

དག་གཙང་ནུས་ཁུངས་རྟེན་གཞིར་ལྟ་སྐོར་བྱེད་ཀྱིན་པའི་རྣམ་པ།

པར་ལེན་བཞིན་པའི་རྣམ་པ།

བདེ་སྐྱིད་སྡེ་བའི་སྡེ་བའི་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་ཀྱིན་པ།
ད་ལོ་ནི་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་ལོ་ཡིན་ལ། ལོ་རྒྱུས་ཤེས་རྟོགས་དང་མ་འོངས་གསར་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་ཞིག་རེད། དུས་མཚམས་གལ་ཆེན་འདིར། སྟོན་མགོ་མའི་མཐོ་སྒང་གིས་མཚོ་སྔོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་དང་ཀྲུང་གོའི་དེང་རབས་ཅན་གྱི་ལག་ལེན་ལ་ཚོར་རྟོགས་བྱེད་པའི་བརྗེ་རེས་ཐེངས་ཤིག་ལ་བདེན་དཔང་བྱས།
ཟླ9པའི་ཚེས16ཉིན་ནས་ཚེས19ཉིན་བར། འཇར་པན་ཏཱ་པཱན་གྱི་ཀྲུང་གོར་མཛའ་བརྩེའི་འཚམས་འདྲི་བྱེད་པའི་མཁས་པ་དང་སྨྱན་བྱད་མི་སྣས་གྲུབ་པའི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་འཚམས་འདྲིར་ཡོང་སྟེ། མཚོ་སྔོན་གྱི་ས་གནས་མང་པོར་རྟོག་ཞིབ་དང་བརྗེ་རེས་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་དང་འཕེལ་རྒྱས་སྦས་ཤུགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་བླངས་པའི་མངོན་གསལ་ཕན་འབྲས་ཤེས་རྟོགས་བྱས་པ་དང་། མཚོ་སྔོན་གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་ཉམས་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད། དངོས་ཡོད་དང་། ལངས་གཟུགས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོར་སྔར་ལས་རྒྱུས་ལོན་ཟབ་མོ་བྱས།
རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་སྡེའི་འཕོ་འགྱུར།
ཟླ9པའི་ཚེས17ཉིན། འཇར་པན་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་སྡེ་བར་སོང་།
རེས་འཁོར་དེ་རྨ་ཆུའི་འགྲམ་རྒྱུད་དུ་སྐྱོད་སྐབས། དྭངས་ཤིང་གཙང་བའི་རྨ་ཆུའི་འགྲམ་ངོགས་གཉིས་ཀྱི་རྔམ་བརྗིད་ལྡན་པའི་རི་བོ་དག་འགྱིང་ངེར་གནས་ཤིང་། རི་ཆུ་དང་ནགས་ཀླུང་གི་གསེབ་ཏུ་སྡེ་བ་དང་གྲོང་རྡལ་སྐར་ཚོགས་བཞིན་དུ་བཀྲམ་ཡོད་ལ། མཐོ་དམའ་མི་སྙོམས་པའི་མུ་འབྲེལ་རི་བོ་དང་སྣོལ་མར་བསྐྲུན་པའི་བཟོ་བཀོད་ཀྱིས་གྲོང་གསེབ་དར་སྤེལ་གྱི་རོལ་དབྱངས་མཉམ་དུ་དཀྲོལ་བཞིན་མཆིས།
བདེ་སྐྱིད་སྡེ་བའི་ལོ་རྒྱུས་ཁང་དུ་ཐོན་པ་ན། བདེ་སྐྱིད་ཀྱི་རྣམ་པ་གསར་པ་ཞེས་པའི་རི་མོ་ཞིག་གིས་འཐུས་ཚབ་ཚོགས་པའི་འཐུས་མིའི་མིག་དབང་རབ་ཏུ་འཕྲོག་པར་བྱས། འགྲེལ་བཤད་མཁན་གྱི་གསལ་བཤད་ལས་རི་མོ་དེའི་གསར་བཟོའི་རྒྱུ་ཆ་ནི་གྲོ་དང་ནས། ལོག་གར། མ་རྨོས་ལོ་ཏོག ཏིལ་འབྲུ་སོགས་ལོ་ཏོག་གི་ས་བོན་ཡིན་པ་རྟོགས་སྐབས། འཇར་པན་ཀང་ཧྲན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཏཱ་ཅིའུ་པའོ་ཧྥན་ཙི་ཡིས་འདི་ནི་ངས་ཐོག་དང་པོར་རྣམ་པ་གསར་བའི་རི་མོ་མཐོང་བ་ཡིན་ལ། ཧ་ཅང་ཡ་མཚན་པ་ཞིག་དང་ཧ་ཅང་ཡག་པོ་འདུག དེས་གྲོང་ཚོའི་ད་ལྟའི་རྣམ་པ་མཚོན་པར་མ་ཟད། ས་གནས་སྡོད་དམངས་ཀྱིས་འབྲུ་མཛོད་འབྲུ་ཡིས་བཀང་ཞིང་འཚོ་བ་ཕྱུག་པོར་འགྱུར་བའི་རེ་སྨོན་བཅོལ་ཡོད་པ་དང་འདྲ་ཞེས་བསྟོད་བསྔགས་ཡང་ཡང་བྱས།
རང་བྱུང་ཁོར་ཡུག་སྡུག་པོའི་རི་ཀླུང་ནས་རི་ཆུ་འཛོམས་པའི་རྨ་ཆུའི་འགྲམ་རྒྱུད་དུ་སྤར་བས། བདེ་སྐྱིད་སྡེ་བས་སྐྱེ་ཁམས་ཁོར་ཡུག་གི་དགེ་མཚན་ལ་བརྟེན་ནས་གྲོང་ཚོ་མཛེས་ཤིང་། ཐོན་ལས་དར་བ། སྡེ་དམངས་ཕྱུག་འགྱུར་བཅས་ཀྱི་བདེ་སྐྱིད་ཀྱི་རི་མོ་བྲིས་ཡོད།
བདེ་སྐྱིད་སྡེ་བའི་འགྱུར་ལྡོག་གི་ལོ་རྒྱུས་ལ་རྒྱུས་ལོན་བྱས་རྗེས། འཇར་པན་ཀོན་ཞི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲང་ཀུའུ་པུའུ་ཀང་གིས་འཚོ་བའི་ཁོར་ཡུག་འགྱུར་ལྡོག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགྱུར་ལྡོག་མངོན་གསལ་བྱུང་བས། ང་རང་ངོ་མ་ཧ་ལས་སུ་བཅུག་སོང་། བདེ་སྐྱིད་སྡེ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱིས་ས་ཆ་གཞན་དུ་གནས་སྤོས་པ་ལས་གྲོང་གསེབ་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་མངོན་པར་བྱས། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ནི། ས་གནས་དེའི་འོད་ནུས་གློག་འདོན་ལས་གཞི་ཡིས་རང་ངོས་ཀྱི་གློག་བཀོལ་བའི་དགོས་མཁོ་བསྐངས་པར་མ་ཟད། དཔལ་འབྱོར་གྱི་ཡོང་སྒོ་ངེས་ཅན་ལེན་ཐུབ་པར་བརྟེན། འདི་ནི་ཀྲུང་གོས་གྲོང་གསེབ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྒྱུད་རིམ་ཁྲོད་ཀྱི་དཔེ་ལྟོས་དང་སློབ་སྦྱོང་བྱེད་སའི་དཔེ་མཚོན་མིག་དཔེ་སྨོས་མེད་ཅིག་རེད་ཅེས་བཤད།
མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་མཚོ་སྔོན་གྱི་གཟི་བརྗིད།
མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་མིང་གི་འབྱུང་ཁུངས་ཡིན་ལ། མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་གི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད།
ཟླ9པའི་ཚེས18ཉིན། འཇར་པན་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་འབྱོར་བ་དང་། གཡུ་ཡི་མཚོ་མོའི་ངོས་སུ་ཉི་འོད་འཕྲོས་ནས་འོད་ལམ་ལམ་འཚེར་ཞིང་། རྒྱང་རིང་གི་མུ་འབྲེལ་གངས་རི་དང་ཕན་ཚུན་བརྒྱན་དུ་ཤར་ཏེ་པིར་མཁན་གྱིས་བཞེངས་པའི་མཛེས་རིས་ཤིག་ལྟར་སྣང་།
སྔོ་ལྗང་རི་ཆུ་གཅིག་ཏུ་འབྲེལ། གནམ་སའི་དབྱེ་མཚམས་མག་མོག་སྣང་། དགོང་མཐའི་མཚམས་སྤྲིན་དམར་པོ་ལས། སྟོན་གྱི་རང་མདངས་མངོན་པར་གསལ། ཞེས་པའི་སྣང་བརྙན་དེ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་དངོས་སུ་མཐོང་།
འཇར་པན་ཀོང་ཏའོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་པིན་ཐེན་དབྱི་དབྱང་གིས་མཚོ་སྔོན་པོ་ནི་ཧ་ཅང་མཛེས་སྡུག་ལྡན་པའི་ཡུལ་ཞིག་རེད། གནས་འདིར་མཛེས་སྡུག་གི་རང་བྱུང་ཁོར་ཡུག་ཡོད་པར་མ་ཟད། ད་དུང་ཧ་ཅང་འཐུས་སྒོ་ཚང་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་ཡོད་ཕྱིར། མི་ཚང་མར་ཀྲུང་གོས་སྐྱེ་ཁམས་སྲུང་སྐྱོབ་ཐད་བཅངས་པའི་ཆོད་སེམས་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་བླངས་པའི་ཕན་འབྲས་ཚོར་དུ་བཅུག་ཡོད་ཟེར། མཚོ་སྔོན་པོའི་འགྲམ་རྒྱུད་དུ། ཁོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་རིས་ཤིག་མཐོང་བར་མ་ཟད། འཕེལ་རྒྱས་ཀྱི་རྣམ་པ་འདི་གོ་ལ་ཧྲིལ་བོས་དཔེ་ལྟོས་བྱེད་ཆོག་པར་འདོད།
མཚོ་སྔོན་པོའི་ནུབ་རྒྱུད་དུ། མཚོ་མོ་གཞན་ཞིག་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་མཉམ་སྐུལ་མཉམ་འདྲེས་ཀྱི་ལྗང་མདོག་གི་ལེའུ་འབྲི་བཞིན་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཏུལ་ཐང་དུ། གྲལ་འགྲིག་པོར་ཡོད་པའི་འོད་ནུས་པང་ལེབ་དག་ལས་སྔོ་མདོག་གི་འོད་ལམ་ལམ་དུ་འཕྲོ་བཞིན་འདུག འཇར་པན་འཐུས་ཚབ་ཚོགས་པ་འོད་ནུས་རྟེན་གཞི་དེར་ཐོན་པ་ན། མིག་མདུན་གྱི་སྣང་ཚུལ་དེས་གཡོ་འགུལ་ཐེབས་པར་བྱས། ཁོ་ཚོས་བཏུལ་ཐང་འོད་ནུས་རྟེན་གཞི་ཡིས་མཚོ་སྔོན་དང་ཡང་ན་རྒྱལ་ཡོངས་སུ་དག་གཙང་ནུས་ཁུངས་འབོར་ཆེན་འདོན་སྤྲོད་བྱས་པར་མ་ཟད། བྱེ་རྡུལ་རླུང་འཚུབ་ནུས་ལྡན་གྱིས་བཀག་འགོག་བྱས་ནས། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱས་པ་སྟེ། སྔོན་ཆད་རྩྭ་རྐང་གཅིག་ཀྱང་མི་སྐྱེ་སར་ད་ལྟ་རྩྭ་སྔོན་པོ་སྐྱེས་པ་དང་། ཉེ་འཁོར་མང་ཚོགས་ཀྱིས་གཟན་རྩྭ་འདི་དག་སྤྱད་ནས་ལུག་གསོས་པས། ས་གནས་དེའི་འབྲོག་པ་ཚོས་འོད་ནུས་ལུག་ཅེས་འབོད་ཀྱིན་ཡོད། བཏུལ་ཐང་གི་འོད་ནུས་པང་ལེབ་ལས་གློག་འདོན་པ་དང་། པང་ལེབ་འོག་གི་གཟན་རྩྭ་ལས་ལུག་གསོ་བའི་རྣམ་པར་བརྟེན། ཐང་རྒོད་བཅོས་སྐྱོང་དང་། དག་གཙང་ནུས་ཁུངས་ཐོན་སྐྱེད། དེ་མིན་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བཅས་ཀྱི་ཁེ་ཕན་མང་པོ་མངོན་འགྱུར་བྱས་པ་གསལ་བོར་རྟོགས།
འཇར་པན་ཚད་མེད་གན་རྒྱའི་མཐུན་ཚོགས་ཀྱི་དབུ་བཞུགས་དཔལ་འབྱོར་མཁན་པོ་ཐེན་ཏའེ་ཞུའུ་མིན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་པའི་རྣམ་པ་ལས། ངས་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་བགྲོད་ལམ་སྟེང་གི་བློ་གྲོས་དང་ཆོད་སེམས་རྟོགས་བྱུང་། འཕེལ་རྒྱས་ཀྱི་རྣམ་པ་འདིས་ཁོར་ཡུག་སྲུང་སྐྱོབ་བྱས་པར་མ་ཟད། དམངས་ཚིས་ལེགས་སྒྱུར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དངོས་སུ་མངོན་འགྱུར་བྱུང་ཡོད་སྟབས། གོ་ལ་ཧྲིལ་བོས་མཉམ་དུ་སློབ་སྦྱོང་དང་དཔེ་ལྟོས་བྱེད་ཆོག་པའི་དཔེ་མཚོན་དང་རྣམ་པ་རེད་ཅེས་བསྟན།
མཐོ་སྒང་གི་ཡུལ་སྐོར་ཉམས་ལེན་ཐེངས་ཤིག
ཉིན་གཉིས་ཀྱི་འགྲུལ་བཞུད་ལས་འཇར་པན་གྱི་འཐུས་ཚབ་ཚོགས་པར་ཐོབ་བྱ་མང་པོ་བྱུང་བ་སྟེ། ཁོ་ཚོས་མཚོ་སྔོན་གྱིས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། དེ་མིན་དག་གཙང་ནུས་ཁུངས་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོའི་གསོན་ཉམས་ལྡན་པའི་ལག་ལེན་གྱི་དཔེ་གཞི་མཐོང་ནས། ཁོ་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཆེས་ཐད་ཀར་དང་ཆེས་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་དང་རྒྱུས་ལོན་བྱས།
ཟི་ལིང་དུ་བསྡུས་པའི་འཇར་པན་ཏཱ་པན་གྱི་ཀྲུང་གོར་མཛའ་བརྩེའི་འཚམས་འདྲི་བྱེད་པའི་མཁས་པ་དང་སྨྱན་བྱད་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་ནུས་ཁུངས་ཅུའུ་བཅས་ཀྱིས་སོ་སོར་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་བཅས་ཐད་ཀྱི་གནས་བབ་དང་དེ་དག་གི་ཐད་བླངས་པའི་ཕན་འབྲས་ངོ་སྤྲོད་བྱས། བཞུགས་མོལ་སྐབས་སུ། འཇར་པན་འཐུས་ཚབ་ཚོགས་པས་སྐབས་རེར་ནན་ཏན་གྱིས་ཟིན་བྲིས་འབྲི་བ་དང་། ལན་རེར་ཡང་ཡང་བསྟོད་བསྔགས་བྱེད་པར་མ་ཟད། མཉམ་འགུལ་བརྗེ་རེས་བྱེད་སྐབས་སུ་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་དང་བགྲོ་གླེང་བྱས་ཏེ། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཐད་ལ་ཐུགས་ཁུར་དང་བསམ་གཞིགས་གང་ལེགས་བྱས།
འཇར་པན་འཐུས་ཚབ་ཚོགས་པའི་འགོ་གཙོ་དང་། ཡ་གླིང་ཤར་བྱང་འགུལ་རྣམ་ཞིབ་འཇུག་ཚོགས་འདུའི་འགོ་འཛིན། རང་དབང་རྩོམ་འབྲི་བ་མུའུ་ཚུན་ཀྲི་དབྱི་ཡིས་བཤད་པ་ལྟར། ཐེངས་འདིར་མཚོ་སྔོན་དུ་ཡོང་བ་དེས་འཇར་པན་གྱི་མཁས་པ་དང་སྨྱན་བྱད་མི་སྣར་མཚོ་སྔོན་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཐེངས་ཤིག་འདོན་སྤྲོད་བྱས། མཚོ་སྔོན་གྱིས་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཚང་མ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་ཚད་ལ་མཐོར་འདེགས་བཏང་བར་བརྟེན། འདིས་ང་ཚོར་ཡིད་འགུལ་ཐེབས་པར་བྱས་ཤིང་། ངོ་མ་བསྟོད་བསྔགས་བྱེད་དགོས་པ་ཞིག་རེད། ཉིན་སྔོན་མ་གཉིས་ཀྱི་ཡུལ་དངོས་འཚོལ་ཞིབ་དང་དེ་རིང་གི་བཞུགས་མོལ་ཚོགས་འདུ་བརྒྱུད། ང་ཚོས་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་ཐུབ་པར་མ་ཟད། ང་ཚོར་མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ལ་ངོས་འཛིན་ཟབ་མོ་དང་རེ་སྒུག་ཡོད་པར་བྱས། ང་ཚོས་མཚོ་སྔོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་འཚོལ་ཞིབ་དང་གྲུབ་འབྲས་མཐོང་ཞིང་། གྲོང་གསེབ་ཀྱི་འཕོ་འགྱུར་དང་ཡང་ན་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཀྱི་འཆམ་མཐུན་མཉམ་གནས་རྣམ་པས་ང་ཚོར་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་བཞག་བྱུང་།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་འབད་པས་སྐྱོད་པའི་མཚོ་སྔོན་གྱིས་སྒོ་འབྱེད་ཀྱི་རྣམ་པ་དང་གསར་གཏོད་ཀྱི་ལག་ལེན་ལ་བརྟེན་ནས། འཛམ་གླིང་ལ་ཀྲུང་གོའི་ནུབ་རྒྱུད་འཕེལ་རྒྱས་ཀྱི་རབ་ཏུ་འབར་བའི་སྐྱེ་སྟོབས་ཀྱི་དཔལ་མངོན་ཡོད། མཚོ་སྔོན་གྱིས་རང་སྟེང་གི་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་བརྒྱུད་སྤྲོད་བྱས་པར་མ་ཟད། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་ཐད་འབྲེལ་འདྲིས་ཀྱི་ཟམ་པ་བསྐྲུན་ཡོད། མ་འོངས་པར། འདི་འདྲའི་བརྗེ་རེས་དང་མཉམ་ལས་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དང་ལག་རྡང་སྦྲེལ་ནས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་བ་མཉམ་དུ་འབྲི་བའི་ཡིད་ཆེས་དམ་པོ་ཡོད།
ལྷ་མོ་འཚོས་བསྒྱུར།