

སྨན་པ་ཕེང་ལིན་ཧྥེང་གིས་ནད་ཁང་དུ་ཞིབ་བཤེར་བྱེད་བཞིན་པ།

ཚན་ཁག་གི་སྨན་པས་ནད་པར་མེ་བཙའ་འཇོག་བཞིན་པ།
“སྨན་པ་ལགས། ངའི་ཨ་ཕྱིས་བཤད་ན། ‘བཅོས་ཡུན་གཅིག་གི་ཀྲུང་ལུགས་སྨན་འཐུང་རྗེས། རྐང་པ་ན་བའི་ནད་རྙིང་རིམ་གྱིས་དྲག་སྐྱེད་བྱུང་སྟེ། ལུས་པོ་བདེ་རུ་ཕྱིན་འདུག་ཟེར། ད་ཐེངས་ཡོང་དོན་ནི་ཡང་བསྐྱར་ཁྱེད་རང་བཙལ་ནས་ནད་ལ་བལྟ་བ་དང་། སྔོན་མའི་སྨན་ཐོ་ལྟར་མུ་མཐུད་དུ་སྨན་ལེན་རྒྱུ་དེ་ཡིན།’”
“ཕན་འབྲས་ཐོན་བྱུང་ན་ཡག་པོ་རེད། ངས་ཡིད་ལ་བཟུང་བ་ནོར་མེད་ན། རྒན་པོ་ཁོང་ནི་རྭ་རྒྱ་གྲོང་རྡལ་ནས་ཡོང་བ་རེད། ཐེངས་གཅིག་ཡོང་རྒྱུ་ལས་སླ་མོ་མ་རེད། ཁྱེད་རང་སེམས་བདེ་མོ་བྱོས། ངས་ཁྱོད་ཀྱི་ཨ་ཕྱིའི་ནད་ཀྱི་གནས་བབ་ལ་བལྟ། དགོས་མཁོ་ཡོད་ན་ད་དུང་སྨན་འཐུངས་ནས་ནད་གཞི་སྔར་ལས་ཇེ་དྲག་ཏུ་བཏང་ན་ལེགས།”
ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་དམངས་སྨན་ཁང་གིས་སྲོལ་རྒྱུན་གསོ་རིག་ཚན་ཁག་དང་ཀྲུང་ནུབ་གསོ་རིག་ཟུང་འབྲེལ་གྱིས་རྙིང་ཚབ་གསར་བྱེད་ནད་གཞི་ཆེད་ལས་ཚན་ཁག་གི་སྨན་བཅོས་ཁང་དུ། ལོ་ན71ལ་སོན་པའི་བོད་རིགས་རྒན་པོ་མ་མས་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ཚ་མོར་ཁ་པར་བཏང་རྗེས། ཡིད་ཆེས་དང་བཅས་ཏེ་ཁ་པར་ལས་རེས་སྨན་པ་ཁྲེན་རུང་གི་ལག་ཏུ་སྤྲད།
བསྐྱར་བརྟག་ཞིབ་མོ་བྱས་པ་བརྒྱུད། ཁྲེན་རུང་གིས་རྒན་པོར་སྨན་ཐོ་བྲིས་རྗེས། “ཐོག་སོ་དང་པོའི་ཀྲུང་སྨན་གཏོང་ས་རུ་སོང་སྟེ་སྨན་སྟེར་རྒྱུར་སྒུག་རོགས”ཞེས་ལག་བརྡ་གཏོང་ཞོར་དང་སྐད་ཆ་བཤད་ཞོར་བྱས། ཀྲུང་ལུགས་སྨན་གཏོང་ཁང་གསར་པ་རུ། སྨན་རྒྱུ་སྣ་ཁ400ལྷག་གྲལ་འགྲིག་པོས་སྨན་སྒམ་ནང་བསྒྲིགས་ཡོད་པ་དང་། སྨན་སྐོལ་འཕྲུལ་ཆས་སུ་སྨན་ལྷོག་ལྷོག་ཏུ་གདུ་བཞིན་ཡོད་ལ། སྨན་དྲི་སྟུག་པོ་ཞིག་གང་སར་འཐུལ་འདུག
སྔ་དྲོ་ཞིག་གི་རིང་ལ། སྨན་པར་བསྟེན་མཁན་དང་སྨན་ལེན་དུ་ཡོང་བའི་ནད་པ་རྒྱུན་མི་ཆད་ལ། སྨན་པའི་ཅོག་ཙེའི་སྟེང་གི་རྩ་བརྟག་སྔས་འབོལ་ཆུང་ཆུང་དེས། མཐོ་སྒང་གི་མང་ཚོགས་རྣམས་ཀྱི་བདེ་ཐང་ལ་བཅངས་པའི་རེ་སྨོན་བཏེགས་ཡོད།
“ཁྱེད་བདེ་མོ། བཞུགས་དང་། གང་ནས་མི་བདེ་བ་རེད་དམ། ལག་མཐིལ་ཡར་སྐོར་ནས་འདིར་ཞོག ངས་སྔོན་ལ་ཁྱེད་ཀྱི་རྩར་བརྟག”མཚོ་སྔོན་རོགས་སྐྱོར་སྨན་བཅོས་ཁང་དུ། ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིའམ། རྨ་ཆེན་རྫོང་མི་དམངས་སྨན་ཁང་གི་སྲོལ་རྒྱུན་གསོ་རིག་ཚན་ཁག་གི་ལག་བསྟར་ཀྲུའུ་རིན་ཕེང་ལིན་ཧྥེང་གིས་ནད་པ་གཅིག་ལ་སྨན་བཅོས་བྱས་ཚར་ནས་ནད་པ་རྗེས་མར་སྨན་བཅོས་བྱེད་པར་བྲེལ་བཞིན་འདུག
ཕེང་ལིན་ཧྥེང་གིས་བཤད་རྒྱུར། “མཐོ་སྒང་གི་གྲང་ངར་ཆེ་ཞིང་དབྱང་དབུགས་མི་འདང་བའི་རང་བྱུང་ཆ་རྐྱེན་དང་དུས་ཡུན་རིང་པོའི་ཚད་བརྒལ་ངལ་རྩོལ་གྱི་དབང་གིས་གྲུམ་བུ་དང་། རྐེད་ཚིགས་འགྱུར་བ། ཁྲག་ཤེད་མཐོ་བ་སོགས་དལ་གཤིས་ནད་རིགས་མང་པོ་ཞིག་མང་ཚོགས་ལ་དཀའ་ངལ་བཟོ་བའི‘སེམས་ནད’དུ་གྱུར་ཡོད། དེའི་གོང་རོལ་དུ། སྨན་ཁང་ལ་ཀྲུང་ལུགས་སྨན་པ་མེད་པ་དང་། ཐང་སྨན་མེད་པ། ཀྲུང་ལུགས་སྨན་གཏོང་ཁང་མེད་པ་བཅས‘མེད་པ་གསུམ’གྱི་དཀའ་ངལ་ལ་འཕྲད་པས། འབྲོག་པ་མང་པོ་ཞིག་གིས་ཡང་མིན་ན་ནད་ཀྱི་ན་ཟུག་བསྲན་དགོས་ལ། ཡང་མིན་ན་ལ་བརྒལ་ལུང་བརྒལ་གྱིས་གྲོང་ཁྱེར་དུ་སྨན་པར་བསྟེན་དུ་འགྲོ་དགོས་པས། སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་ལམ་གྱི་དཀའ་ཚེགས་ཀྱིས་ནད་ཡང་མོ་ལྕི་མོར་བཏང་འགྲོ”ཟེར།
ད་ལོའི་ཟླ8པར། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་དང་རྨ་ཆེན་རྫོང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི་སྐུལ་འདེད་འོག རྨ་ཆེན་རྫོང་མི་དམངས་སྨན་ཁང་གི་སྲོལ་རྒྱུན་གསོ་རིག་ཚན་ཁག་དང་ཀྲུང་ནུབ་གསོ་རིག་ཟུང་འབྲེལ་རྙིང་ཚབ་གསར་བྱེད་ནད་གཞིའི་ཆེད་བརྟག་ཚན་ཁག་གིས་དངོས་སུ་སྨན་བཅོས་བྱེད་མགོ་ཚུགས་པས། རྫོང་ཁོངས་ཀྱི་སྲོལ་རྒྱུན་གསོ་རིག་ཞབས་ཞུའི་སྟོང་ཆ་བསྐངས་པར་མ་ཟད། མགོ་ལོག་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྲོལ་རྒྱུན་གསོ་རིག་ལྟེ་གནས་ཤིག་ཏུ་གྱུར།
སྒོ་བསྟེན་སྨན་བཅོས་བྱེད་མགོ་ཚུགས་མ་ཐག རྨ་ཆེན་རྫོང་དང་དེ་བཞིན་ཉེ་འཁོར་རྫོང་གི་ནད་པ་མང་པོའི་དོ་ཁུར་ཐོབ་པ་དང་། ཆ་སྙོམས་མཚོ་འཕགས་སྨི་བཞི་སྟོང་ཡན་ཡིན་པའི་མཐོ་སྒང་རྫོང་མཁར་དུ། མ་མ་དང་འདྲ་བའི་ནད་པ་མང་པོ་ཞིག་གིས་ཐག་ཉེ་ས་ནས་ན་ཟུག་འཇོམས་པའི“སྨན”རྙེད་ཡོད།
ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་གསོ་རིག་འབུམ་རམས་པའམ་རྨ་ཆེན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཞེ་ཞིན་གྱིས་ངོ་སྤྲོད་བྱས་དོན།“མིག་སྔར། ཚན་ཁག་ཁང་དུ་རྒྱལ་ནང་གི་སྔོན་ཐོན་གྱི་རང་འགུལ་སྨན་བསྐོལ་འཕྲུལ་ཆས་དང་རང་འགུལ་གྱི་མི་ལུས་དབྱེ་ཞིབ་དཔྱད་ཆས། མཆིན་པའི་ལྡེམ་ཤུགས་སྒྲ་བརྒལ་ཞིབ་བཤེར་དཔྱད་ཆས་བཅས་སྒྲིག་སྦྱོར་བྱས་ཡོད། སྒོ་བསྟེན་སྨན་བཅོས་ཀྱིས་ཀྲུང་ལུགས་གསོ་རིག་ཕྱི་ནད་ཚན་ཁག་གི་ནད་རིགས་སྣ་ཚོགས་གསོ་བཅོས་བྱེད་ཐུབ་པ་དང་། ལྷག་པར་གཅིན་སྙི་ཟ་ཁུའི་ནད་དང་། དྲེག་གྲུམ། རྙིང་ཚབ་གསར་བྱེད་ཕྱོགས་འདུས་ནད་རིགས། སྒལ་འབུར། པུས་ཚིགས་འགྱུར་བ་སོགས་དལ་གཤིས་ནད་རིགས་དང་། དེ་མིན་བརླན་འབྲུམ་དང་། ཡ་ཐོར། ཚོར་ཐལ་རང་བཞིན་གྱི་པགས་པའི་གཉན་ཚད། ཁོག་སྨད་སྡོད་རྩ་རྒྱས་འཁུམ་རང་བཞིན་གྱི་པགས་པའི་གཉན་ཚད་སོགས་པགས་ནད་གསོ་བཅོས་ལ་དེ་བས་མཁས་པ་རེད། དུས་མཚུངས་སུ། ནད་ཁྲི་བཅོ་ལྔ་བཀོད་སྒྲིག་བྱས་ཡོད་ལ། ནད་པར་ཁབ་བཙའ་དང་། སྤྲ་མེ། མཉེད་འཕུར། ཚ་བཅོས། འོད་བཅོས། བྱེ་སྦས་སྨན་བཅོས། ཀྲུང་སྨན་བདུག་འཁྲུད། ཀྲུང་ལུགས་གསོ་རིག་གི་སྨན་ལུམས་སོགས་སྨན་བཅོས་ཕན་ནུས་མངོན་གསལ་ཡིན་པའི་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་སྣ་ཚོགས་མཁོ་འདོན་བྱ་ཐུབ”ཅེས་ཟེར།
ཕེང་ལིན་ཧྥེང་གིས་ཟིན་ཐོར་བཀོད་ཡོད་པའི་ལོ་ངོ་ཉི་ཤུ་ལྷག་ལ་སྐེད་པ་དང་པུས་མོ་ན་བའི་བུད་མེད་རྒན་པ་ཞིག་གིས་ཁོ་ལ་བག་ཆགས་ཟབ་མོ་བཞག་ཡོད་དེ། “སྐབས་དེར་ནད་བཅོས་བྱེད་སྐབས། ནད་པ་དེར་ན་ཟུག་ཤིན་ཏུ་ཆེ་བས། ཧ་ལམ་རྒྱུན་ལྡན་ལྟར་ལངས་མི་ཐུབ་པ་དང་། ཉིན་རྒྱུན་གྱི་ངལ་རྩོལ་ནི་དེ་བས་ཀྱང་བཤད་ག་ལ་དགོས། ”CTབརྟག་དཔྱད་བརྒྱུད། ནད་པའི་སྐེད་པ་དང་པུས་མོ་བསྣད་ཡོད་ལ། རྒས་འགྱུར་ཚབས་ཆེ་བས། གཉན་ཚད་སེལ་བ་དང་ན་ཟུག་འཇགས་པའི་སྨན་བཅོས་ཁོ་ནས་ཕན་འབྲས་ཤིན་ཏུ་ཆུང་། ཕེང་ལིན་ཧྥེང་གིས་ཀྲུང་ལུགས་གསོ་རིག་གི་གཞུང་ལུགས་དང་ཟུང་འབྲེལ་བྱས་ནས། ནད་པ་ལ་མཉེད་འཕུར་དང་ཁབ་བཙའ། ཀྲུང་སྨན་འཐུང་བ་བཅས་ཀྱི་ཕྱོགས་བསྡུས་བཅོས་ཐབས་བཟོས་པ་དང་། ཉིན་རེར་ད་དུང་པྲ་ཚིལ་སྨན་བཅོས་ཀྱི་རམ་འདེགས་བྱས་ཏེ། གཟའ་འཁོར་གཅིག་རིང་ལ་སྨན་བཅོས་བྱས་པ་བརྒྱུད། ནད་པའི་ན་ཟུག་ཇེ་ཆུང་དུ་ཕྱིན་ནས། འགུལ་སྐྱོད་བྱེད་ཐུབ་པར་གྱུར་ལ། ལུས་ཕུང་གི་གནས་ཚུལ་ཡང་མངོན་གསལ་དོད་པོས་ཇེ་བཟང་དུ་ཕྱིན།
སྨན་བཅོས་བྱས་པའི་ནད་པ་རེ་རེའི་ན་ཟུག་ཇེ་ཆུང་དུ་ཕྱིན་པ་དང་། བདེ་ཐང་དུ་གྱུར་པ་མཐོང་ཚེ། ཕེང་ལིན་ཧྥེང་གིས་ཡིད་ཚིམས་པའི་ངང་བཤད་རྒྱུར། “སྲོལ་རྒྱུན་གསོ་རིག་ལ་ནད་རིགས་སྔོན་འགོག་དང་སྨན་བཅོས། དྲག་སྐྱེད་དང་བདེ་ཐང་སྲུང་སྐྱོང་ཐད་ནས་ཐུན་མིན་གྱི་ཕན་ནུས་ལྡན། ང་ཚོའི་རེ་བར་འབྲོག་ཁུལ་གྱི་མང་ཚོགས་སྔར་བས་མང་པོར་ཕན་ཐོགས་ན་བསམ་པ་དང་། དུས་ཡུན་རིང་པོར་ཁོ་ཚོར་དཀའ་ངལ་བཟོ་བའི་དལ་གཤིས་ནད་དང་། དཀའ་གནད་དང་རྙོག་འཛིང་ཆེ་བའི་ནད་རིགས་སྣ་ཚོགས་ནི་ཀྲུང་ལུགས་གསོ་རིག་གི་དབྱེ་ཞིབ་སྨྲ་བའི་བཅོས་ཐབས་འོག སྨན་བཅོས་ཀྱི་དམིགས་ཡུལ་མངོན་འགྱུར་བྱུང་སྟེ། བདེ་ཐང་གི་ཆུ་ཚད་མཐོར་འདེགས་གཏོང་འདོད་ཡོད”ཅེས་ཟེར།
ཉིན་གུང་ཡོལ་རྗེས། དྲོད་འཇམ་གྱི་ཉི་འོད་ནད་ཁང་གི་སྒེའུ་ཁུང་ལས་འཕྲོས་ཤིང་། བུས་ཨ་མ་བསྐྱོར་ཏེ་ཉལ་ཁྲི་ལས་དལ་མོར་མར་བབས་པ་དང་། ཙོག་འདུག་བྱེད་པའི་ཚོད་ལྟ་ལེགས་འགྲུབ་བྱུང་བས། མ་བུ་གཉིས་ཀས་ཕན་ཚུན་ལ་ལྟ་བཞིན་ངོ་གདོང་ནས་འཛུམ་མདངས་ཤིག་མངོན་ཡོང་། ཞག་སྡོད་ནད་ཁུལ་དུ། ཨ་མར་ལྟ་སྐྱོང་བྱེད་པའི་ཚེ་རིང་རྡོ་རྗེས་བཤད་རྒྱུར། “སྔོན་ཆད་ཨ་མའི་རྐང་པ་ན་ནས་ཉལ་ཁྲི་ལས་འབབ་མི་ཐུབ། རླངས་འཁོར་བཙལ་ནས་ཟི་ལིང་གི་སྨན་ཁང་དུ་ནད་ལ་བརྟག་ཏུ་སོང་ན། ལམ་གླ་ཁོ་ན་ཡང་སྒོར་ཉིས་བརྒྱ་ལྷག་དགོས། སྒོ་འགྲམ་གྱི་སྨན་བཅོས་ཆ་རྐྱེན་ཇེ་བཟང་དུ་གྱུར་པས། རྫོང་གི་སྨན་ཁང་དུ་གཟའ་འཁོར་གཅིག་ལྷག་ལ་བསྡད་དེ། ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱས་རྗེས་ཨ་མའི་ནད་རྟགས་རིམ་གྱིས་མེད་པར་གྱུར་ལ། ད་ལྟ་དངོས་སུ་འགུལ་སྐྱོད་བྱེད་ཐུབ” ཟེར།
ཁྱིམ་ཚང་གང་པོ་ལྷག་ཏུ་དགའ་འོས་པ་ཞིག་ནི། ཀྲུང་ལུགས་གསོ་རིག་གི་སྨན་བཅོས་འགྲོ་སོང་ཡོངས་རྫོགས་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་དང་། སྨན་བཅོས་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ་ཡོད། ཚེ་རིང་རྡོ་རྗེ་ཡིས་ནད་ཁྲིའི་འགྲམ་གྱི་ཀྲུང་ལུགས་གསོ་རིག་གི་སྨན་ཆུ་ལ་བལྟས་ནས་བཤད་རྒྱུར། “འདི་ནི་སྨན་ཁང་གིས་སྡེབ་སྦྱོར་བྱས་པའི་རྐང་པ་སྦངས་པའི་རམ་འདེགས་སྨན་ཡིན་ལ། སྨན་བཅོས་ཕན་འབྲས་ཇེ་བརྟན་དུ་གཏོང་ཐུབ། གཙོ་བཅོས་སྨན་པས་ད་དུང་ཁ་པར་ཨང་གྲངས་ང་ཚོར་བྲིས་ནས། སྨན་ཁང་ལས་བུད་རྗེས་གནད་དོན་ཡོད་ན་ག་དུས་ཡིན་ཡང་དྲིས་ཆོག་ཟེར།”
སྨན་བཅོས་བརྟག་དཔྱད་མགོ་ཚུགས་ནས་ཟླ་གཉིས་ལྷག་གི་རིང་ལ། རྨ་ཆེན་རྫོང་མི་དམངས་སྨན་ཁང་གི་སྲོལ་རྒྱུན་གསོ་རིག་ཚན་ཁག་དང་ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ་གྱི་རྙིང་ཚབ་གསར་བྱེད་ནད་གཞིའི་ཆེད་བརྟག་ཚན་ཁག་གིས་མང་ཚོགས་མི་ཐེངས་ལྔ་བརྒྱ་ལྷག་ལ་ཞབས་འདེགས་ཞུས་ཟིན་པ་དང་། ཁབ་བཙའ་དང་། པྲ་ཚིལ་སྨན་བཅོས། མཉེད་འཕུར་སོགས་ཁྱད་ལྡན་སྨན་བཅོས་བྱས་ཚད་མི་ཉིས་བརྒྱ་ལྷག་ལ་སླེབས་པས། མཐོ་སྒང་གི་མང་ཚོགས་སྔར་ལས་མང་པོ “གང་དུ་སྨན་བཅོས་བྱེད་པར་བསྐྱོད་ཀྱང་། སྨན་བཅོས་བྱེད་དཀའ་བའི”དཀའ་ངལ་ལས་སྒྲོལ་ཐུབ་ཡོད།
ལྷ་མོ་འཚོས་རྩོམ་སྒྲིག་བྱས།