དྲ་རྒྱའི་དོ་དམ་ལས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ།
ཁུངས། ཀློག་གྲངས།

གྲོང་ཁྱེར་འཕྲེད་ཀྱིས་གཤགས་ནས་བཞུར་གྱིན་པའི་བྱ་ཆུ།

ཆུ་ལམ་ལྟ་སྲུང་བས་ཆུ་ལམ་གྱི་གད་སྙིགས་འཐུ་བཞིན་པ། 

ཉེ་ལམ།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུས་ཧྲུའུ་གྲོང་ཁྱེར་གྱི་ནམ་མཁའ་སྔོ་ཞིང་གཡའ་དག་ལ། མཐོ་དམའ་མི་སྙོམས་པའི་རི་རྒྱུད་སྤྱན་ལམ་དུ་བསྟར། འཇིགས་མེད་བསྟན་འཛིན་བྲེལ་ཚུབ་ཀྱིས་འདུར་རྒྱུག་བྱེད་ཀྱིན་ཡོད་ལ། ཁ་པར་དུ་ལན་རེར་བྱ་བའི་སྐོར་གྱི་ཆ་འཕྲིན་འབྱོར་བྱུང་བ་སྟེ། རྒྱབ་ངོས་སྲང་ལམ་གྱི་ལམ་ངོས་ཞིག་གསོ་ནས་ཆུ་ལམ་གད་སྙིགས་གཙང་སེལ་བྱེད་པའི་བར་དང་། དེ་ནས་སྡོད་དམངས་ཀྱི་འགལ་བ་ཐག་གཅོད་པའི་བར་གྱི་དམངས་འཚོའི་དོན་དག་གསར་བ་རེ་རེ་བཞིན་དུས་ཐོག་ཏུ་གོ་ཐུབ་པར་བྱས།

ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་མདོ་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་འཇིགས་མེད་བསྟན་འཛིན་གྱིས་སྐད་གསེང་མཐོན་པོས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ལས་བཏོན་པའི་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་གཙོར་འཛིན་རྒྱུན་འཁྱོངས་བྱེད་པ་དེ་གཞི་རིམ་ལ་མཚོན་ནས་བཤད་ན། དྲ་རྒྱ་ཅན་གྱི་ཞབས་ཞུ་དང་དོ་སྙོམས་ཅན་གྱི་དོ་དམ་སྔར་ལས་ལེགས་པོར་བསྒྲུབ་དགོས། མང་ཚོགས་ཀྱི་དོན་དག་ཆུང་ཆུང་ནི་ང་ཚོའི་དོན་ཆེན་ཡིན་པས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་དོ་དམ་བྱེད་མཁན་ཡོད་ལ་མྱུར་མོར་ཐག་གཅོད་བྱས་ཏེ། སུ་ཚང་ལ་དགོས་མཁོ་ཡོད་ན། དུས་ལྟར་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ཟེར།

སྐྱེ་རྒུ་སྲང་ལམ་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ཁོངས་ཡིན་པས། བོད་རིགས་དང་རྒྱ་རིགས་སོགས་རིགས་སོ་སོའི་མང་ཚོགས་འདུས་སྡོད་བྱས་ཡོད་ལ། གྲོང་སྲིད་ཀྱི་སྒྲིག་བཀོད་དང་། དམངས་འཚོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་དགོས་མཁོ་སྣོལ་མར་ཡོད། གཞི་རིམ་བཅོས་སྐྱོང་གི་ཚན་དུམ་དབྱེ་འབྱེད་དང་ཆ་འཕྲིན་འགོར་འགྱངས་ཀྱི་དཀའ་གནད་ཇི་ལྟར་ཐག་གཅོད་དགོས་ཞེ་ན། ཉེ་བའི་ལོ་འགའི་རིང་། སྲང་ལམ་གྱིས་དྲ་རྒྱ་དང་དོ་སྙོམས་ཅན་མཉམ་འབྲེལ་གྱི་གཞི་རིམ་བཅོས་སྐྱོང་མ་ལག་གསར་འཛུགས་བྱས་པ་དང་། སྡེ་ཁག་བར་གྱི་བཀག་རྒྱ་དོར་ཞིང་། གྲོང་སྲིད་དང་ཁོར་སྲུང་། ནགས་རྩྭ། ཕྱོགས་བསྡུས་ཁྲིམས་བསྟར་སོགས་སྡེ་ཁག་གི་ལས་བྱེད་མི་སྣ་གཞི་རིམ་གྱི་སྲང་ལམ་དུ་ཕྱོགས་ནས། སྡེ་ཁག་མཉམ་འགུལ་དང་དྲ་རྒྱའི་དོ་དམ། མང་ཚོགས་ཟབ་ཞུགས་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་གདུབ་ཟུམ་རྣམ་པ་ཆགས་ཡོད།

སྐྱེ་རྒུ་སྲང་ལམ་གྱི་དམངས་བདེ་ཞབས་ཞུའི་ལྟེ་གནས་སུ། འགལ་བ་རྩོད་གཞི་ཐག་གཅོད་དང་སྤྱི་ཚོགས་སྤྱི་བའི་ཞབས་ཞུ་སོགས་ཀྱི་ཆེད་དམིགས་སྒེའུ་ཁུང་གྲལ་ལྟར་བསྒྲིགས་ཡོདཔས། མི་དམངས་དྲག་ཆས་དམག་དཔུང་དང་དམངས་སྲིད། མི་དོན། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། དམངས་འཚོའི་ཞབས་ཞུ་སོགས་ཀྱི་ཆེད་དམིགས་ལས་བཟོ་པའི་ཆ་འཕྲིན་གསལ་བོར་རྟོགས་ཐུབ། ལས་བྱེད་མི་སྣ་ཀུན་དགའ་འཕྲིན་ལས་ཀྱིས་ངང་རྒྱུད་རིང་པོས་ཁང་པ་དང་ས་ཞིང་གི་ས་མཚམས་འགལ་བའི་སྐོར་འདྲི་བར་ཡོང་བའི་མང་ཚོགས་རྣམས་སྣེ་ལེན་བྱེད་ཀྱིན་ཡོད་ལ། མདུན་ཅོག་སྟེང་གི་འདུམ་འགྲིག་ཟིན་ཐོར་མང་ཚོགས་ཀྱི་རེ་འདུན་མང་པོ་བྲིས་འདུག

སྲང་ལམ་གྱི་དྲ་རྒྱ་དང་དོ་སྙོམས་ཅན་གྱི་དོ་དམ་ལས་བྱུང་བའི་འགྱུར་ལྡོག་སྐོར་གླེང་ཚེ། ཀུན་དགའ་འཕྲིན་ལས་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་དོན་དག་ཅིག་ཡིད་ལ་ཝ་ལེར་ཤར་བྱུང་སྟེ། 2025ལོའི་ཟླ4པའི་ཟླ་སྨད་དུ། མཐུན་སྒྲིལ་སྡེ་ཁུལ་གྱི་སྡོད་དམངས་ཀྱིས་སྐད་འཕྲིན་ཚོམས་སུ་གད་སྙིགས་གང་དགར་གཡུགས་པའི་དོན་དག་ཚུར་སྣང་བྱས་པ་དང་། ཁོར་སྲུང་ཚོགས་གཙོས་བརྡ་འཕྲིན་མཐོང་རྗེས། དེའི་གནས་ཚུལ་སྲང་ལམ་ལ་ཡར་ཞུ་བྱས་ཤིང་། སྲང་ལམ་གྱིས་མྱུར་མོར་སྡེ་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྐྱེ་རྒུ་ཕྱོགས་བསྡུས་ཁྲིམས་བསྟར་རུ་ཁག   ཁོར་སྲུང་སོགས་སྡེ་ཁག་གི་ལས་བྱེད་མི་སྣ་ཡུལ་དངོས་སུ་ཐག་གཅོད་བྱེད་པར་རྩ་འཛུགས་བྱས།

ཀུན་དགའ་འཕྲིན་ལས་ཀྱིས་བཤད་རྒྱུར། དོན་དག་གི་མགོ་འཇུག་བར་གསུམ་རྒྱུས་ལོན་བྱས་རྗེས། ང་ཚོས་དུས་ལྟར་ཁོར་སྲུང་ཀུང་ཟི་དང་མཐུན་སྦྱོར་བྱས་ནས་འདྲུད་སྐྱེལ་རླངས་འཁོར་བཀོད་སྒྲིག་བྱས་པ་དང་། སྡོད་དམངས་ཀྱི་གཞོགས་འདེགས་འོག གད་སྙིགས་ཚང་མ་ཉིན་དེར་གཙང་དག་བྱས་ཚར་སོང་ཟེར། བལྟས་ན་ཧ་ཅང་ཆུང་ཆུང་དུ་སྣང་བའི་དོན་ཆུང་ལས། དྲ་རྒྱ་དང་དོ་སྙོམས་ཅན་གྱི་དོ་དམ་རྣམ་པ་དེས་སྡེ་ཁུལ་གྱི་ལས་ཕྱོད་མཐོ་བའི་འཁོར་རྒྱུག་མངོན་པར་བྱས་ཡོད།

འཇིགས་མེད་བསྟན་འཛིན་གྱིས་བཤད་རྒྱུར། ཁུལ་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་དམིགས་ནས། སྐྱེ་རྒུ་སྲང་ལམ་གྱིས་སྡེ་ཁག་མང་པོ་དང་ཁོངས་མི་མང་པོའི་སྐོར་ཞིབ་རུ་ཁག་སྒྲིག་འཛུགས་བྱས་ཏེ། གནད་དོན་སྔ་ཙམ་ནས་མཐོང་བ་དང་སྔ་ཙམ་ནས་ཐག་གཅོད་པར་ཁག་ཐེག་བྱས་ཞེས་ཟེར།

སྲང་ལམ་གྱིས་བཙུགས་པའི་སྐོར་ཞིབ་དང་ཐག་གཅོད། ཕྱིར་ལྡོག་བཅས་ཀྱི་གདུབ་ཟུམ་རྐྱེན་སྲོལ་ལས་འདི་འདྲའི་ཐག་གཅོད་སྣང་ཚུལ་བྱུང་བ་རེད། གཟའ་འཁོར་རེའི་གཟའ་ལྷག་པར། སྲང་ལམ་ཚོགས་འདུ་དེ་དཀའ་གནད་ཐག་གཅོད་པའི་གྲོས་དོན་ཚོགས་འདུར་གྱུར་ཞིང་། སྲང་ལམ་དང་སྡེ་ཁུལ། ཁོར་སྲུང་། ནགས་རྩྭ། གྲོང་སྲིད། ཕྱོགས་བསྡུས་ཁྲིམས་བསྟར་སོགས་སྡེ་ཁག་གི་འགན་འཁུར་མི་སྣ་དང་སྡོད་དམངས་ཀྱི་འཐུས་ཚབ་སོགས་ཚོགས་ཁང་གཅིག་ཏུ་བསྡད་དེ། མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་གནས་དོན་གསེད་བཀྲོལ་བྱས་ལ། འགན་འཁྲི་ལས་བགོ་དང་ཡོངས་འགྲུབ་དུས་ཡུན་གཏན་འཁེལ་གསལ་བོ་བྱས།

ཉེ་དུས་ཀྱི་ཚོགས་འདུའི་སྟེང་། འཇིགས་མེད་བསྟན་འཛིན་གྱི་ཟིན་ཐོའི་སྟེང་བསྒྲུབ་དགོས་པའི་དོན་དག་ཞིབ་མོར་བྲིས་ཡོད་དེ། སྡོད་དམངས་ཀྱིས་ཚུར་སྣང་བྱས་པའི་གད་སྙིགས་སྤུང་བའི་གནད་དོན་ཐད། ཁོར་སྲུང་སྡེ་ཁག་གིས་སྣེ་ཁྲིད་དེ་དངོས་འབེབས་བྱེད་དགོས་ལ། སྡེ་ཁུལ་གྱིས་མང་ཚོགས་ལ་སྐུལ་སློང་ཡག་པོ་བྱེད་དགོས། ཆུ་ལམ་སྐོར་སྲུང་བརྒྱུད་རིམ་ཁྲོད་ཀྱི་བཙོག་འབུད་གནད་དོན་དེ་ཁྲིམས་བསྟར་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མྱུར་མོར་ཞིབ་བཤེར་བྱེད་དགོས།

སྲང་ལམ་ལས་བརྒྱུད་དེ་བྱ་ཆུའི་འགྲམ་རྒྱད་དུ་སླེབས་པ་དང་། ཉི་འོད་འོག་ཏུ། ཆུ་བོ་དྭངས་ཤིང་གཙང་བར་བཞུར་གྱིན་མཆིས། ཆུ་ལམ་ལྟ་སྲུང་བ་མིག་དམར་གྱིས་གཙང་སྦྲའི་ཡོ་བྱད་ལག་ཏུ་བཟུང་ནས་ཉིན་གཅིག་གི་སྐོར་སྲུང་བྱ་བ་ལས་མགོ་རྩོམ་བཞིན་འདུག ཁོང་གིས་སྐེད་པ་སྒུར་ནས་ཆུ་ཁར་གཡེང་བའི་འགྱིག་ཤོག་ལེན་བཞིན་ཡོད་ལ། སེམས་ཞིབ་མོས་ཤིང་ལམ་ངོས་ཀྱི་གད་སྙིགས་གཙང་དག་བྱེད་ཀྱིན་འདུག མིག་དམར་གྱིས་ལྷ་ལུང་ཟམ་པ་ནས་གེ་སར་ཟམ་པ་བར་གྱི་སྤྱི་ལེ་གཉིས་ཀྱི་ལམ་མཚམས་སུ་ཉིན་རེར་ཐེངས་གཉིས་གསུམ་ལ་སྐོར་སྲུང་བྱེད་ཀྱིན་ཡོད་ལ། ལམ་འདིར་ཚོང་ཁང་མང་ལ་འགྲུལ་བ་འདུས་སྡོད་ཆེ་བར་མ་ཟད། དེའི་ཐག་ཉེ་སར་གེ་སར་ཐང་ཆེན་ཡོད། མིག་དམར་ཡར་དགྱེ་ནས་རྔུལ་ཆུ་ཕྱི་ཞོར་དུ། ད་སྐབས་ཉིན་རེར་ཆུ་འགྲམ་དུ་སོང་ནས་སྐོར་སྲུང་བྱེད་དགོས་ལ། གད་སྙིགས་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། ཁོར་ཡུག་ཀྱང་གཙང་མ་ཞིག་ཏུ་གྱུར་ཡོད་ཅེས་བཤད།

སྲང་ལམ་གྱི་རི་རྒྱུད་ནགས་ཚལ་ས་མཚམས་སུ། ནགས་རྩྭའི་ལྟ་སྲུང་བས་རྡོག་ཁྲེས་རྒྱབ་ལ་ཁུར་ནས་ནགས་གསེང་བརྒྱུད་དེ། མེ་སྐྱོན་ཉེན་ཁར་གྲལ་བཤེར་ཞིབ་མོ་བྱེད་པ་དང་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་བྱེད་སྟངས་ལ་ལྟ་ཞིབ་ཚད་ལེན་བྱེད་པ། གད་སྙིགས་འཐུ་བ་བཅས་ནི་ཁོ་ཚོའི་ཉིན་རྒྱུན་གྱི་བྱ་བར་གྱུར་ཡོད།  སྲང་ལམ་ཆེ་ཆུང་ཀུན་ཏུ། དྲ་རྒྱའི་དོ་དམ་པ་དུད་ཁྱིམ་རེ་རེར་བཅར་འདྲིར་སོང་ནས་སྡོད་དམངས་ཀྱི་རེ་འདུན་འཚོལ་སྡུད་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་བྱེད་ཀྱིན་མཆིས། སྲང་ལམ་གྱིས་ཆུ་ལམ་ལྟ་སྲུང་བ་དང་། ནགས་རྩྭའི་ལྟ་སྲུང་བ། སྡེ་ཁུལ་དྲ་རྒྱའི་དོ་དམ་པ་བཅས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཆུ་ལམ་དང་། རི་རྒྱུད་དང་ནགས་ཚལ། སྡེ་ཁུལ་བཅས་ལ་ཁེབས་པའི་སྐྱེ་ཁམས་ལྟ་སྲུང་གི་རྣམ་པ་ཞིག་ཆགས་ཡོད་སྟབས། ཆུ་རྒྱུན་རེ་རེ་དང་། ནགས་ས་རེ་རེ། སྲང་ལམ་རེ་རེ་བཅས་སུ་རྒྱུན་བསྲིངས་ཡོད།

འཇིགས་མེད་བསྟན་འཛིན་སྐྱེ་རྒུ་སྲང་ལམ་གྱི་ཏང་འཛུགས་ཀྱིས་དྲ་རྒྱའི་དོ་དམ་ལ་ཁྲིད་སྟོན་བྱེད་ཅེས་པའི་མཚོན་བྱེད་དཔེ་རིས་མདུན་དུ་ལངས་ཤིང་། ཁུལ་ཁོངས་ཀྱི་དྲ་རྒྱའི་ཁྱབ་ཚུལ་དཔེ་རིས་ལ་ལྟ་བཞིན་ཡིད་འགུལ་ཐེབས་པའི་ངང་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་བ་སྟེ། གཞི་རིམ་བཅོས་སྐྱོང་ལ་མྱུར་འགྲུབ་ཐབས་ལམ་མེད་པས། དོ་སྙོམས་ཅན་གྱི་དོ་དམ་གྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ནས། དྲ་རྒྱ་ཅན་གྱི་ཞབས་ཞུའི་ཁེབས་ཚད་ཇེ་ཆེར་བཏང་ཚེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དངོས་སུ་མང་ཚོགས་ཀྱིས་མཐོང་ཐུབ་ལ་རེག་ཐུབ་པའི་ཕན་འབྲས་སུ་བསྒྱུར་ཐུབ་ཅེས་ཟེར།

​ལྷ་མོ་འཚོས་བསྒྱུར།