པོ་བཤམས་ཡོད་ལ། ཚུལ་དེས་ཡུལ་སྐོར་པ་མི་ཉུང་བ་ཞིག་གི་མིག་དབང་དྲངས་ཡོད།

ཚེ་འཚོ་སྦྲ་གུར་གྱི་ཀ་རའི་འགྲམ་དུ་བཙོག་ནས་ནོར་ཁུལ་གྱི་སྐུད་པ་སྤྱད་དེ་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་ཞིག་ཁུག་མའི་སྟེང་དུ་བསླས། “ང་ལོ50ལྷག་ཡིན། ཕྱུགས་ར་རུ་ལས་ཚོགས་ལ་སོང་སྟེ་ལོ་ངོ3ཙམ་འགོར། ད་ལྟ་ཟླ་ངོ་གཅིག་ལ་སྒོར3000ལེན་ཐུབ། དགུན་ཁར་ད་རུང་ནོར་གཅིག་ཐོབ་རྒྱུ་ཡོད”ཅེས་ཚེ་འཚོས་ལས་ཀ་ལས་ཞོར་དུ་འཛུམ་གྱིས་གསར་འགོད་པར་དེ་ལྟར་བཤད། སྔོན་ཆད་མོས་ཟོ་སྐྱ་ཡུལ་ཚོ་ནས་ཕྱུགས་འཚོས་པ་རེད། ཁྱིམ་ཚང་ནང་དུ་བཀོལ་རྒྱུའི་ལག་ཤེས་སྒྱུ་རྩལ་ཁ་ཤས་བསླས་མྱོང་ནའང་། དེས་སྒོར་མོ་བཙལ་ཐུབ་པ་སེམས་ལའང་དྲན་མ་མྱོང་།

ཚེ་འཚོའི་འགྱུར་ལྡོག་ནི་རྫ་སྟོད་རྫོང་གི་ཕྱུགས་ར་བསྒྱུར་བཅོས་བྱས་རྗེས་འབྲོག་མི་རྣམས་ལ་ནུས་པ་བསྩལ་བའི་བསྡུས་གཟུགས་ཤིག་རེད།

2020ལོའི་ཟླ11པར། རིན་ཆེན་ཚེ་རིང་རྫ་སྟོད་རྫོང་ཞིང་ཕྱུགས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཆེན་ནས་འབྲི་སྟོད་རྫོང་ཕྱུགས་རའི་ཏང་ཨུའི་ཧྲུའུ་ཅིའམ་འགོ་གཙོའི་འགན་འཁུར་དུ་ཡོང་བ་དང་། སྐབས་དེར་ཕྱུགས་རའི་ནང་གི་ཕྱུགས་ཟོག་ཚང་མ་བཙོང་ཚར་ཡོད་པས། ཕྱུགས་ར་ཡང་བསྐྱར་དར་རྒྱས་སུ་གཏོང་རྒྱུ་ནི་མགོ་གཙོའི་མདུན་དུ་ལྷགས་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།

“ཕྱུགས་ར་རྙིང་པ་རྡིབ་ཏུ་འཇུག་མི་རུང་བའི་ཁར་ཕྱུགས་ར་ན་ལས་ཀ་ལས་བཞིན་པའི་མི་རྣམས་ལ་རེ་བ་སྩོལ་དགོས”ཞེས་པ་འདི་ནི་རིན་ཆེན་ཚེ་རིང་གིས་འགན་འཁུར་སྐབས་རང་ཉིད་དང་ལས་བཟོ་པ། འབྲོག་པ་རྣམས་ལ་བཞག་པའི་ཁས་ལེན་དམ་བཅའ་རེད།

ཕྱུགས་རའི་གནས་ཚུལ་དཔྱིས་ཕྱིན་པ་ཞིག་ཤེས་ཆེད། རིན་ཆེན་ཚེ་རིང་གིས“འབྲོག་ཁྱིམ་དང་མཉམ་དུ་གནས་སྤར་ནས་ཕྱུགས་འཚོ་བ”ནི་ངེས་སྦྱོང་བསླབ་བྱར་བརྩིས་ཏེ། ཁོས་བརྩོན་ལེན་བྱས་པའི་འོག་འབྲི་སྟོད་རྫོང་ཕྱུགས་རས་བཅོས་བསྒྱུར་རབ་དང་རིམ་པ་སྤེལ་བ་སྟེ། རྩྭ་ས་བེད་སྤྱོད་ཀྱི་ཁྱབ་ཁོངས་བསྐྱར་དུ་ཚད་འཇལ་བྱས་ལ། ས་ནག་ཐང་དུ་ས་བོན་བསྒྱུར་ནས་རྩྭ་བཏབ་པས། ཞན་འགྱུར་གྱི་རྩྭ་སའི་ལྗང་མདོག་སླར་ཡང་སོས། བརྡ་རྟགས་སྟེགས་བུ་བཙུགས་ཏེ་རྟེན་གཞི་ཡོངས་སུ་བརྡ་རྟགས་ཡོད་དུ་བཅུག་པ་དང་། ཉི་འོད་ནུས་པའི་གསལ་མཐོང་རྟོག་སྡོམ་བསྒྲིགས་ནས། སྲོལ་རྒྱུན་ཕྱུགས་རའི་སྟེང་བློ་མིག་དོ་དམ་གྱི་མགྱོགས་འཁོར་བཏང་། གསོ་སྤེལ་ཁྱབ་ཁོངས་རྒྱ་བསྐྱེད་པ་དེ་སྣ་རྐྱང་གི་ནོར་ལུག་གསོ་སྤེལ་ནས་ལས་རིགས་ནང་ཁུལ་དུ་ཤུགས་རྐྱེན་ཆེ་བའི་གླ་གསོ་སྤེལ་གྱི་རྟེན་གཞི་བཙུགས། སྐྱེ་ཁམས་དཔེ་སྟོན་གསོ་སྤེལ་རྟེན་གཞི་གསར་པ་བཙུགས་ཏེ་ཕྱུགས་རའི་ཐོན་ལས་ཁྱབ་ཁོངས་ཇེ་རྒྱས་སུ་བཏང་ཞིང་འཕེལ་རྒྱས་གཏིང་ཤུགས་ཇེ་ཆེར་བཏང་།

ཕྱུགས་ར་རྙིང་པ་ནས་བྱུང་བའི་འགྱུར་ལྡོག་གསར་པ་ནི་རིན་ཆེན་ཚེ་རིང་གི་སྒྲུབ་ཕོད་ཅིང་མཆོང་ཕོད་པའི་སྤོབས་པ་དང་འབྲལ་ཐབས་མེད་ལ། ཁོས“སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ”ཡི་འདུ་ཤེས་བརྟན་པོ་ལག་བསྟར་བྱས་པ་དང་ཡང་འབྲལ་ཐབས་མེད། རིན་ཆེན་ཚེ་རིང་གིས་འགན་ཁུར་རྗེས་ཐོག་མར་སྒྲུབ་པའི་དོན་དག་ནི་ལས་བཟོ་པ་རྣམས་ཀྱི་སེམས་ཁྲལ་ཏེ་ལས་བཟོ་པ38ཀྱི་ཚེ་མཇུག་གི་འཚོ་བའི་འགན་སྲུང་ཐག་གིས་བཅད་པ་དེ་རེད། སྐབས་དེར་རྟེན་གཞི་རུ་མ་རྩ་མི་འདང་བས་ཁོ་རང་ཕྱོགས་བཞི་མཚམས་བརྒྱད་དུ་བརྒྱུགས་ནས་ཕྱོགས་མང་པོར་མཐུན་སྦྱོར་བྱས་ཤིང་། བཟོ་པ་རྣམས་ལ་ཟླ་རེར་སྒོར་ཁྲི་ལྔ་དང་སྟོང་གཉིས་ཀྱི་འཚོ་བའི་འགན་སྲུང་གི་གྲོན་དངུལ་བརྩོན་ལེན་བྱས་ནས། ཕྱུགས་རར་ཚེ་གང་པོར་གསོལ་འབུལ་བྱས་པའི་ལས་བཟོ་པ་རྣམས་ལ་ཚེ་མཇུག་གི་འཚོ་བ་སྐྱིད་པོ་རོལ་དུ་བཅུག

རིན་ཆེན་ཚེ་རིང་གིས་འཇོན་མི་ནི་ཁེ་ལས་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན་པ་གསལ་པོར་ཤེས་ཡོད། ཁོས་རང་ཡུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭ་དང་མི་དོན་སྡེ་ཁག་ལ་རང་འགུལ་སྒོས་འབྲེལ་གཏུག་བྱས་ཏེ། ལག་རྩལ་ཅན་གྱི་ན་གཞོན་འཇོན་མི་མང་པོ་ཤུགས་ཡོད་རྒུས་ནང་འདྲེན་བྱས། འཇོན་མི་བསྡུ་བ་དང་དམིགས་གཏད་སྐྱེད་སྲིང་བྱས་པ་བརྒྱུད་ནས། ཕྱུགས་རའི་ལས་བཟོ་པ་མི47ནས68ལ་འཕར་དུ་བཅུག

དུས་མཚུངས་སུ། རིན་ཆེན་ཚེ་རིང་གིས་རོགས་སྐྱོར་མིག་རྒྱང་དཀའ་ཁག་ཆེ་བའི་མང་ཚོགས་ལ་བསྲིངས་པ་སྟེ། རང་ཡུལ་གྱི་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་བཟའ་མི་དང་དབང་པོ་སྐྱོན་ཅན12ཆེད་དུ་བསྡུས་ནས། ཁོ་ཚོར་གཏན་འཇགས་ཀྱི་ལས་རྐང་འདོན་སྤྲོད་བྱས། ཤ་རའི་བཟོ་རྩལ་ཐོན་རྫས་ཀྱི་བཟོ་གྲྭ་དང་མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་རྫས་བཟོ་ཤག་བཙུགས་ཏེ། རྩྭ་ཐང་གི་ཁྱད་ལྡན་ཐོན་ཁུངས་དེ་ཟུར་སྣོན་རིན་ཐང་མཐོན་པོའི་ཕྱུག་བསྒྱུར་ཐོན་རྫས་སུ་བསྒྱུར། ཆེད་ལས་དང་བླངས་ཞབས་ཞུ་དཔུང་ཁག་བཙུགས་ཏེ། གྲོང་གསེབ་མཐའ་འཁོར་དུ་རི་དྭགས་ཀྱི་རིམས་ནད་སྔོན་འགོག་གཏིང་ཟབ་ཏུ་སྤེལ་བ་དང་གསོ་སྤེལ་ལག་རྩལ་གྱི་འདྲི་རྟོག་སོགས་ཞབས་འདེགས་ཐེངས30ལྷག་བསྒྲུབས་ནས། འབྲོག་མི་རྣམས་ཀྱི་ཐོན་སྐྱེད་དཀའ་ཁག་ཐག་གཅོད་བྱེད་རོགས་བྱས། འབྲི་སྟོད་རྫོང་རི་དྭགས་དང་སྐྱེ་དངོས་སྲུང་སྐྱོབ་ས་ཚིགས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་འཛུགས་པར་སྐུལ་འདེད་བཏང་སྟེ། འབྲི་ཆུའི་མགོ་ཁུངས་ཀྱི་རི་དྭགས་སྲུང་སྐྱོབ་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་ལ་འདེགས་སྐྱོར་འདོན་སྤྲོད་བྱས།

རྫ་སྟོད་རྫོང་ཕྱུགས་རའི་གཟི་བརྗིད་གྱང་ལྡེབས་སུ་འབྲེལ་ཡོད་སྡེ་ཁག་དང་མང་ཚོགས་ཀྱིས་རང་འགུལ་ངང་སྦྱིན་པའི་གོས་དར120ལྷག་བཀལ་ཡོད་ལ། དེ་ནི་འབྲོག་པ་མང་ཚོགས་ཀྱིས་རིན་ཆེན་ཚེ་རིང་ལ་བཅངས་པའི་བརྩེ་བ་མཚོན་བྱེད་ཡིན་ལ། ཏང་ཡོན་ཞིག་གིས་དངོས་སྒྲུབ་བྱས་ཤིང་ཁག་ཁུར་དང་ལེན་བྱས་པའི་བདེན་དཔང་ཡང་ཡིན་ཞིང་། སྐྱ་ལོ་རྩྭ་ཐང་དུ་བྲིས་པའི་གྲོང་གསེབ་དར་སྤེལ་གྱི་དྲིས་ལན་དེ་བས་ཀྱང་རེད། 

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།