མངར་ཇ་ཁང་དུ་བདེ་སྐྱིད་འཚོ་བ་གླེང་། 
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8


བོད་ལུགས་ཁྱད་ཆོས་ལྡན་པའི་ཟ་ཁང་།

བློ་རྩེ་གཅིག་ཏུ་སྒྲིམ་པའི་ཇ་མ་མཁའ་འགྲོ་མ། 

ཟླ9པའི་ཚེས10ཉིན། གྲོང་མི་ཀུན་བཟང་དང་གྲོགས་པོ་ཚོ་ལྷ་ས་བསང་ཆུའི་ཇ་ཁང་དུ་ཐོན་པ་དང་། ཉིན་གུང་གི་དུས་ཚོད་སྐྱིད་པོས་ཕར་ལ་སྐྱེལ་རྒྱུ་བྱས། ཟས་ཅོག་སྟེང་དུ་མངར་ཇ། ཞོག་ཁོག་བསྲེགས་མ། ཤ་གོར། ཚོད་མ་སོགས་ཁྱད་ལྡན་ཟས་མཆོག་མང་པོ་མཆིས། ད་ལོའི་ཟླ་བཞི་པར་ཟ་ཁང་འདིའི་སྒོ་ཕྱེས་པའི་ཚུན་ལ། ཀུན་བཟང་ཁོང་གི་ཁྱིམ་མི་དང་གྲོགས་པོ་ཚོ་དང་ལྷན་དུ་ཐེངས་བཞི་ལྔ་ལ་ཡོང་མྱོང་།

ཀུན་བཟང་གིས་བཤད་པའི་ཟ་ཁང་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཞིན་ཐེན་ཏིས་ཚོང་ལས་རྐང་ཐང་སྲང་ལམ་དུ་ཆགས་ཡོད་ལ། སྒོ་མདུན་དུ“ཡུས་ཧྲུའུ་ཡི་སྤྱིའི་ཟ་ཁང། སྡེ་བ་དང་ཁེ་ལས་ཀྱིས་མཉམ་སྐྲུན་བྱསཞེས་པའི་ཡི་གེ་བྲིས་ཡོད་དེ།  འདི་ནི་གྲོང་མི་རྣམས་ཁོམ་པ་ཡོད་དུས་ཟ་མ་བཟའ་ས་སྐྱིད་པོ་ཞིག་ཡིན་པར་མ་ཟད། འབྲོང་མདའ་ཡུལ་ཚོ་འགག་ལ་སྡེ་བའི་གྲོང་གསེབ་འཕེལ་རྒྱས་ཀྱི་འགྲེལ་བཤད་ཅིག་ཡིན་པ་གསལ་བོར་བསྟན།

2024ལོའི་ཟླ10པར། འགག་ལ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡིས་ཡུས་ཧྲུའུ་གྲོང་ཁྱེར་དང་འབྲོང་མདའ་ཡུལ་ཚོའི་མཐུན་སྦྱོར་འབྲེལ་འདྲིས་འོག བོད་ལྗོངས་ཀྱི་བསང་ཆུའི་བཟའ་བཏུང་ཞབས་ཞུ་ཚད་ཡོད་ཀུང་ཟིའི་བར་མཉམ་ལས་མིང་རྟགས་བཀོད་དེ། སྡེ་བ་དང་ཁེ་ལས་ཀྱིས་མཉམ་སྐྲུན་བྱས་ནས། ཁྱད་ལྡན་བཟའ་བཏུང་ལས་གཞི་བསྐྲུན། ཕྱོགས་མང་པོའི་མཐུན་སྦྱོར་བརྒྱུད། ཡུས་ཧྲུའུ་གྲོང་ཁྱེར་གྱི་དར་རྒྱས་ཆེ་བའི་ཁུལ་དུ་སྨི་གྲུ་བཞི་མ་ཉིས་བརྒྱའི་ས་ཞིང་བརྩོན་ལེན་བྱས་པར་མ་ཟད། ལོ་གཉིས་ལ་གླ་རིན་མི་དགོས་པའི་སྲིད་ཇུས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་ཐུབ་པར་གྱུར།

ཀུང་ཟིའི་འགན་འཁུར་མི་སྣ་ཚེ་རིང་གཡུ་སྲས་ནི་འགག་ལ་སྡེ་བ་ནས་ཡོང་བ་ཡིན་ལ། ལོ་ངོ་མང་པོའི་སྔོན་ལ། ཁོ་བོད་ལྗོངས་སུ་སོང་ནས་ལས་གཏོད་བྱས་པ་དང་། ད་སྐབས་བོད་ལྗོངས་དང་སི་ཁྲོན་སོགས་སུ་ཡན་ལག་བཟའ་བཏུང་ཁང་ཉི་ཤུ་ཕྱེས་ཡོད། ལོ་ངོ་མང་པོའི་བཟའ་བཏུང་ཞབས་ཞུ་དང་ཚོང་གཉེར་དོ་དམ་གྱི་ཉམས་མྱོང་བརྒྱུད་དེ། ཚེ་རིང་གཡུ་ཟས་ཀྱིས་ཡུས་ཧྲུའུ་ཟ་ཁང་གི་ཟ་ཁང་མཛེས་སྤྲས་དང་ལག་རྩལ་གསབ་སྦྱོང་། ཟོང་རྟགས་ཕྱིར་གཏོང་དང་ཚོང་གཉེར་དོ་དམ་བཅས་ཀྱི་འགན་ཁུར་བར་མ་ཟད། ལག་རྩལ་དང་དོ་དམ་གྱི་བྱེད་ཐབས་ལ་བརྟེན་ནས་བཟའ་བཏུང་ཚོང་གཉེར་ཁྲོད་མ་རྩ་བཏང་།

འགག་ལ་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གི་ཁོངས་མི་ནོར་བུ་དབང་གྲགས་ཀྱིས་བཤད་རྒྱུར། ཟ་ཁང་ཚོང་གཉེར་ཐད་མ་རྐང་ལམ་ལུགས་ལག་བསྟར་བྱས་ཏེ། སྡེ་བ་ཐུན་མོང་གིས་མ་རྐང་གི་བརྒྱ་ཆའི་ང་གཅིག་ཟིན་ལ། ཁེ་ལས་ཀྱིས་མ་རྐང་གི་བརྒྱ་ཆའི་ཞེ་དགུ་ཟིན་ཡོད། སྡེ་བ་དང་ཁེ་ལས་ཀྱིས་མཉམ་དུ་བསྐྲུན་པའི་རྣམ་པ་དེས་ཟ་ཁང་གི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས། འགག་ལ་སྡེ་བའི་མ་རྐང་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་ལྔ་ཚང་མ་ཀྲུང་དབྱང་ནོར་སྲིད་དང་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་ཡིན་ལ། ཚང་མ་སྒྲིག་ཆས་ཉོ་སྒྲུབ་ཐད་བཀོལ་སྤྱོད་བྱས།

བོད་ལུགས་ཁྱད་ཆོས་ཀྱི་སྒྲིག་ཆས་དང་མཛེས་རྒྱན་དག་སྲོལ་རྒྱུན་གྱི་བོད་ཁྱིམ་ཞིག་དང་གཉིས་སུ་མ་མཆིས། ཐོག་མེད་ཟ་ཁང་དེ་་ཆུའི་འགྲམ་དུ་ཡོད་པས། སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་ཞིང་ཁོར་ཡུག་ཧ་ཅང་སོད་པ་ཞིག་རེད། ཟ་ཁང་དེ་ས་གནས་རང་གི་རང་བྱུང་ཁོར་ཡུག་དང་འདྲེས་ཤིང་། ཡུས་ཧྲུའུ་ཁུལ་གཟུགས་འདས་ཤུལ་བཞག་ལྟེ་གནས་ཀྱི་རྒྱབ་ལོགས་སུ་ཡོད་པས། མི་གཞུང་གི་མཁའ་དབུགས་སྟུག་པོ་ཞིག་ཆགས་ཡོད་ལ། དེའི་ད་དུང་ཁྱད་ལྡན་ཟས་མཆོག་ཡོད་པར་བརྟེན། འཛད་སྤྱོད་པ་སྔར་ལས་མང་པོའི་ཡིད་སེམས་འགུག་བཞིན་མཆིས།

ཟ་ཁང་ཕྱེ་བའི་ཚུན་ལ། ཟ་ཁང་གི་ཚོང་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཞིང་། འགྲུལ་བ་མང་དུས་སུ་འདུག་ས་གཅིག་ཀྱང་མེད་པར་འཛད་སྤྱོད་པས་བཀང་འདུག ཟ་ཁང་གི་སྦྱིན་བདག་གི་དངོས་གྲུབ་སྒྲོལ་མས་བཤད་རྒྱུར། ཚོད་དཔག་བྱས་ནས། ཟླ5པ་ནས་ཟླ8པའི་བར། ཟ་ཁང་གི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་འབུམ་གཅིག་ལ་སླེབས་འདུག  ད་ལྟ་ཚད་ལྡན་ཅན་གྱི་ཚོང་གཉེར་དང་ཁྲོམ་ར་རྒྱ་བསྐྱེད་སོགས་འཁོར་རྒྱུག་བྱེད་ཐབས་བརྒྱུད་དེ། བཟའ་བཏུང་ཁང་དེ་ས་གནས་སུ་མགྱོགས་མྱུར་ངང་རྐང་ཚུགས་ཐུབ་པར་གྱུར་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་ཡོང་སྒོ་ངེས་ཅན་ལེན་རྒྱུ་རེད།

ཟླ9པ་ནས་བཟུང་། ཟ་ཁང་གིས་སྤྱོད་ཀྱིན་པའི་ཟ་མའི་རྒྱུ་ཆའི་ཐད་སྔོན་ལ་འགག་ལ་སྡེ་བས་ཐོན་སྐྱེད་བྱས་པའི་ཞིང་ཕྱུགས་ཐོན་རྫས་འདེམས་རྒྱུ་རེད། དེའི་ཐད་ནས་ནོར་བུ་དབང་གྲགས་ལ་ཧ་ཅང་རྒྱུས་ལོན་ཡོད་དེ། འགག་ལ་སྡེ་བའི་རོང་འབྲོག་གཉིས་ཀྱིས་སྐམས་ཤ་དང་འོ་བཟོས་ཐོན་རྫས། འབྲོང་མདའ་ཞོག་ཁོག གྲོ་མ་སོགས་ཞིང་ཕྱུགས་ཐོན་རྫས་འདོན་སྤྲོད་བྱས་པ་དེས་ཟ་ཁང་ལ་སྤུས་ལེགས་ཀྱི་ཟ་མའི་རྒྱུ་ཆ་གསར་བ་མཁོ་འདོན་བྱས་པར་མ་ཟད། རོང་འབྲོག་མང་ཚོགས་རྣམས་ལ་གཅིག་གཏད་གཅིག་གི་ཕྱིར་འཚོང་གི་ཐབས་ལམ་བསྐྲུན་ཡོད།

ཟ་ཁང་གི་འཕེལ་རྒྱས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པར་མ་ཟད། ས་གནས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས། ཟ་ཁང་གི་ལས་བཟོ་པ་བཅུ་གཅིག་པོ་ཚང་མ་འགག་ལ་སྡེ་བའི་ཡིན་ལ། ལོ་ཞེ་དྲུག་ལ་བུད་པའི་མཁའ་འགྲོ་མ་ནི་ཁོ་ཚོའི་གྲས་ཀྱི་གཅིག་རེད། 2024ལོའི་ལོ་མཇུག་ཏུ། འགག་ལ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཁོ་མོ་དང་སྡེ་མི་གཞན་པ་གཉིས་མངགས་ནས། བོད་ལྗོངས་ལྷ་ས་རུ་བོད་ཟས་ལས་སྟངས་སྐོར་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་དུ་བཅུག སྤྱིའི་ཆ་ནས་སྦྱངས་པ་བྱས་ཚར་རྗེས། གན་རྒྱའི་ནང་དོན་ལྟར། ཁོ་ཚོས་ཟ་ཁང་གི་ཇ་མ་གཙོ་བོའི་འགན་འཁུར་ཞིང་། ཟླ་རེར་སྒོར་བཞི་སྟོང་ལྔ་བརྒྱ་ཡི་གཏན་འཇགས་ཡོང་འབབ་ཡོད།

མཁའ་འགྲོ་མས་སྤྲོ་དགའི་ངང་བཤད་རྒྱུར། ཟླ་ཕོགས་ཀྱི་ཡོང་འབབ་ལས་གཞན། ཟླ་རེར་ད་དུང་ལས་ཆད་མེད་པའི་བྱ་དགའ་སྒོར་ལྔ་བརྒྱ་ཡོད། ཟླ་དྲུག་པར་དབྱར་རྩྭ་བརྐོ་སྐབས། ལས་བཟོ་པ་དག་གིས་སྒོར་སྟོང་གཉིས་ཀྱི་ཁ་གསབ་ལེན་ཐུབ། གཏན་འཇགས་ཀྱི་ཡོང་འབབ་ཡོད་པས་འཚོ་བར་སྔར་ལས་རེ་བ་ཆེན་པོ་ལྡན། ཁེ་ལས་དང་སྡེ་བ་ཐུན་མོང་། ཞིང་ཁྱིམ་བཅས་མཉམ་འབྲེལ་གྱི་གྲོང་གསེབ་འཕེལ་རྒྱས་རྣམ་པས་སོ་སོ་དམ་པོར་སྦྲེལ་ནས། འགག་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བར་མ་ཟད། སྡེ་མི་རྣམས་ཀྱིས་དེའི་ཁྲོད་ནས་ཁེ་ཕན་རེག་ཐུབ་ཅེས་ཟེར།

བཟའ་བཏུང་གི་ཁྱད་ལྡན་རྣམ་གྲངས་ལས་གཞན། འགག་ལ་སྡེ་བས་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་ཀྱི་ལས་གཞི་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོན་ལས་ལས་གཏོད་དངོས་རྒྱུག་ཁང་སོགས་ལ་མ་རྩ་བཏང་བ་བརྒྱུད་དེ། ཡོང་འབབ་དང་ཁེ་སྤོགས་ཐོབ་པར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་མ་དངུལ་གསོག་འཇོག་བྱས་ཤིང་། སྡེ་མི་རྣམས་ཀྱི་སྒོར་ཁུག་ཇེ་མཐུག་ཏུ་གྱུར་ཡོད།

འབྲོང་མདའ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་ཚོའི་འགོ་བ་བསོད་ནམས་ཆོས་རྒྱལ་གྱིས་རེ་རེ་བཞིན་རྩིས་བརྒྱབ་ནས་གསར་འགོད་པར་བཤད་རྒྱུར། འགག་ལ་སྡེ་བས་ཁྱོན་བསྡོམས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དགུ་སྟོང་དྲུག་དང་བརྒྱད་བརྒྱ་བཏང་ནས་ཆུ་དམར་ལེབ་རྫོང་གི་འོད་ནུས་གློག་འདོན་ལས་གཞིའི་ཐད་ལ་བཀོལ། 2019ལོར་འོད་ནུས་གློག་འདོན་ས་ཚིགས་བཀོལ་བའི་ཚུན་ལ། ཁེ་སྤོགས་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་ལྔ་ལས་བརྒལ་ཡོད། 2022ལོ་ནས2024ལོའི་བར་དུ། འོད་ནུས་གློག་འདོན་ས་ཚིགས་ཀྱི་ཡོང་འབབ་ཁྲོད་ཀྱི་སྒོར་འབུམ་དྲུག་བླངས་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོན་ལས་ལས་གཏོད་དངོས་རྒྱུག་ཁང་གི་ལས་གཞིའི་ཐད་བཀོལ་སྤྱོད་བྱས། 2024ལོའི་ལོ་སྟོད་དུ་ཕལ་ཆེར་ཁེ་སྤོགས་སྒོར་ཁྲི་གསུམ་དང་སྟོང་བཞི་ཐོབ། ད་ལོར་འབྲོང་མདའ་ཡུལ་ཚོས་གཙོ་གནད་དུ་བཟུང་བའི་འགག་ལའི་གྲོ་མ་ཡི་ཟོང་རྟགས་ལས་གཞི་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་སྣོན་ཡོང་བའི་ཤུགས་འདོན་ས་གཙོ་བོར་འགྱུར་སྲིད་ཟེར།

ལྷ་ས་བསང་ཆུའི་ཇ་ཁང་གི་འགག་ལ་སྡེ་བའི་གྲོང་གསེབ་དར་སྤེལ་གྱི་མེ་ལོང་ལྟ་བུ་ཡིན་ལ། ཁྱད་ལྡན་ཐོན་ལས་རྒྱབ་རྟེན་དུ་བྱས་ཤིང་། ས་གནས་ཀྱི་འཇོན་མི་འདེགས་སྐྱོར་དུ་བྱས་ཏེ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་དང་ཞིང་ཕྱུགས་ཐོན་རྫས་གཏན་འཇགས་འདོན་སྤྲོད། དེ་མིན་སྡེ་མིའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བ་བཅས་མངོན་འགྱུར་བྱུང་། འགག་ལ་སྡེ་བས་བཟའ་བཏུང་ལས་གཞི་དང་གྲོ་མའི་ཟོང་རྟགས། འོད་ནུས་གློག་འདོན་ས་ཚིགས། དངོས་རྒྱུག་ཁང་གི་ཁེ་སྤོགས་སོགས་གཙོ་གནད་དུ་བཟུང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། སྡེ་མི་སྔར་ལས་མང་པོའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་རྒྱུ་ཡིན་པས། འགག་ལ་སྡེ་བའི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པའི་ཡིད་ཆེས་ཡོད།

ལྷ་མོ་འཚོས་བསྒྱུར།