


སྨན་པས་ནད་པ་ཚེ་སྐྱིད་ལ་བྱེ་མའི་ཚ་དུགས་ཀྱི་གསོ་ཐབས་སྐོར་ནས་མཛུབ་སྟོན་བྱེད་བཞིན་པ།

སྒོ་བསྟེན་ལས་རེས་སྨན་པས་ནད་པའི་རྩ་ལ་བརྟག་བཞིན་པ།
ཞོགས་པར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མཁར་དུ། མཚོ་འཕང་སྨི3700ཡི་མཐོ་སྒང་གི་ཉི་འོད་ཀྱིས་དགུན་དུས་ཀྱི་གྲང་ངར་བརྟོལ་ནས། རྩེ་ཁོག་རྫོང་བོད་སྨན་ཁང་གི་སྒེའུ་ཁུང་དུ་འཕྲོས། གསེར་བྱེ་གསོ་བཅོས་ཁང་དུ་རླངས་པ་ཐུ་ལུ་ལུ་བྱེད་པ་དང་། རྩྭ་སྨན་གྱི་དྲི་ཞིམ་མཁའ་རླུང་ཁྲོད་འདྲེས་ཤིང་དྲེག་གྲུམ་ནད་ཕོག་པའི་འབྲོག་དམངས་ཚེ་སྐྱིད་ཀྱིས་ལུས་པོ་དྲོད་འཇམ་གྱི་སྨན་ཁུའི་ནང་དུ་སྦངས་པས་ན་ཟུག་ལས་བྱུང་བའི་སྨིན་མདུད་རིམ་གྱིས་ལྷོད། “སྔོན་ཆད་རྐང་པ་འདི་ན་བ་ཚེ། ཕྱུགས་ཀྱི་རྗེས་མི་ཆོད་ལ། འདི་རུ་ཡོང་ནས་སྨན་ལུམས་ཀྱིས་གསོ་བཅོས་བྱས་རྗེས། སླར་ཡང་འབྲོག་སར་འགྲོ་ཐུབ་སོང”ཞེས་ཚེ་སྐྱིད་ཀྱིས་དགོད་བཞིན་དུ་དེ་ལྟར་བཤད།
རྩེ་ཁོག་རྫོང་བོད་སྨན་ཁང་དེང་རབས་ཅན་གྱི་སྨན་སྦྱོར་ལྟེ་གནས་སུ། གནའ་བོའི་བློ་གྲོས་ཀྱིས་དེང་རབས་ཚན་རྩལ་ལ་བརྟེན་ནས་བཙོ་སྦྱང་བྱས་པའི་བོད་སྨན་རིལ་བུས་མཐོ་སྒང་གི་མང་ཚོགས་ནད་ཀྱི་ན་ཟུག་ལས་གྲོལ་ཏེ་ཁོ་ཚོར་བདེ་ཐང་གི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།
སྨན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རིན་དཔལ་འབྱོར་རྡོ་རྗེས་བཤད་རྒྱུར། གནའ་དཔེའི་ནང་དུ་སྨན་ཐོ་བཟང་པོ་གྲངས་མེད་བཀོད་ཡོད་པ་དང་། དེ་དག་ལ་ཕན་ནུས་ཡོད་པ་ཚང་མས་ཤེས་ཀྱིན་ཡོད་མོད། འོན་ཀྱང་ལག་པས་ཞིབ་བརྡར་ཁོ་ནར་བརྟེན་ན་ཐོན་ཚད་དམའ་བ་དང་ཚད་གཞི་གཅིག་གྱུར་བྱེད་དཀའ་བས། ནད་པས་སྨན་སྟེར་བར་སྒུག་པ་མཐོང་དུས་ང་ཚོའི་སེམས་པ་ཁོ་ཚོ་ལས་ཀྱང་བྲེལ་བ་ལངས་ཟེར།
ཡིན་ཡང་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་དགུ་ཁྲི་གཉིས་བཏང་ནས་བསྐྲུན་པའི་དེང་རབས་ཅན་གྱི་སྨན་སྦྱོར་ལྟེ་གནས་ཀྱིས་རྩེ་ཁོག་གི་བོད་སྨན་དང་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་བར་ཐབས་ལམ་གསར་པ་ཞིག་བཏོད།
འགྲོ་ཞོར་དང་ལྟ་ཞོར་དུ། དཔལ་འབྱོར་རྡོ་རྗེས་རྒྱུས་མངའ་ཤིན་ཏུ་ཆེ་བའི་སྒོ་ནས“དེ་ནི་ཚད་འདས་ཕྲ་བའི་ཞིབ་འཐག་འཕྲུལ་འཁོར་ཡིན་ལ། དེས་སྨན་རྫས་བཟའ་ཕྱེ་ལས་ཀྱང་ཞིབ་བུར་འཐག་ཐུབ་པ་དང་། སྨན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ། ཕར་ཕྱོགས་ཀྱི་གན་ནི་རང་འགུལ་སྤྱིན་ཐུམ་སྦྱོར་བྱེད་ཀྱི་འཕྲུལ་འཁོར་ཡིན་པ་དང་། གྲངས་ཚད་གཏན་འཁེལ་གྱིས་ཐུམ་བརྒྱབ་ན་ནོར་འཁྱུག་གཏན་ནས་འབྱུང་མི་སྲིད”ཅེས་བཤད། དེ་རུ་སྔོན་ཐོན་སྒྲིག་ཆས50ལྷག་གིས་སྲོལ་རྒྱུན་ཡོ་བྱད་ཀྱི་ཚབ་བྱས་ཡོད་པ་དང་། བོད་སྨན་སྣ་ཁ214གཞི་ཁྱོན་ཅན་དུ་ཐོན་སྐྱེད་ཐུབ་པ་དེའི་ནང་སྣ་ཁ121ནད་ཐོག་ལག་ལེན་གྱི་སྟོབས་ཤུགས་གཙོ་བོར་གྱུར་པ་དང་ལོ་རེའི་ཐོན་ཚད་ཏུན20ལ་སླེབས་ཡོད།
མ་བཅོས་རྒྱུ་ཆའི་མཛོད་ཁང་དུ། བོད་ལུགས་སྨན་རྫས་རིགས500ཙམ་ཉར་ཚགས་བྱས་ཡོད། དཔལ་འབྱོར་རྡོ་རྗེས་འདུལ་སྦྱོང་བྱས་ཟིན་པའི་སྨན་རྫས་སྤར་བ་གང་བླངས་ནས་བཤད་རྒྱུར། “འཚོལ་སྡུད་དང་སྨན་སྦྱོར་བྱས་ནས་ཐུམ་སྒྲིལ་བྱེད་པའི་བར་དུ་ཐོན་ལས་ཀྱི་ཕྲེང་འབྲེལ་ཆ་ཚང་ཞིག་ཡོད་པ་དང་། ཐོན་སྐྱེད་བྱས་པའི་བོད་སྨན་ནི་འབྲོག་པའི་གློ་ཁུག་ནང་གི‘སེམས་བདེ་རིལ་བུར་གྱུར་ཡོད།”
འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྲོག་ཤིང་ནི་མང་ཚོགས་ཀྱིས་ནད་སྟོན་པར་སྔར་ལས་སྟབས་བདེ་བ་དང་སྔར་ལས་བློ་བདེ་མོ་ཡོང་བར་བྱ་རྒྱུ་དེ་ཡིན། རྩེ་ཁོག་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཁྲིན་ཅན་ལུང་གིས་སྔོན་ཆད་ནད་ལྕི་མོ་བྱུང་ཚེ་མང་ཆེ་བ་ཞིང་ཆེན་དུ་སྨན་པར་སྟོན་དུ་འགྲོ་དགོས། ཡིན་ཡང་ད་ལྟ་རང་ས་གནས་ཀྱི་སྨན་བཅོས་ཆ་རྐྱེན་དང་སྨན་པའི་དཔུང་སྡེ་ཇེ་བཟང་དུ་གྱུར་ཡོད་པས། ནད་པ་རྣམས་ཀྱིས་རང་ས་གནས་སྨན་བཅོས་ཞབས་ཞུ་ལེགས་པོ་ལོངས་སྤྱོད་བྱེད་ཐུབ་ཟེར།
“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང“མཚོ་སྔོན་ལྷོ་རྒྱུད་སྨན་པའི་རོགས་སྐྱོར”ཚོགས་པ་འབྱོར་བ་དེས་རྩེ་ཁོག་རྫོང་བོད་སྨན་ཁང་གི་བཅོས་བསྒྱུར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད། 2025ལོར། རྩེ་ཁོག་རྫོང་གི་དོས་དྲག་ནད་མྱུར་སྐྱོབ་ལེགས་འགྲུབ་བྱུང་ཚད94%ཡན་ལ་བརྟན་འཇགས་བྱུང་ཡོད་པ་དེའི་ཐོག་ནས་ཉེན་ཁ་དང་ནད་པ་ཚབས་ཆེན་མང་ཆེ་བ་སྨན་ཁང་གཞན་དུ་སྨན་བཅོས་བྱེད་དུ་འགྲོ་མི་དགོས་པ་མཚོན་ཡོད།
དེར་མ་ཟད། རྩེ་ཁོག་རྫོང་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་སུ་རྒྱ་སྐྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་དུ་ཚད་ལྡན་གྱི་བོད་སྨན་ཚན་ཁག་བཙུགས་ཡོད་པ་དང་། སྡེ་བའི་འཕྲོད་བསྟེན་ཁང64ལ་གཞི་རྩའི་བོད་སྨན་སྒྲིག་སྦྱོར་བྱས་ཏེ། སྐམ་ཁབ་དང་མེ་བཙའ་སོགས་སྨན་བཅོས་ལག་རྩལ་ཁྱབ་གདལ་བཏང་ཡོད།
“སྔོན་ཆད་ཡུལ་ཚོ་ནས་ཡོང་བའི་ནད་པ་རྫོང་ཐོག་ཏུ་སྨན་བཅོས་ཐེངས་གཅིག་བྱེད་པར་སོང་ན་ཉིན་གཅིག་ལ་ཕར་འགྲོ་ཚུར་འོང་བྱེད་དགོས། ད་ལྟ་འབྲོག་དམངས་ནད་པ་འཕྲུལ་རྟར་ཞོན་ན་སྐར་མ་བཅུ་ལྷག་གི་ནང་དུ་ས་གནས་དེ་གའི་འཕྲོད་བསྟེན་ཁང་དུ་སླེབས་ནས་སྨན་བཅོས་བྱས་རྗེས་ད་དུང་ཕྱིར་རང་ཁྱིམ་དུ་ལོག་ནས་ལས་ཀ་ལས་ཐུབ་པས་སྟབས་བདེ་ཆེན་པོ་བསྐྲུན་ཡོད”ཅེས་རྩེ་ཁོག་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དཔལ་འབུམ་ཐར་གྱིས་གསར་འགོད་པར་དེ་ལྟར་བཤད།
2025ལོར་རྩེ་ཁོག་རྫོང་གི་གཞི་རིམ་ཀྲུང་བོད་སྨན་རྫས་ཡོང་འབབ་དུས་མཉམ་ལས25.63%འཕར་ཡོད། དེས་མང་ཚོགས་ཀྱིས“སྨན་བཅོས་བྱེད་དཀའ་བ་དང་སྨན་བཅོས་བྱེད་དུ་འགྲོ་ཐག་རིང་བའི”མ་གནས་ཇེ་དམའ་རུ་ཕྱིན་པར་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་པ་མཚོན།
རྩེ་ཁོག་རྫོང་གིས་བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་རྫོང་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། མ་དངུལ་སྒོར་ས་ཡ་གཉིས་དང་ཁྲི་དགུ་བཏང་སྟེ་གཟུགས་འདས་ཤུལ་བཞག་རིག་གནས་སྲོལ་རྒྱུན་བོད་ལུགས་གསོ་རིག་འགྲེམ་སྟོན་ཁང་བསྐྲུན་ཡོད། དཔལ་འབུམ་ཐར་གྱིས་བཤད་རྒྱུར། དེ་རུ་བོད་སྨན་རྩི་ཤིང་གི་མ་དཔེ་དང་། གནའ་དཔེ་དང་ཚད་ལྡན་ཡིག་ཆ་རིགས571ཉར་ཚགས་བྱས་ཡོད་ཟེར།
འགྲེམ་སྟོན་ཁང་དེ་ནི་ད་སྐབས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས(བོད་ལུགས)སྨན་རྫས་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞིར་གྱུར་ཡོད། གནས་དེར་གནའ་བོའི་བོད་ལུགས་གསོ་རིག་གི་ཤེས་བྱ་རེ་རེ་ས་བོན་རེ་རེར་བསྒྱུར་ནས་སྨན་བཅོས་ལས་སྒྲུབ་པའི་སེམས་སུ་བཏབ་དང་འདེབས་བཞིན་ཡོད།
ཁྲིན་ཅན་ལུང་གིས་བཤད་རྒྱུར། 2022ལོར་ང་ཚོས་རྒྱལ་ཡོངས་གཞི་རིམ་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྔོན་ཐོན་ལས་ཁུངས་བདེ་བླག་ངང་བཙུགས་པ་དང་། 2024ལོར་བོན་བརྒྱ་ཡུལ་ཚོ་འཕྲོད་བསྟེན་སྨན་ཁང་ལ་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ། ང་ཚོས་མི་དམངས་ཀྱི་བདེ་ཐང་གཙོར་འཛིན་པའི་འཕེལ་རྒྱས་འདུ་ཤེས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་བཅོས་བསྒྱུར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རྩེ་ཁོག་མི་དམངས་ལ་རིམ་པ་མང་བ་དང་སྣ་མང་ཅན་གྱི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཟེར།
ཉི་མ་ནུབ་ཁར་ཡང་། རྩེ་ཁོག་རྫོང་བོད་སྨན་ཁང་དུ་སྨན་གྱི་དྲི་ཞིམ་སྔར་བཞིན་འཐུལ་ནས་ཡོད། གནའ་བོའི་ཤེས་རབ་དང་དེང་རབས་ཚན་རྩལ་མཉམ་སྡེབ་ཀྱིས་བཙོ་སྦྱང་བྱས་ནས་གྲུབ་པའི་བོད་སྨན་རིལ་བུ་དེ་ནི་མཐོ་སྒང་གི་ཆེས་སྲ་ཞིང་བརྟན་པའི་སྐལ་བཟང་མེ་ཏོག་གི་ས་བོན་དང་འདྲ་བར། རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་རྩེ་ཁོག་རྫོང་གི་རྩྭ་ཐང་དང་རི་ཁུག་གང་སར་གཏོར་ནས་མཐོ་སྒང་གི་ཆེས་བབ་ཆགས་ཀྱི་བདེ་སྐྱིད་དང་བདེ་ཐང་སྲུང་བཞིན་ཡོད།
རྩོམ་སྒྲིག་པ་ལྷ་མོ་ཚེ་རིང་།