མི་རིགས་མཐུན་སྒྲིལ་གྱི་དྲོད་ཁོལ་ལ་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

བཀྲ་ཤིས་ཚེས་རིང་གིས་བྱིས་པའི་ལྩེ་ལ་བལྟས་ནས་ནད་ལ་བརྟག་བཞིན་པ།

སྨན་བཅོས་རུ་ཁག་གིས་བགྲེས་མོར་བརྟག་བཅོས་བྱེད་བཞིན་པ།

ཉེ་ལམ།  གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སོག་བོད་སྨན་ཁང་དུ་བསྐྱོད་པ་ན། བོད་སྨན་གྱི་དྲི་མ་ཞིམ་པོ་ཞིག་འཐུལ་ཞིང་མི་ཚུལ་རིག་གནས་ཀྱི་སྣང་ཚུལ་སྟུག་པོ་ཞིག་མིག་ལམ་དུ་མངོན་ཡོང་།

སྨན་བཅོས་ཚོམས་ཆེན་གྱི་རྐུབ་སྟེགས་རིང་པོའི་སྟེང་དུ།  སྨན་བཅོས་བྱེད་པར་ཡོང་བའི་མི་རིགས་སོ་སོའི་ནད་པ་ཉམ་ཐག་མང་པོས་ཡོངས་སུ་བཀང་འདུག་ལ། ཚང་མས་རང་རྟོགས་ངང་གོ་རིམ་ལྟར་ཨང་གྲངས་ཐོ་འགོད་བྱ་རྒྱུར་བསྒུགས་འདུག་པས། བལྟས་མ་ཐག་ཡུལ་དངོས་དེའི་སྒྲིག་ལམ་ནི་གོ་རིམ་ལྡན་པ་ཞིག་རེད། སྨན་བཅོས་ལ་སྒུག་པའི་བར་གསེང་དུ། ཡིད་སེམས་དྲོ་བའི་སྣང་ཚུལ་མང་པོ་མཐོང་ཐུབ། དེ་ཡང་རྒྱ་རིགས་ཨ་ཅེ་ཞིག་གིས་སོག་རིགས་རྒན་མོ་ཞིག་གོམ་འགྲོས་ཁྱར་ཁྱོར་ངང་ཡོང་བཞིན་པ་མཐོང་རྗེས། མྱུར་དུ་ཡར་ལངས་ནས་རྒན་མོ་དེ་སྐྱོར་བཞིན་རྐུབ་སྟེགས་སྟེང་སྡོད་དུ་བཅུག་ཅིང་། བོད་རིགས་བུད་མེད་ཅིག་གིས་བྱིས་པ་ཞིག་པང་དུ་བཟུང་ནས་ཅི་བྱ་གཏོལ་མེད་དུ་གྱུར་འདུག་པ་མཐོང་སྐབས། ཉེ་འགྲམ་གྱི་རིགས་སོ་སོའི་སྤུན་ཟླ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡར་ལངས་ནས། ཕན་སེམས་དང་དགའ་མགུའི་ངང་ནས་ངལ་ཞིང་དུབ་པའི་ཁོ་མོར་འདུག་སྟེགས་བསྐྱུར། རྣམ་དཀར་དགེ་བའི་བྱ་སྤྱོད་ཕྲན་བུ་རེ་རེའི་བར་ནས། རིགས་སོ་སོའི་མང་ཚོགས་ཕན་ཚུན་བར་གཅིག་གིས་གཅིག་ལ་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་བྱེད་པའི་མཛའ་བརྩེ་ཟབ་མོ་མངོན་ཡོད།

སྨན་བཅོས་ཚོམས་ཆེན་གྱི་དཀྱིལ་དབུས་སུ། སྨན་ཁང་གིས་ཆེད་དུ་རྒྱ་སྐད་དང་བོད་སྐད། སོག་སྐད་བཅས་བཤད་ཤེས་པའི་སྐད་རིགས་གསུམ་གྱི་སྨན་བཅོས་ཁྲིད་སྟོན་ལས་རྐང་བཙུགས་ཡོད། སྨན་བཅོས་ཁྲིད་སྟོན་མི་སྣས་སྐད་རིགས་གསུམ་བྱང་ཆ་ལྡན་པའི་སྒོ་ནས་བཤད་དེ་མི་རིགས་མི་གཅིག་པའི་ནད་པ་དག་ལ་སྨན་བཅོས་བརྒྱུད་རིམ་འགྲེལ་བཤད་གསལ་བོ་བྱེད་པ་དང་ཚན་ཁག་གང་ན་ཡོད་སའི་ཁ་ཕྱོགས་ཁྲིད་སྟོན་བྱེད་ཀྱིན་ཡོད།

སྨན་ཁང་གི་སྐད་གྲགས་ལ་དམིགས་ནས་ཡོང་བའི་སོག་རིགས་ཀྱི་ནད་པ་ཨིར་ཏེང་སང་གིས་བརྟག་དཔྱད་འཛིན་བྱང་རེའུ་མིག་བཟུང་ནས་སྨན་བཅོས་ཁྲིད་སྟོན་སྟེགས་བུའི་ཉེ་འགྲམ་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་མཆིས། ཁོའི་སྐད་གདངས་ལ་ཉན་ན་ཅུང་ཙམ་བྲེལ་འཚུབ་ལངས་ཡོད་དེ།“སྨན་ཞབས་པ་ཁྱོད་བདེ་མོ། ངས་སྨན་པ་འཇིགས་མེད་ཚང་གི་ཆེད་མཁས་ཨང་གྲངས་བླངས་ཡོད། ལུས་ཕུང་ཞིབ་བཤེར་ཡོངས་སུ་བྱས་ཚར་བས། འདིའི་འཕྲོ་ནས་གང་དུ་འགྲོ་དགོས་སམ” ཞེས་དྲིས།

སྨན་བཅོས་ཁྲིད་སྟོན་བྱེད་མཁན་བོད་རིགས་སྨན་ཞབས་པ་ཚེ་བརྟན་སྒྲོལ་མས་སོག་སྐད་ཀྱི་ལམ་ནས“ཁྱེད་ཀྱི་བརྟག་དཔྱད་བྱས་འབྲས་འདི་དག་ ཐོག་མར་སྨན་པ་འཇིགས་མེད་ཚང་གི་མདུན་ལ་ཁྱེར་ནས་ཁོ་ལ་བལྟ་རུ་འཇུག་དགོས། ཁོང་གིས་སྨན་བཅོས་ཇུས་གཞི་གཏན་འཁེལ་ལེགས་པོ་བྱེད་ཐུབ”ཅེས་ལན་བཏབ་པར་མ་ཟད།  “སྨན་པ་འཇིགས་མེད་ཚང་ནི་ང་ཚོའི་སྨན་ཁང་གི་སྨན་པ་ཆེད་མཁས་པ་ཡིན་པས། དུས་རྒྱུན་ཁོ་བཙལ་ནས་སྨན་བཅོས་བྱེད་དུ་ཡོང་མཁན་མང་པོ་འདུག  ཁྱེད་རང་ཉིས་ཐོག་གི་ཆེད་མཁས་པའི་སྨན་བཅོས་ལ་སྒུག་སར་སོང་ནས་སྒུག་ཆོག”ཅེས་ཚེ་བརྟན་སྒྲོལ་མས་ཁ་གསབ་ཀྱི་ཚུལ་དུ་དེ་ལྟར་བཤད།

སྨན་བཅོས་བརྟག་དཔྱད་བྱས་ཏེ་སྨན་བླངས་ཚར་བའི་རྡོ་རྗེ་ཕག་མོ་ཡིས་བཤད་རྒྱུར།“འདི་རུ་སྨན་བཅོས་བྱེད་པར་ཡོང་ན་སྐད་རིགས་མི་གོ་བ་དང་གོ་བརྡ་མི་འཕྲོད་པ། ནད་སྟོན་པའི་བརྒྱུད་རིམ་ལ་ཆ་རྒྱུས་མེད་པའི་དཀའ་ངལ་སོགས་ལ་སེམས་ཁུར་བྱེད་མི་དགོས།  ཚང་མས་ཕན་ཚུན་ལ་རོགས་རམ་བྱེད་ཀྱིན་ཡོད་པས། སྨན་བཅོས་བྱེད་པར་དལ་འགོར་མེད་ཅིང་འགྲོ་རིམ་ཧ་ཅང་སྟབས་བདེ་རེད། ངས་མི་རིགས་སོ་སོའི་མང་ཚོགས་རྣམས་ཁྱིམ་ཚང་གཅིག་གི་མི་དང་ཡོངས་སུ་འདྲ་བའི་དྲོད་སྐྱིད་ཚོར་བྱུང”ཟེར།

དེ་ནས་ཡོན་ཀྲང་གཞོན་པ་བཀྲ་ཤིས་ཚེ་དཔལ་གྱིས“ང་ཚོའི་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་མང་ཆེ་བས་བོད་རྒྱ་སོག་གསུམ་གྱི་སྐད་རིགས་གསུམ་པོ་བྱང་ཆུབ་པར་ཤེས་པ་དང་། བློ་འདྲི་སྟེགས་བུ་ཆེད་དུ་བཙུགས་ཡོད་པར་མ་ཟད། སྐད་བརྡའི་ནུས་པ་ཕུལ་དུ་བྱུང་བའི་སྨན་དོན་མི་སྣ་ཡང་བཀོད་སྒྲིག་བྱས་ཡོད་པས། དེ་ནི་སྨན་ཁང་གིས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན”ཞེས་བཤད།

བཀྲ་ཤིས་ཚེ་དཔལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྨན་ཁང་འདི་ལ་སྨན་པ་གྲགས་ཅན་དང་ཚན་ཁག་གྲགས་ཅན། སྨན་རྫས་གྲགས་ཅན་དང་བཅས་པའི་ལེགས་ཆ་ཆེན་པོ་གསུམ་ཡོངས་སུ་འཛོམས་པ་དང་། སྨན་ལུམས་ཆེད་ལས་ཚན་ཁག་ནི་དེ་བས་ཀྱང་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་ཡིན།   དེ་མིན་ད་རུང་ཕྱི་བཅོས་ཚན་ཁག་དང་བདེ་ཐང་ཁམས་གསོ་ཚན་ཁག  མཆིན་མཁྲིས་དང་མཚེར་བ་ཕོ་བའི་ཚན་ཁག་སོགས་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་ཀྱང་མང་པོ་བཙུགས་ཡོད། ཆེད་ལས་སྨན་བཅོས་ཀྱི་ནུས་པ་ཕུལ་དུ་བྱུང་བའི་ཁར་སྨན་ཁང་ཡོངས་ཀྱི་སྨན་དོན་མི་སྣ་ཀུན་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་ཞབས་ཞུའི་འདུ་ཤེས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། སི་ཁྲོན་དང་ནང་སོག ཀན་སུའུ། ཞིན་ཅང་སོགས་ཞིང་ཆེན་གཞན་གྱི་མང་ཚོགས་རྣམས་ཀྱིས་ཀྱང་དགའ་བསུ་ཐོབ་ཡོད་ཅེས་བཤད།

བཀྲ་ཤིས་ཚེ་དཔལ་གྱི་སེམས་སུ་ད་དུང་ཡང་གསལ་ལེར་དྲན་ཐུབ་པ་ཞིག་ནི། ཡུན་རིང་མ་འགོར་བའི་སྔོན་ལ། མིང་ལ་སཱ་རིན་ཞེས་འབོད་པའི་སོག་རིགས་ཀྱི་ཨ་ནེ་རྒན་མོ་ཞིག་ཁྱིམ་མིའི་འགྲོ་རོགས་འོག་རྐུབ་སྟེགས་འཁོར་ལོའི་སྟེང་བསྡད་ནས་སྨན་བཅོས་བྱེད་དུ་ཡོང་བ་དེ་རེད། སྨན་བཅོས་ཁྲིད་སྟོན་མི་སྣས་སུན་སྣང་མེད་པར་གྲོས་མགོ་བཏོན་པ་བརྒྱུད།  ཁོ་མོ་ཚོས་ཕྱི་ནད་ཚན་ཁག་གི་ཀྲུའུ་རིན་ཚེ་དཔག་སྐྱབས་ལ་སྟོན་པའི་ཆེད་མཁས་ཨང་གྲངས་བདམས་ནས་བླངས་པ་རེད།

ཨ་ནེ་རྒན་མོའི་ཕ་མེས་ཡང་མེས་ཚང་མ་མི་རབས་ནས་མི་རབས་བར་རྩྭ་ཐང་དུ་འཚོ་བ་རོལ་ནས་བསྡད་ཡོད་ལ།  སྟོན་ཁ་སླེབས་ཐེངས་རེར་པུས་མོ་ན་ནས་རྐང་ཐང་དུའང་འགྲོ་དཀའ་བར་གྱུར་ཡོད། ཀྲུའུ་རིན་ཚེ་དཔག་སྐྱབས་ཀྱིས་སོག་སྐད་ཀྱི་ལམ་ནས་ཨ་ནེ་རྒན་མོར་ཁྱིམ་ཚང་གི་སྐོར་གྱི་ཁ་བརྡ་ཡར་མར་སྣ་ཚོགས་བྱས་ནས་ཁོ་མོ་ལྷོད་ལ་འབབ་ཏུ་བཅུག

བརྟག་དཔྱད་བྱེད་པའི་སྐབས་སུ། ཁོས་ཞི་འཇམ་གྱི་སྒོ་ནས་འདི་ལྟར་འགྲེལ་བཤད་བྱས་བྱུང་།  རྩྭ་ཐང་དུ་ཉིན་མཚན་གཉིས་ཀྱི་དྲོད་གྲང་ཧེ་བག་ཆེ་ལ། རླུང་གཡུག་ཐེངས་མང་ཞིང་བརླན་གཤེར་ཡང་ཡོད། ཁྱེད་ཀྱིས་མི་ཚེ་གང་བོར་རྩྭ་ཐང་དུ་ཕྱུགས་འཚོས་པ་དང་། སྦྲ་གུར་ཕུབས་ནས་བསྡད་པ་རེད། རྐང་པའི་རུས་ཚིགས་ལ་ཡུན་རིང་དུ་གྲང་ཞིང་འཁྱགས་པའི་རླུང་དང་བརླན་གཤེར་གྱིས་གནོད་པ་ཐེབས་པས། ད་གཟོད་མི་འདོད་ནད་ཀྱི་སྐྱོན་ཆ་འདི་དག་འཕོག་སོང་བ་རེད།  ང་ཚོས་ནང་སྙོམས་ཕྱི་བཅོས་ཀྱི་ཐབས་ལ་བརྟེན་ནས།  གྲང་རླུང་རིམ་གྱིས་ཕྱིར་འབུད་བྱེད་ཀྱིན་ཡོད།

དེའི་རྗེས་ནས། ཚེ་དཔག་སྐྱབས་ཀྱིས་བོད་སྨན་ཁུ་ཐང་གདུ་རྒྱུ་འགའ་བྱིན་པ་དང་། དེས་རྩ་ལམ་རེངས་འཁུམ་སེལ་ཐུབ་ལ། བད་རླུང་རྔུལ་ནག་ཕྱུང་ཐུབ། ཁོང་གིས་ད་རུང་ཨ་ནེ་རྒན་མོ་དེ་སྨན་ལུམས་ཁང་དུ་ཁྲིད་ནས་སོང་། དེ་རུ་བོད་སྨན་གྱི་དྲི་ངད་ཞིམ་པོ་ཞིག་ཐུལ་ཡོད་ལ། ཤིང་གི་ཁྲུས་ཟོམ་འགའི་ནང་དུ་སྨུག་མདོག་མངོན་པའི་སྨན་ཆུ་ལྟེམས་མེར་བླུགས་ཡོད་ཅིང་། ཟོ་བའི་ཁ་ན་ཚ་རླངས་འཕྱུར་བཞིན་ཡོད།

བོད་རིགས་ནད་གཡོག་མ་འགས་སྔ་མོ་ནས་ཁྲུས་ཟོམ་དམའ་མོ་ཞིག་གྲ་སྒྲིག་བྱས་ཏེ། སེམས་ཆུང་ངང་ཨ་ནེ་རྒན་མོ་དེར་རྐང་པ་སྨན་ཁུའི་ནང་དུ་སྦང་རོགས་བྱེད་ཀྱིན་ཡོད། ལུམས་ཁྲུས་བྱེད་སྐབས། ནད་གཡོག་མ་ཚོས་ཕྱོགས་གཅིག་ནས་ཁྲུས་ཟོམ་ནང་གི་སྨན་ཆུ་དྲོན་མོ་དེ་ཨ་ནེ་རྒན་མོའི་པུས་མོ་ལྷ་ངའི་ཀླད་ངོས་སུ་ཡང་ཡང་བླུགས་ནས། སྨན་གྱི་སྟོབས་ནུས་སྔར་ལས་རུས་གཏིང་ལ་སིམ་དུ་བཅུག་ཅིང་། ཕྱོགས་གཞན་ཞིག་ནས་པུས་མོ་ལྷ་ངའི་མཐའ་འཁོར་གྱི་གསང་མིག་དག་ལ་འཇམ་མཉེད་འཕུར་གནོན་བྱས། འཕུར་གནོན་བྱེད་སྟངས་ཞི་འཇམ་ཡིན་ལ་བྱང་ཆ་ཤིན་ཏུ་ལྡན།

ཨ་ནེ་རྒན་མོས་ཚེ་དཔག་སྐྱབས་ཀྱི་ལག་པར་འཇུ་ཞིང་། མིག་མདངས་ལ་སེམས་འགུལ་ཐེབས་པའི་དགའ་སྣང་གིས་ཡོངས་སུ་ཁེངས། མི་རིགས་ཀྱི་བཀག་རྒྱ་ལས་བརྒལ་བའི་རིས་མེད་ལྟ་སྐྱོང་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་དེ་ནི། སྐབས་ཐོག་དེ་ལ་རྩྭ་ཐང་གི་ཉི་འོད་ལས་ཀྱང་དྲོད་སྐྱིད་ལྡན་པ་དང་།  མི་རིགས་མི་གཅིག་པའི་སྨན་པ་དང་ནད་པའི་བར་སེམས་དང་སེམས་པ་ཕན་ཚུན་གླན་པའི་ཚུལ་སྔར་ལས་བཟང་ཞིང་ཇེ་ཉེར་ཕྱིན་ཡོད།

དཔེ་ལེགས་དེ་ཙམ་གྱིས་མི་ཚད། སྨན་ཁང་གིས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དེ་ཉིན་རྒྱུན་གྱི་བྱ་བ་དང་སྦྲེལ་ནས། དུས་བཅད་ལྟར་བོད་རིགས་དང་རྒྱ་རིགས། སོག་རིགས་སོགས་མི་རིགས་མང་པོའི་སྨན་དོན་མི་སྣ་ལས་གྲུབ་པའི་སྨན་བཅོས་ཚོགས་པ་བཙུགས་ཏེ།  ཧི་ནན་རྫོང་གི་གྲོང་གསེབ་དང་འབྲོག་ཁུལ་དུ་སོང་ནས་འོས་འགན་སྨན་བཅོས་བྱེད་བཞིན་ཡོད། སྨན་ཞབས་མི་སྣས་རྒྱུན་སྤྱོད་ཀྱི་སྨན་རྫས་དང་བརྟག་བཤེར་སྒྲིག་ཆས་འཁྱེར་ནས་འགུལ་སྐྱོད་སྟབས་བདེ་མིན་པའི་རྒན་རྒོན་རྣམས་ལ་ཁྲག་ཤེད་བརྟག་པ་དང་། ཁྲག་ཧྭགས་ལ་བརྟག་དཔྱད་བྱས་ཤིང་། རིགས་སོ་སོའི་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆའི་ལམ་ནས་གྲུམ་བུའི་ནད་སྔོན་འགོག་ཐད་ཀྱི་ཤེས་བྱ་སྣ་ཚོགས་འགྲེལ་བཤད་བྱས་པར་མ་ཟད། ད་དུང་སྨན་སྦྱིན་བཏང་ནས། ཁ་མིན་དོན་གྱིས་གཞན་ཕན་སྙིང་ཉེའི་ཞབས་ཞུ་དེ་མང་ཚོགས་ཀྱི་སྒོ་འགྲམ་དུ་དངོས་སུ་སྐྱེལ་བཞིན་ཡོད།

སྨན་ཁང་གིས་ད་དུང་མི་རིགས་ཀྱི་སྨན་རྫས་རིག་གནས་སྤེལ་རེས་བྱེད་པའི་སྟེགས་བུ་ཧུར་ཐག་གིས་བསྐྲུན་ཅི་ཐུབ་བྱས་ཡོད་དེ། “ང་ཚོས་སོག་བོད་སྨན་རྫས་རིག་གནས་འཆད་ཁྲིད་དང་ཁྱད་ཆོས་ལྡན་པའི་གསོ་ཐབས་ཉམས་ལེན་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད་ནས། མི་རིགས་ཁག་གི་སྨན་རྫས་ཆེད་མཁས་པ་སྨན་ཁང་དུ་གདན་འདྲེན་ཞུས་ནས་སྨན་བཅོས་བྱེད་སྟངས་ཐད་བགྲོ་གླེང་བརྗེ་རེས་བྱས་ཤིང་། དོགས་ཡོད་ནད་རིགས་བཅོས་དཀའ་བར་དམིགས་ནས་སྨན་བཅོས་ཇུས་གཞིར་དཔྱད་བསྡུར་བགྲོ་གླེང་བྱས་པ་དང་། མི་རིགས་མི་འདྲ་བའི་སྨན་རྫས་རིག་གནས་ཀྱི་མཉམ་འདྲེས་ཁྲོད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གིན་ཡོད”ཅེས་བཀྲ་ཤིས་ཚེ་དཔལ་གྱིས་དེ་ལྟར་བཤད།

གནས་དེ་རུ། བོད་སྨན་གྱི་དྲི་ངད་ཞིམ་པོས་ནད་ཀྱི་ཟུག་རྔུ་བཅོས་ནས་དྲག་ཏུ་འཇུག་ཐུབ་པར་མ་ཟད། དེ་བས་ཀྱང་མི་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་ཕན་ཚུན་རོགས་རམ་བྱེད་པའི་མཛའ་བརྩེ་ཟབ་མོ་ཡང་གསོ་སྐྱོང་བྱས་ཡོད།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།