གཅིག་སྒྲིལ་གྱིས་ལྕི་བའི་བཟོ་བཀོད་ལ་གསོན་ཤུགས་བསྩལ།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10


ངག་དབང་རབ་རྒྱས་ཀྱིས་ལྕི་བས་ལས་པའི་རིག་གནས་གསར་གཏོད་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

རྩྭ་ཐང་དུ་གང་སར་མཐོང་ཐུབ་པའི་ལྕི་བས་ཅི་ཞིག་བྱེད་ནུས་སམ།

མི་མང་པོ་ཞིག་གི་ཡིད་ལ་ཐོག་མར་ཤར་ཡོང་བ་ནི་མེ་འབུད་ཆོག་པ་དང་སྐྱེ་ལྡན་ལུད་དུ་ལས་སྣོན་བྱེད་ཆོག་པ་དེ་རེད། འོན་ཀྱང་དེ་ཙམ་མ་ཡིན་པར་ངག་དབང་རབ་རྒྱས་ཀྱི་ལག་ནས་ལྕི་བ་ཆུང་ཆུང་ལ་སྤྱོད་སྒོ་སྣ་མང་ཡོད་པར་གྱུར།

ཉེ་ལམ། གསར་འགོད་པ་རྒྱལ་ལམG345དེད་ནས་ཤར་བྱང་ཕྱོགས་སུ་སོང་ནས་ལུང་འགག་ཉག་ག་བརྒྱུད་པ་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་སླེབས། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྟེན་གཞིར་སོང་ཚེ། ཕྱི་དྲོའི་ཉི་འོད་འཇམ་པོ་ཤེལ་སྒོ་ལས་བརྟོལ་ཏེ་རྩྭ་ཐང་གི་བློ་གྲོས་ལས་ཐོན་པའི་འགྲེམ་སྟོན་དངོས་རྫས་རེ་རེའི་སྟེང་འཕྲོས་འདུག དེ་རིང་། གཏམ་རྒྱུད་འདིའི་མི་སྣ་གཙོ་བོ་ནི་ངག་དབང་རབ་རྒྱས་ཡིན་པ་དང་། གཏམ་རྒྱུད་ཀྱི་བརྗོད་བྱ་གཙོ་བོ་ནི་ཚང་མས་ངོ་ཤེས་ཀྱང་རྒྱུས་ཆེན་པོ་མེད་པའི་ལྕི་བ་རེད།

འགྲེམ་སྟོན་ཁང་དུ་སོང་བ་ན། ལོ་ན29ཡིན་པའི་ངག་དབང་རབ་རྒྱས་ཀྱིས་འགྲེམ་སྒྲོམ་བཀོད་སྒྲིག་བྱེད་ཀྱིན་པའི་སྒང་ཡིན་ལ།  ཁོའི་མཛུ་གུས་ལྗང་མདོག་གི་ཤོག་བུ་ཞིག་གི་ངོས་སུ་དེད་པ་དང་། འོད་དང་གྲིབ་མའི་མཚམས་སུ་ཤོག་བུའི་ངོས་སུ་གསལ་ལ་མི་གསལ་བའི་སྔོ་རྩྭའི་ཚི་སྣ་ཞིག་མངོན། “འདི་ནི་ནོར་གནག་གི་ལྕི་བས་བཟོས་པའི་ཤོག་བུ་ཡིན།”ངག་དབང་རབ་རྒྱས་ཀྱིས་མཚམས་སྦྱོར་བྱེད་སྐབས། མིག་ནང་དུ་འོད་མདངས་འཚེར། ཁོས་ཁ་པར་བླངས་ནས་རང་ཉིད་ཀྱི་སྐད་འཕྲིན་འཕྲིན་སྟེགས་འཚོལ་ཞིབ་བྱས་པར། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མགྲོན་པོས་བཞག་པའི་སྐད་ཆས་རྩྭ་ཐང་དུ་ཆགས་པའི་རྫོང་མཁར་ཆུང་ཆུང་དེ་དང་ཕྱི་རོལ་གྱི་འཇིག་རྟེན་བར་འབྲེལ་བ་ཞིག་ཆགས་སུ་བཅུག་འདུག

འགྲེམ་སྟོན་ཁང་གི་ནང་དུ། ལྕི་བས་བཟོས་པའི་རིག་གནས་ཐོན་རྫས་སྣ་ཚོགས་ཀྱིས་རྩྭ་ཐང་གི་དུས་རབས་གསར་པའི་གཏམ་རྒྱུད་རྗོད་ཀྱིན་ཡོད། ཆེས་མིག་དབང་འདྲེན་པ་ནི་ལྕི་བའི་ཐལ་བ་ལས་བཟོས་པའི་ཕོར་བ་དེ་ཡིན་པ་དང་། ཕོར་བའི་ངོས་ཀྱི་རི་མོ་སྔོ་སྐྱ་དེ་ནི་སྐྱ་རེངས་སྐབས་སུ་མཐོང་བའི་རྩྭ་ཐང་གི་སྨུག་པ་དང་ཀུན་ནས་མཚུངས།

གཅིག་སྒྲིལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ལས་བྱེད་མི་སྣས་འཇུ་ལུང་ཆ་ཅན་གྱི་ཕོར་བ་ཞིག་བཟུང་ནས་བསྟོད་བསྔགས་བྱེད་རྒྱུར།“འདིས་གཅིག་ནས་སྲོལ་རྒྱུན་རྫ་ཆས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་ཡོད་ལ། གཉིས་ནས་དེང་རབས་ཀྱི་མཛེས་པའང་མངོན་འདུག དེ་ལས་ཀྱང་རིན་ཐང་ལྡན་པ་ཞིག་ཡོད་པ་ནི་དེའི་རྒྱབ་ལྗོངས་སུ་གནས་པའི་སྐྱེ་ཁམས་འདུ་ཤེས་དེ་རེད།”

ངག་དབང་རབ་རྒྱས་ཀྱིས་འཛུམ་དམུལ་དམུལ་སྒོས་ཡིན་མདོག་བསྟན་བྱུང་། ཁོ་ནི་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་ནས་མཐར་ཕྱིན་པ་དང་། དེའི་རྗེས་སུ་སི་ཁྲོན་ལྷ་གཡག་ནོར་ནག་ཀོ་བའི་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི་ནས་ཐོན་རྫས་ཇུས་འགོད་ཀྱི་ལས་ཀ་བསྒྲུབས་མྱོང་། གྲོང་ཁྱེར་ཀྱི་འཚོ་བས་ཁོར་རྩྭ་ཐང་གི་ཕ་ཡུལ་བརྗེད་དུ་བཅུག་མེད། 2023ལོར། ཁོ་རང་ཕ་ཡུལ་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དུ་ཕྱིར་ལོག་པ་དང་། རང་ས་གནས་ཀྱི་རིག་གནས་གསར་སྐྲུན་ཐད་ཞུགས་ཏེ། གཅིག་སྒྲིལ་རྫོང་གི“ལྕི་བའི་ལག་བཟོའི”རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པར་བདེ་བླག་ངང་བདམས་ཐོན་བྱུང་། “ངས་རྩྭ་ཐང་རིག་གནས་རྒྱང་ཐག་རིང་བའི་ས་གནས་སུ་ཁྱེར་འདོད་ཡོད་ལ། ཡུལ་སྐོར་རིག་གནས་ཀྱི་ཉིང་བཅུད་ཀྱང་མི་མང་པོ་ཞིག་ལ་ཤེས་སུ་འཇུག་འདོད་ཡོད།”

འགྲེམ་སྟོན་ཁང་གི་ཕྱོགས་གཞན་ཞིག་ཏུ་ལྕི་བའི་སྣོད་ཆས་སྣ་ཚོགས་བཤམས་ཡོད་ལ། དེ་དག་གི་བབ་ཆགས་པའི་བཟོ་དབྱིབས་ལ་ཐུན་མིན་གྱི་མཛེས་ཉམས་ཤིག་མངོན་ཡོད། པིར་སྣོད་དང་མེ་ཏོག་གི་བུམ་པ། སྒམ་ཆུང་སོགས་མིག་དབང་ཅིག་ཅར་འཕྲོག་པའི་སྣོད་ཆས་མང་པོ་ཡོད་ལ། དེ་དག་ལ་ཁ་ལེབ་ནོར་རྩིད་ལས་ལག་བཟོས་བྱས་ཡོད། “ང་ཚོས་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཁྱོངས་བྱས་ཏེ། ཐོན་རྫས་ལ་ལག་བཟོའི་རང་མདངས་མངོན་དུ་འཇུག་རྒྱུ་ཡིན”ཞེས་ངག་དབང་རབ་རྒྱས་ཀྱིས་དེ་ལྟར་བཤད།

ལྕི་བའི་བདུག་སྤོས་འགྲེམ་སྟོན་ཁུལ་དུ། ལྕི་བ་དང་མཐོ་སྒང་གི་རྩ་ཆེའི་སྔོ་སྨན་ལས་སྡེབ་པའི་བོད་སྤོས་བཤམས་ཏེ། སྤོས་རྐང་རེར་རང་བྱུང་གི་སྨུག་མདོག་ཅིག་མངོན་ཡོད། མེར་བསྒྲོན་རྗེས། མཁའ་དབུགས་ཁྲོད་ཤུག་པ་དང་གུར་གུམ། རྩྭ་ཐང་གི་ན་འདམ་བཅས་ལས་གྲུབ་པའི་ཐུན་མིན་གྱི་དྲི་ངད་ལྡང་བ་ཡིན།  “ང་ཚོས་གནའ་བོའི་སྤོས་བཟོ་ཐབས་བཀོལ་ཡོད། ལྕི་བ་དང་སྨན་སྣ་བསྡུར་ཚད་ལྟར་སྡེབ་པ་དང་། དེ་ནས་བསིལ་སྐམ་དང་ཞིབ་འཐག་བྱས་རྗེས། ད་གཟོད་ཁམས་བདེ་བག་ཕེབས་ཀྱི་ཕན་ནུས་ལྡན་པའི་སྤོས་འདི་བཟོས་པ་ཡིན།”ཞེས་ངག་དབང་རབ་རྒྱས་ཀྱིས་ཁ་པར་ལས་བཟོ་རྩལ་གོ་རིམ་བསྟན་ནས་བཤད་བྱུང་།

གྱང་ངོས་ཀྱི་འདྲ་པར་ཚན་པ་ཞིག་གིས་གསར་འགོད་པའི་མིག་དབང་དྲངས། དེ་ནི་ངག་དབང་རབ་རྒྱས་ཀྱིས་གཅིག་སྒྲིལ་རྩྭ་ཐང་དུ་ལག་བསྟར་བྱས་པའི“ལྕི་བའི་གྱང་གི་འཆར་གཞི”རེད། ཁོས་དེང་རབས་དབྱིབས་རྩིས་དང་ཟུང་འབྲེལ་གྱིས་སྲོལ་རྒྱུན་རི་མོ་ཇུས་འགོད་བྱས་པ་དང་། འབྲོག་པས་ལྕི་བ་གང་འདོད་ལྟར་མི་སྤུངས་པར་སྐུལ་མ་བྱས་ཏེ། ཇུས་འགོད་རི་མོ་ནང་བཞིན་རིག་གནས་གྱང་བརྩིག་ཏུ་བཅུག ལས་གཞི་ཁྲོད་ཞུགས་པའི་འབྲོག་པས་ལྕི་བའི་གྱང་གཅིག་རེ་གྲུབ་ཚེ། དེར་གླ་ཆ་ངེས་ཅན་རེ་སྤྲད།

ད་ལྟ། གཅིག་སྒྲིལ་རྩྭ་ཐང་དུ་གྲལ་འགྲིག་པོར་བརྩིགས་ཤིང་རི་མོ་སྣ་ཚོགས་བཀོད་པའི་ལྕི་བའི་གྱང་ཐར་ཐོར་ཞིག་མཐོང་ཐུབ་པ་དང་། དེ་ནི་དགུན་སྐྱེལ་བའི་འབར་རྫས་ཡིན་པར་མ་ཟད། རྩྭ་ཐང་གི་སྒྱུ་རྩལ་ཞིག་དང་སྐྱེ་ཁམས་དཔལ་ཡོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།

2023ལོ་ནས་བཟུང་། རྩྭ་ཐང་གི་དྲོད་ཁོལ་བསྣམས་པའི་རིག་གནས་གསར་སྐྲུན་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཁྱབ་པ་དང་། ངག་དབང་རབ་རྒྱས་ཀྱི་ཁ་པར་ནང་དུ་འཆར་བའི་ཕྱིར་འཚོང་གི་ཟིན་ཐོ་ལས་མངོན་པ་ལྟར་ན། ཆེས་ཐག་རིང་བ་ནི་ཀོང་ཀྲོའུ་དང་ཧྲང་ཧའེ་རེད། ཉོ་མཁན་ཁྲོད་དུ་སྒྱུ་རྩལ་པ་དང་ཇུས་འགོད་པ་ཡོད་ལ། ཡུལ་ཕྱོགས་གཞན་དུ་ལས་ཀ་གཉེར་བའི་བོད་རིགས་སྤུན་ཟླ་ཡང་ཡོད། ཧྲིན་ཀྲིན་དུ་ལས་གཉེར་བྱེད་པའི་བོད་རིགས་བུ་མོ་ཞིག་གིས་ཁོའི་བརྙན་ཐུང་དུ་མཆན་འདི་འདྲ་ཞིག་སྤེལ་འདུག་སྟེ། “ལྕི་བའི་བདུག་སྤོས་སྒྲོན་ཐེངས་རེར། དུ་བ་རིམ་བཞིན་འཕྱུར་བ་དེ་མཐོང་ཚེ། ལྕི་བའི་མེ་བུས་པའི་སྦྲ་ནང་དུ་ཐོན་ནས་རྨ་ཆུའི་བཞུར་སྒྲར་ཉན་པ་དང་མཚུངས།”

རྨ་ཆུ་ནི་གཅིག་སྒྲིལ་རྩྭ་ཐང་ནས་དལ་གྱིས་འབབ་པ་དང་། ལོ་ངོ་སྟོང་ཕྲག་གི་རིང་ལ་རྩྭ་ཐང་འདི་བརྩེ་བས་སྐྱོང་བཞིན་ཡོད། ལྕི་བས་བཟོས་པའི་རིག་གནས་ཐོན་རྫས་རེ་རེ་ལས་གནའ་བོའི་འབྲོག་པའི་ཤེས་རིག་དང་དེང་རབས་ཤེས་རིག་གི་བློ་གྲོས་ཉིང་བཅུད་གྲུབ་ནས་ཡོད། རྩྭ་ཐང་གི་དྲི་ཞིམ་ལྡང་བའི་ལྕི་བའི་གྱང་གིས་རྨ་ཆུའི་མགོ་ཁུངས་ཀྱི་བུ་བུ་མོས་རྨ་ཆུ་སྲུང་བའི་བརྩེ་བ་ཟབ་མོ་བརྗོད་ཀྱིན་འདུག

ངག་དབང་རབ་རྒྱས་ཀྱིས་བཤད་རྒྱུར། “རྩྭ་ཐང་གི་རིག་གནས་ནི་རྟེན་མཛོད་ཁང་གི་རྟེན་རྫས་ཙམ་ཡིན་མི་རུང་བར། རྨ་ཀླུང་རིང་མོའི་བཞུར་རྒྱུན་དང་འདྲ་བར་སྐྱེ་སྟོབས་ཀྱིས་ཁེངས་དགོས། ལྕི་བའི་རིག་གནས་ཐོན་རྫས་ནི་རྩྭ་ཐང་དང་གྲོང་ཁྱེར་གྱི་སྦྲེལ་ཐག་ཡིན་ནོ། ”

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།