

ཐའོ་ཏ་ཏིས་ཀྲོ་མ་ཀྲུ་བཏོགས་པ།
“ཁྱེད་ཀྱིས་ལྟོས་དང་། ཀྲོ་མ་ཀྲུ་ཆེ་བ་དེ་བརྔོས་ན་བཟང་། རློན་པ་ཟོས་ན་བྲོ་བ་མེད། ཟོས་ན་ཞིམ་པ་ནི་ཀྲོ་མ་ཀྲུ་ཆུང་བ་དེ་རེད། དེར་ཁོ་ཧྥེ་དང་ཁྲོག་ལེབ། འབྲི་ཏ་ས་འཛིན་སོགས་ཀྱི་བྲོ་བ་ཡོད་པས། སློབ་མ་ཚོ་ཟ་རྒྱུར་ཧ་ཅང་དགའ།”
ལག་རྩལ་པ་ཐའོ་ཏ་ཏི་མིའི་གཟུགས་ཚད་དང་མཉམ་པའི་ཀྲོ་མ་ཀྲུའི་སྒྲོམ་ར་ཞིག་གི་འགྲམ་ནས་ཁ་ཕྱིར་འཁོར་བ་དང་། ལག་ཏུ་དམར་མདངས་ཆེ་བའི་ཀྲོ་མ་ཀྲུ་ཆུང་ཆུང་འགའ་བཟུང་ཞིང་། དགའ་བའི་འཛུམ་གཉེར་མིག་མཐར་བསྡུས་ཏེ་འདུག དྲོད་ཁང་ཀླད་ནས་ཉི་ཟེར་འཕྲོས་ཏེ་ཁོའི་ངོ་གདོང་ནག་པོ་དེ་འོད་ལམ་ལམ་བྱས།
“ད་ལོར་ང་ཚོས་ལུད་མ་བཞག་པར་རྨ་ཆུའི་ཆུ་དྲངས་ནས་ཚོད་ལྟ་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་སྔོ་ཚོད་ཀྱི་སྐྱེ་སྟོབས་ཧ་ཅང་བཟང་བ་དང་། བཏོག་ནས་ཚར་རྒྱུ་མེད་པ་ཞིག་ཡིན་པས་ཞིང་ས་འདི་ཧ་ཅང་བཟང”ཞེས་ཐའོ་ཏ་ཏི་དགོད་ཞོར་དེ་ལྟར་བཤད་བྱུང་།
སྟོན་མཇུག་གི་ཆར་རྗེས་དང་དེའི་ཕྱི་ཉིན་གྱི་ཞོགས་པར། གནམ་ངོ་རིམ་བཞིན་ཐང་བར་གྱུར་ལ། དམར་མདོག་གི་རི་སྒང་དུ་སྤྲིན་དཀར་གྱི་ཡོལ་བ་འཐེན་པ་དང་། རི་རྐེད་དུ་རང་བྱུང་ནགས་ཚལ་གྱིས་གཡོགས་འདུག རླངས་འཁོར་རྭ་རྒྱ་གྲོང་རྡལ་གྱི་རྨ་ཆུའི་ཁུག་སོ་རུ་ཐོན་པ་ན། མཐིང་མདོག་གི་ཁུག་པ་དེ་མིག་ལམ་དུ་མངོན་ཞིང་། རྨ་ཆུ་གནས་འདིར་དལ་གྱིས་བཞུར་ཏེ། ས་ཞིང་གཤིན་པོ་དེ་མཐའ་ནས་བསྐོར་ཡོད།
རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་སྐྱེ་ཁམས་ཉམས་ལེན་ཁང་ནི་རྨ་ཆུའི་ཁུག་སོ་དེར་བདེ་བར་གནས་པ་དང་། ཧྲང་ཧའེ་ཡི་རོགས་སྐྲུན་དང་ཟི་ལིང་གི་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས། སེར་ཐོ་སྡེ་བའི་མཐོ་སྒང་སྐྱེ་ལྡན་སྔོ་ཚོད་འདེབས་འཛུགས་རྟེན་གཞི་གནས་དེར་བཙུགས། 2021ལོར་བསྐྲུན་ཚར་ན་ཡང་། སྔོན་ཆད་ཕྱོགས་གསུམ་པའི་ཀུང་སིར་སྤྲད་ཀྱང་ལོ་གཉིས་ཀྱི་རྗེས་སུ་གཉེར་མཚམས་བཞག དེའི་རྗེས་ནས་སྡེ་བས་གཉེར་མགོ་བརྩམས་མོད། འོན་ཀྱང་ཕན་འབྲས་སྔར་བཞིན་ཇེ་ལེགས་སུ་འགྲོ་མ་ཐུབ་པར་ལུས།
“ང་ཚོ་ཡོད་སའི་གནས་འདི་འབྲོག་ཁུལ་ཡིན་པས། མང་ཚོགས་ཀྱིས་ཕྱུགས་འཚོ་ཤེས་པ་ལས། སྔོ་ཚོད་འདེབས་པ་དེ་དཀའ་མོ་ཞིག་ཏུ་གྱུར་ཡོད”ཅེས་རྭ་རྒྱ་གྲོང་རྡལ་དྲག་ཆས་ཉེན་རྟོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཅིན་ལེ་ཡིས་དྲང་མོར་བཤད་བྱུང་།
2025ལོར་གནས་ཚུལ་ཇེ་ལེགས་སུ་འགྲོ་མགོ་བརྩམས་པ་དང་། ཐའོ་ཏ་ཏི་ཡོད་སའི་ཀུང་སིས་རྟེན་གཞི་འགན་ལེན་བྱས། ལོ་བཅོ་ལྔའི་རིང་ལ་སྔོ་ཚོད་བཏབ་པའི་ཐའོ་ཏ་ཏི་ཡི་སེམས་སུ་ཐོག་མར་ཤར་བ་ནི“མཚོ་འཕང་འདི་འདྲ་མཐོ་ས་ཞིག་ནས་སྔོ་ཚོད་སྐྱེས་སམ”སྙམ་པའི་དོགས་པ་དེ་ཡིན། ཁོ་ཚོས་ལོ་དང་པོར་ལུད་མ་བཞག་པར་ས་ཞིང་གི“རང་བཞིན”ལ་བརྟག བསམ་ཡུལ་ལས་འདས་པ་ཞིག་ལ་རྨ་ཆུའི་འགྲམ་གྱི་ས་གཤིས་ཧ་ཅང་བཟང་། དེའི་ཁར་རྨ་ཆུའི་ཆུ་ཞིང་ནང་དུ་དྲངས་ན་སྔོ་ཚོད་ཀྱི་སྐྱེ་སྟོབས་ཧ་ཅང་བཟང་།
སྔོ་ཚོད་འདེབས་འཛུགས་རྟེན་གཞི་རུ་དལ་མོར་སོང་བ་ན། དྲོད་ཁང་ཆེན་པོ15རིམ་བཞིན་སྟར་ཕྲེང་བསྒྲིགས་ཡོད་ལ། རྡོ་ཀུབ་དང་སུར་པན། ཀྲོ་མ་ཀྲུ་སོགས་ཡལ་གའི་སྟེང་ན་ལྗིད་ཏིག་གེར་འདུག སྔོ་ཚོད་འདེབས་འཛུགས་རྟེན་གཞིའི་དྲོད་ཁང་དུ་སོང་ཚེ། ཕྱིའི་གྲང་རླུང་ཕྲན་ཙམ་ཡང་མི་ཚོར་བར་དྲོད་ལམ་ལམ་གྱིས་ཁེངས་པ་དང་། བརླན་གཤེར་ཆེ་བའི་འདམ་དྲི་ཁྲོད་སྔོ་ཚོད་ཀྱི་དྲི་མ་འདྲེས་པས་དྲི་ཞིམ་ཞིག་འཐུལ་ཡོང་བ་རེད། འབྲི་ཏ་ས་འཛིན་བསྡུས་རྗེས་ཀྱི་ཞིང་ས་ཡང་བེད་མེད་དུ་མ་བཞག་པར། ལོག་དཀར་ཆུང་ཆུང་དང་ཚོད་དཀར་ཆུང་ཆུང་བཏབ་ཅིང་སྐྱེ་ཚུལ་ཡང་བཟང་།
དྲོད་ཁང་ཕྱི་རོལ་གྱི་ས་སྟོང་དུ་ཡང་ཤིང་ཏོག་དང་མ་རྨོས་ལོ་ཏོག་བཏབ་འདུག ཐའོ་ཏ་ཏི་ཡིས་མ་རྨོས་ལོ་ཏོག་གི་སྙེ་མ་ཞིག་བཏོགས་ནས་བཤད་རྒྱུར།“ད་ལོའི་ལོ་མགོར་འདེབས་འཛུགས་རྟེན་གཞི་འགན་ལེན་བྱས་པ་དང་། སྔོ་ཚོད་འདེབས་དུས་ཟླ་ལྔ་པར་སླེབས་ལ། མ་རྨོས་ལོ་ཏོག་འདེབས་དུས་ནི་དེ་ལས་ཀྱང་འཕྱི་པས། ད་ལོ་ལོ་འབྲས་སྨིན་དཀའ་ཡང་། མཐའ་འཁོར་གྱི་ཡུལ་མི་རྣམས་ལ་ནོར་ལུག་གསོ་སྤྱད་དུ་བྱིན་ཆོག”ཅེས་འགྲོ་ཞོར་བཤད་ཞོར་དུ་ཞོག་ཁོག་བཏབ་ཡོད་སའི་ཞིང་ཁར་སླེབས་རྗེས། ཁོས་ཞོག་ཁོག་རྐང་གཅིག་བལ་བ་ན་དེའི་རྩད་པ་རུ་ཁུ་ཚུར་དང་འདྲ་བའི་ཞོག་ཁོག་རྡོག་པོ་བཞི་ལྔ་ཙམ་ཐོགས་ཡོད། “སང་ཉིན་ད་དུང་སྔོ་ཚོད་ཁག་ཅིག་རྫོང་མཁར་དུ་སྐྱེལ་དགོས། ཚང་མ་མངག་ཉོ་བྱས་ཟིན་པ་རེད།”
ཐའོ་ཏ་ཏི་ཡིས་ཁ་པར་བླངས་ནས་ང་ཚོར་ཁོའི་སྐད་འཕྲིན་ཚོགས་པ་འགའ་བསྟན་བྱུང་། ཚོགས་པའི་ནང་གི་མི་ཚང་མ་རྨ་ཆེན་རྫོང་གི་སྡོད་དམངས་དང་སྔོ་ཚོད་ཚོང་ཁང་གི་སྦྱིན་བདག་རེད། གཟའ་རེའི་གཟའ་ལྷག་པ་དང་གཟའ་སྤེན་པར་ཁོས་ཚོགས་པའི་ནང་གི་མངག་ཐོ་ལྟར། དགོང་མོ་སྔོ་ཚོད་བཏོག་པ་དང་དེའི་ཕྱི་ཉིན་སྒོ་ཁར་སྐྱེལ་བཞིན་ཡོད།
དེ་མ་གཏོགས། ཁོར་ད་དུང“ཕྱི་ཚོང་གི་ཐབས་ལམ”གཞན་ཞིག་ཡོད་དེ། དེ་ནི་ཐད་ཀར་སྔོ་ཚོད་བཏོག་མཁན་གྱི་མི་རེད། “གཟའ་རེའི་གཟའ་པ་སངས་ཀྱི་ཕྱི་དྲོར། ལས་ཚོགས་གྲོལ་ནས་ཡུལ་ལ་ལོག་པ་དང་གཟའ་མཇུག་གུང་གསེང་ལ་ཉེ་བས། མི་ཚང་མ་འདིར་ཡོང་ནས་སྔོ་ཚོད་བཏོག་བཞིན་ཡོད། གཟའ་འཁོར་འདི་དག་གི་གཟའ་མཇུག་ལ་མི་བརྒྱ་ཤོག་རེ་སླེབས་ཡོང་། དེ་ནི་སྔོ་ཚོད་ཀྱི་སྤུས་ཀ་བཟང་བའི་རྐྱེན་གྱིས་རེད།”
རྟེན་གཞིའི་ནང་དུ་སྔོ་ཚོད་བཏབ་ཡོད་པ་ལས་གཞན། ད་དུང་ཤེལ་གྱི་ཁང་མིག་འགའ་ཡང་བསྐྲུན་ཡོད། ཐའོ་ཏ་ཏི་ཡིས་སང་ལོ་ཆུ་ཀུབ་འདེབས་རྩིས་ཡོད་པ་དང་། རིམ་བཞིན་གནས་འདི་སྤྲོ་གསེང་དང་ལྟ་སྐོར། འཐུ་བཏོག་བཅས་གཞི་གཅིག་ཏུ་འདྲེས་པའི་མཐོ་སྒང་གི་ཞིང་ལས་ལྟ་སྐོར་ས་ཚིགས་སུ་བསྒྱུར་འཆར་ཡོད།
རི་ཆུ་བཟང་པོར་སྔོ་ཚོད་ཀྱི་སྐྱེ་སྟོབས་བཟང་བས། ད་ལྟའི“ཚོད་ར་ཆུང་ཆུང”འདི་རིམ་བཞིན་མཐོ་སྒང་གི་འབྲོག་པར་མེད་མི་རུང་བའི“ཚོད་ར”ཞིག་ཏུ་འགྱུར་བཞིན་ཡོད་ལ། མཐའ་འཁོར་གྱི་མང་ཚོགས་ལ་ཡང་ལས་ཞུགས་ཀྱི་གོ་སྐབས་མང་པོ་སྐྲུན་བཞིན་ཡོད། །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།