
ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་ལྟེ་གནས་དངོས་སུ་བཙུགས་ནས་འཁོར་སྐྱོད་བྱེད་འགོ་བརྩམས། ལོ་མཇུག་གི་དམངས་འཚོ་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལྟེ་གནས་དེས་རྫོང་ཁོངས་ཀྱི་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་ཞབས་ཞུའི་སྟོང་ཆ་བསྐང་བ་དང་། རྫོང་ཁོངས་ཀྱི་མཁལ་ནད་ཡོད་པའི་ནད་པ་རྣམས་དུས་ཡུན་རིང་བོར་ཞིང་ཆེན་དུ་སོང་ནས་སྨན་བཅོས་བྱེད་པའི་དཀའ་ཁག་མེད་པར་བྱས་ཤིང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དང་དམངས་ཕན་ཞབས་ཞུར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་དམངས་འཚོའི་འགན་སྲུང་ཚད་མཐའ་བརྟན་པོར་སྲུང་།
ཏུའུ་ལན་རྫོང་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་ལྟེ་གནས་སུ་བསྐྱོད་པ་ན། རྨིད་གྲུ་བཞི་མ་ཆིག་སྟོང་བརྒྱད་ཅུའི་བརྟག་བཅོས་ཁང་གི་བར་སྟོང་འཆར་འགོད་གསལ་ཞིང་གོ་རིམ་ལྡན། བརྟག་བཅོས་བྱེད་པར་སྒུག་ས་དང་སྤྱིར་བཏང་གི་སྨན་བཅོས་བྱེད་ས། ཕྲལ་གཅོད་སྨན་བཅོས་ཁུལ་བཅས་བགྲོད་ལམ་གསུམ་དང་ཁུལ་ཁོངས་གསལ་བོར་དབྱེ་ནས་ཚན་ལྡན་སྒོས་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། དུས་མཉམ་དུ་ནད་པ་བཅུ་ཡི་བརྟག་བཅོས་དགོས་མཁོ་སྐོང་ཐུབ། བརྟག་བཅོས་ཐད་ཀྱི་བདེ་འཇགས་དང་སྤུས་ཚད་ལ་འགན་སྲུང་བྱེད་ཆེད། ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་ལྟེ་གནས་ཀྱིས་བསྡོམས་པས་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་དྲུག་བཏང་ནས་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་འཕྲུལ་ཆས་བཅུ་ཉོས་ནས་སྒྲིག་ཆས་ཀྱི་ངོས་ནས་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་བྱེད་སྐབས་ཀྱི་ཆུའི་ཚད་གཞི་དང་བརྟག་བཅོས་གོ་རིམ་བདེ་འཇགས་ཡོང་བར་འགན་སྲུང་བྱས།
ལྟེ་གནས་ཀྱི་ལས་སྒོའི་འགོ་གཙོས་བཤད་རྒྱུར། ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་ལྟེ་གནས་བཙུགས་པ་དེས་ང་ཚོས་རྫོང་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་མི་འདང་ས་ཁ་གསབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྒྲིག་ཆས་བཀོད་སྒྲིག་ནས་དཔུང་སྡེ་འཛུགས་སྐྲུན་བར་གང་ཡིན་ཡང་ང་ཚོས་ཐོག་མཐའ་བར་གསུམ་དུ་ལས་རིགས་ཀྱི་ཚད་གཞིར་དཔེ་སྡུར་བྱས་པ་ཡིན་ལ། དམིགས་ཡུལ་ནི་རྫོང་ཁོངས་ཀྱི་ནད་པ་ཚང་མ་ཐག་རིང་དུ་འགྲོ་མི་དགོས་པར་རང་གནས་ནས་ཚད་གཞི་དང་སྤུས་ཚད་གཅིག་པའི་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་དུ་འཇུག་པའི་ཆེད་ཡིན། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་གོང་རིམ་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ་ལག་རྩལ་རོགས་སྐྱོར་སྤེལ་ནས་བརྟག་བཅོས་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དང་དམངས་འཚོ་བཟོ་སྐྲུན་དངོས་འབེབས་དོན་འཁྱོལ་ནན་མོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་ངེས་ཡིན་ཟེར།
སྨན་བཅོས་ཞབས་ཞུའི་སྤུས་ཚད་ཀྱི་གཙོ་གནད་ནི་ཆེད་ལས་དཔུང་སྡེའི་འདེགས་སྐྱོར་ལ་རག་ལས་ཡོད། ལྟེ་གནས་དེས་ཆེད་ལས་ཅན་གྱི་བརྟག་བཅོས་དཔུང་སྡེ་ལྔ་བཙུགས་ཡོད་པ་དང་། སྨན་པ་དཀའ་བཅུ་པ་ཚང་མར་ ནད་ཐོག་ལག་ལེན་དང་བརྟག་བཅོས་ཉམས་མྱོང་ཡོད་ལ། ནད་གཡོག་ཚང་མས་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་ཆེད་ལས་གསོ་སྦྱོང་ཡོངས་འགྲུབ་བྱས་ཤིང་། ལག་རྩལ་མི་སྣས་སྒྲིག་ཆས་འཁོར་སྐྱོད་དང་ཞིག་གསོ། ཆུའི་ཐག་གཅོད་དོ་སྲུང་བྱ་བའི་ཆེད་འགན་ཁུར་ནས་བརྟག་བཅོས་བྱ་བར་ཕྱོགས་ཡོངས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་བཞིན་ཡོད།
ལྟེ་གནས་ཀྱི་ནད་གཡོག་ཅིག་གིས་བཤད་རྒྱུར། ང་ཚོས་ནན་ཏན་སྒོས་བརྟག་བཅོས་ཀྱི་ཚད་གཞི་ལྟར་བྱ་བ་སྤེལ་བཞིན་ཡོད་དེ། སྨན་བཅོས་མ་བྱས་སྔོན་ལ་ནད་པའི་ལྗིད་ཚད་དང་ཁྲག་རྩའི་གནས་ཚུལ་ལ་དཔྱད་དཔོག་ནན་མོ་བྱེད་བཞིན་ཡོད་ལ། སྨན་བཅོས་བྱེད་པའི་སྐབས་སུ་ཡང་དུས་ངེས་མེད་དུ་ཁྲག་ཤེད་དང་སྙིང་ཕྱོད་སོགས་ཚེ་སྲོག་གི་ལུས་རྟགས་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད། ཁྲག་དཀག་དང་ཁྲག་ཤེད་དམའ་བ་སོགས་དེ་འབྲེལ་གྱི་ནད་རིགས་ལ་དམིགས་ནས་ང་ཚོས་ཚད་ལྡན་གྱི་སྨན་བཅོས་བྱེད་ཐབས་དང་འཕྲལ་བསྟུན་ཐག་གཅོད་གོ་རིམ་སྤྱད་དེ་ནད་པའི་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད། ནད་པས་རང་ས་གནས་ནས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་བྱས་ན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་དུས་ལྟར་ཉིན་རྒྱུན་གྱི་བཟའ་བཏུང་ཐད་མཛུབ་སྟོན་དང་གཤེར་གཟུགས་དོ་དམ་སོགས་བྱས་ནས་སྨན་བཅོས་ཀྱི་ཕན་འབྲས་དང་ནད་པའི་འཚོ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་ཐུབ་ཟེར།
བརྟག་བཅོས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་ཆེད། ལྟེ་གནས་དེས་སྨན་ཁང་གཞན་དུ་ཟབ་སྦྱོང་ལ་འགྲོ་བ་དང་ཆེད་མཁས་པས་རོགས་སྐྱོར་མཉམ་བསྲེས་ཀྱི་བྱེད་ཐབས་ལ་སྐུལ་འདེད་བཏང་ནས། རྐང་འཛིན་སྨན་པ་གཅིག་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་ཆེད་དོན་ཟབ་སྦྱོང་བྱེད་དུ་མངག་ཏེ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་བསྡུ་ལེན་བྱས་ཤིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཆེད་མཁས་པ་གདན་ཞུ་བྱས་ནས་བརྟག་བཅོས་མཛུབ་སྟོན་བྱེད་དུ་བཅུག་པ་དང་། ནད་དཔེར་ཞིབ་འཇུག་གྲོས་བསྡུར་དང་ཡུལ་དངོས་སྦྱོང་བརྡར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བླ་གཉན་ཐག་གཅོད་ནུས་པ་ཇེ་དྲག་ཏུ་བཏང་། མིག་སྔར། ལྟེ་གནས་དེ་ཡིས་རང་བདག་སྒོས་རྒྱུན་ལྡན་གྱི་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་དང་། ཟུངས་ཁྲག་ཇེ་དྭངས་སུ་གཏོང་སྐབས་འབྱུང་སླ་བའི་ནད་རིགས་དག་ཚན་ལྡན་སྒོས་ཐག་གཅོད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ལ། བརྟག་བཅོས་ཆུ་ཚད་ཕྱོགས་ཡོངས་ནས་ལས་རིགས་ཀྱི་ཚད་གཞིར་དཔེ་བསྡུར་བྱེད་བཞིན་ཡོད།
དེ་སྔ། ཏུའུ་ལན་རྫོང་གི་མཁལ་མའི་ནད་རིགས་བྱུང་བའི་ནད་པ་དག་གཟའ་འཁོར་གཅིག་གི་ནང་ཐེངས་གཉིས་ནས་གསུམ་ལ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ་སོང་ནས་ཟུངས་ཁྲག་ཇེ་དྭགས་སུ་གཏོང་བའི་སྨན་བཅོས་བྱེད་དགོས་ལ། ལག་ཐག་རིང་བའི་དབང་གིས་དུས་ཚོད་མང་པོ་དང་སེམས་ཤུགས་མང་པོ་ཟད་གྲོན་བྱེད་པར་མ་ཟད། འགྲིམ་འགྲུལ་དང་བཟའ་བཏུང་། སྡོད་ཁང་གི་འགྲོ་སོང་ཆེ་བས་ནད་པའི་ཁྱིམ་ཚང་གི་ཁུར་བོ་ཇེ་ལྕིར་སོང་ནས། སྨན་བཅོས་བྱེད་དཀའ་བ་དང་སྨན་རིན་དཀའ་བ་དེ་མང་ཚོགས་ལ་དཀའ་ངལ་བཟོ་བའི་དམངས་འཚོའི་དཀའ་གནད་ཅིག་ཏུ་གྱུར་ཡོད། ལྟེ་གནས་དེ་རུ་ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་དང་ལེན་བྱེད་བཞིན་པའི་ནད་པ་ཞིག་གིས་བཤད་རྒྱུར། སྔོན་ཆད་གཟའ་འཁོར་རེའི་ནང་ཐེངས་གཉིས་ནས་གསུམ་ལ་ཟི་ལིང་དུ་སྨན་བཅོས་བྱེད་དུ་འགྲོ་དགོས། ལམ་ནས་ཉིན་གཉིས་དགོས་ལ། ལམ་རིན་དང་བཟའ་བཏུང་སོགས་ཀྱི་འགྲོ་སོང་ཆེ་བར་མ་ཟད། ལམ་ཐག་རིང་བས་ལུས་ཕུང་གིས་ཀྱང་བཟོད་དཀའ། ད་ལྟ་རང་ས་གནས་སུ་ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པས། འགྲོ་གྲོན་ཇེ་ཉུང་དུ་སོང་ཡོད་ལ། ཕར་འགྲོ་ཚུར་འོང་གི་དཀའ་སྡུག་ཀྱང་མྱོང་མི་དགོས་པས། ང་ཚོ་མཁལ་ནད་བྱུང་ཡོད་པའི་ནད་པ་རྣམས་ཀྱི་སེམས་ཁྲལ་དང་དཀའ་གནད་ཐག་གཅོད་ལེགས་པོ་བྱས་སོང་ཟེར།
ཟུངས་ཁྲག་ཇེ་དྭངས་སུ་གཏོང་བའི་སྨན་བཅོས་ལྟེ་གནས་བཙུགས་ཏེ་འཁོར་སྐྱོད་བྱས་པ་དེས། ནད་པ་དག་སྨན་པར་སྟོན་དུ་འགྲོ་བའི་ལམ་ཐག་ཇེ་ཐུང་དུ་བཏང་བ་དང་། རང་ས་གནས་ནས་སྨན་བཅོས་བྱེད་ཐུབ་པ་དེ་རེ་སྒུག་ཅིག་ནས་མངོན་སུམ་དུ་གྱུར། དེ་དང་མཉམ་དུ། སྒོ་བསྟེན་དམིགས་བསལ་ནད་རིགས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་སོགས་ལ་བརྟེན་ནས་ནད་པའི་སྨན་རིན་འགྲོ་གྲོན་རྩིས་ཞུ་བྱེད་ཚད་སྔར་ལས་མཐོར་འདེགས་བྱུང་སྟེ་ཐེངས་གཅིག་གི་སྨན་བཅོས་ཁྲོད་ རང་གིས་སྟེར་དགོས་པའི་འགྲོ་གྲོན་མངོན་གསལ་ཇེ་དམར་སོང་བས། ནད་པས་སྨན་པར་སྟོན་པའི་ཐོབ་ཚོར་དང་འཚོ་བའི་སྤུས་ཚད་མཐོར་འདེགས་བྱུང་ནས་བདེ་ཐང་ཏུའུ་ལན་འཛུགས་སྐྲུན་ཐད་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།