བོད་སྨན་རྒྱུན་འཛིན་ལ་མེད་དུ་མི་རུང་བའི་ས་བོན་རྡོག་པོ་ས་ཡ་བདུན་འབུམ་བརྒྱད།   
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ནི་མཐོ་སྒང་དུ་ཆགས་ཡོད།     བལྟས་ཚོད་ཀྱིས་ཧ་ཅང་སྤྱིར་བཏང་གི་བོད་སྨན་ཁང་ཞིག་གི་ནང་དུ་གསང་བ་ཞིག་སྦས་ཡོད་པ་སྟེ།     བོད་སྨན་གྱི་ས་བོན་རྡོག་པོ་ས་ཡ་བདུན་འབུམ་བརྒྱད་འཇམ་ཅག་གེར་ཆེད་བཟོས་ཀྱི་གསོག་མཛོད་ནང་ཉར་ནས་དགོས་མཁོའི་དུས་ཀྱི་སྐད་ཅིག་མ་དེར་བསྒུག་ཡོད།

འདི་ནི་མདོ་དབུས་མཐོ་སྒང་གི་བོད་སྨན་རྒྱུན་འཛིན་བྱེད་པའི་སྦྲེལ་ཚིགས་ཆུང་ཆུང་གལ་ཆེན་ཞིག་ཡིན།     ཞིན་ཧེ་རྫོང་གི་བོད་སྨན་ཁང་ཆུང་ཆུང་འདིས་བོད་སྨན་གྱི་ས་བོན་རྡོག་པོ་རྩ་ཆེན་འདི་དག་བསྡུ་རུབ་དང་ཉར་ཚགས་བྱས་ཡོད།    

ཞིན་ཧེ་རྫོང་བོད་སྨན་ཁང་གི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བསམ་འགྲུབ་ནོར་བུ་ཡིས“ལོ་ངོ་སུམ་ཅུའི་སྔོན་ལ་སྨན་རྫས་འདི་དག་ཉེ་འགྲམ་གྱི་རི་འགོ་རུ་ག་ས་གང་དུ་འཐུ་རྒྱུ་ཡོད་མོད། ད་ལྟ་ཉིན་འགའ་ལ་བཙལ་ན་ད་གཟོད་སྨན་རྩྭ་འགའ་རེ་རྙེད་ཐུབ”ཟེར།

ནམ་ཟླའི་འགྱུར་ལྡོག་དང་འཚོལ་བསྡུ་ཐལ་དྲགས་པའི་དབང་གིས་རི་སྐྱེས་བོད་སྨན་གྱི་ཐོན་ཁུངས་མང་པོ་ཞིག་ཉིན་རེར་ཉམས་བཞིན་ཡོད་པ་རེད།    

གནས་བབ་འདི་ལྟ་བུ་ཞིག་གི་འོག་ཏུ་ཞིན་ཧེ་རྫོང་བོད་སྨན་ཁང་གི་བོད་སྨན་སོན་རྒྱུ་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱས་པ་རེད།

ས་བོན་རྡོག་པོ་རེ་རེ་ནི་ཚེ་སྲོག་རེ་རེ་དང་རེ་བ་རེ་རེ་ཡིན།    

ཞིན་ཧེ་རྫོང་བོད་སྨན་ཁང་གི་ཀྲུང་གོ་བོད་སྨན་སོན་རྒྱུ་ཐོན་ཁུངས་མཛོད་དུ་སྨན་ཁང་གི་ཆེད་མཁས་ཚོགས་པས་ལོ་ངོ་མང་པོའི་རིང་གངས་རི་དང་འབྲོག་ས། རྩྭ་ཐང་གི་གཏིང་རུམ་དུ་རྩ་ཆེའི་བོད་སྨན་གྱི་ས་བོན་སྣ་ཚོགས་འཚོལ་བསྡུ་བྱས་ཏེ་རིགས་ཁག་དགར་ནས་མཛོད་སྒམ་ནང་དུ་ཉར་ཡོད།    

ཐོན་ཁུངས་མཛོད་ནང་ཉར་བའི་ས་བོན་རྡོག་པོ་ས་ཡ་བདུན་འབུམ་བརྒྱད་ཀྱི་ནང་རྩ་ཆེའི་སྨན་རྫས་ཀྱི་རིགས137ཚུད་ཡོད་པ་དང་།     སྨན་སྣ་རེ་རེར་འཚོལ་བསྡུ་བྱ་ཡུལ་དང་འཚོལ་བསྡུ་དུས་ཚོད།     སྐྱེ་འཚར་ཁོར་ཡུག་སོགས་ཀྱི་ཆ་འཕྲིན་ཞིབ་ཅིང་ཕྲ་བའི་ཟིན་ཐོ་ཡོད།

གྲངས་འབོར་འདི་ནི་ཞིན་ཧེ་རྫོང་བོད་སྨན་ཁང་གི་འགོ་གཙོ་འབྲུག་ལྷ་ཐར་སོགས་ལྷ་རྗེ་བགྲང་གིས་མི་ལངས་པས་ཐོག་མཐའ་བར་གསུམ་དུ་རི་ཀློང་ཞབས་ཀྱིས་བཅགས་ནས་རླུང་ཁྲོད་བཟའ་བཏུང་བསྟེན་པའི་གྲུབ་འབྲས་ཡིན།

གྲངས་འབོར་འདི་ལག་ལེན་གྱི་ཁྲོད་དུ་སྤྱོད་སྐབས་ཧ་ཅང་དྲོད་ཁོལ་གྱིས་ཁྱབ་པ་ཞིག་ཡིན།

ཞིན་ཧེ་རྫོང་བོད་སྨན་ཁང་གིས་གསར་འབྱེད་བྱས་པའི་འདེབས་འཛུགས་ཚོད་ལྟའི་ཞིང10ཡི་ནང་ཞང་ལ་དང་འོལ་སེ།  མ་ནོ།    གྲོ་མ།    ལྕུམ་རྩྭ་དང་ཀྱི་ལྕེ་སོགས་ཀྱི་སྨན་སྣ་གསོ་སྐྱོང་བྱས་ཡོད་པ་མ་ཟད། བྱེས་ཐང་དུ་བོད་སྨན་གྱི་ས་བོན་ཐོན་ཁུངས་ལྡུམ་ར་10བཙུགས་ཡོད།    

རྩ་ཆེའི་བོད་སྨན་མང་པོ་ཞིག་འདེབས་འཛུགས་བྱས་པ་སྐྱེ་སྟོབས་ལེགས་ཤིང་དགུན་ཟླ་རིང་མོ་བརྒལ་བར་འདང་རྒྱག་མེད། དེའི་ཁྲོད་དུ“སྲོ་ལོ་དམར་པོ”འདེབས་གསོ་ལེགས་འགྲུབ་བྱུང་བ་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་ཏེ།     གསོ་རླུང་གིས་མི་འདང་བར་ཕན་པའི་བོད་སྨན་སྤུས་ལེགས་འདིའི་རིགས་ནི་སྔོན་ཆད་རི་ནས་འཚོལ་བསྡུ་བྱེད་པ་ལས་ཐབས་གཞན་མེད་མོད།     ད་ལྟ་འདང་རྒྱག་ཅི་ཡང་མེད་པའི་སྒོ་ནས་ཚོད་ལྟའི་ཞིང་དུ་འདེབས་འཛུགས་བྱས་ཆོག 

རྩ་ཆེའི་བོད་སྨན་འདི་དག་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་ནི་དེང་སྐབས་ཀྱི་གསོ་རིག་ཤེས་བྱ་ཁས་མི་ལེན་པ་ཞིག་མིན་པར།     ཞིན་ཧེ་རྫོང་བོད་སྨན་ཁང་དུ་སྲོལ་རྒྱུན་དང་དེང་རབས་གཉིས་ཁ་གཏད་དུ་གྱུར་མེད་པར་མཉམ་འདྲེས་བྱུང་ཡོད།    

མི་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱང་རིང་ལུང་ཁུག་གི་རྫོང་རིམ་པའི་བོད་སྨན་ཁང་འདི་རྒྱལ་ཡོངས་ཀྱི་བོད་སྨན་རིག་གཞུང་སྤེལ་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་རུས་ཆག་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཞིན་ཧེ་རྫོང་བོད་སྨན་ཁང་དུ་བསྡུས་པ་དང་། བོད་ལྗོངས་དང་སི་ཁྲོན།  ཀན་སུའུ་སོགས་ནས་ཡོང་བའི་བོད་ཀྱི་གསོ་བ་རིག་པའི་རུས་ཆག་ཆེད་མཁས་པ་ལྷན་དུ་འཛོམས་ནས། བོད་ཀྱི་གསོ་བ་རིག་པའི་རུས་ཆག་སྐོར་གྱི་ལོ་རྒྱུས་ཀྱི་འབྱུང་རྩ་དང་།     རིགས་པའི་གཞུང་ལུགས་ཀྱི་མ་ལག ནད་དཔྱད་བྱེད་ཐབས།  སྨན་བཅོས་ལག་རྩལ་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་དང་དཔྱད་བསྡུར་གཏིང་ཟབ་བྱས། 

དེའི་རིང་བོད་སྨན“བཙོ་ཐབས”འདུལ་སྦྱོང་གི་བརྒྱུད་རིམ་ཁྲོད་ཆེད་མཁས་པས་དེང་རབས་སྒྲིག་ཆས་ནང་འདྲེན་དང་འགག་རྩའི་གཞི་གྲངས་ཚད་འབེབས་བྱས་ཏེ། སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཚན་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཤིང་། “བཟོ་རྩལ་བསྐྱར་ཟློས་དང་སྤུས་ཚད་ཚོད་འཛིན། བདེ་འཇགས་འགན་སྲུང”བཅས་བྱེད་ཐུབ་པའི་དེང་རབས་ཀྱི་འདུལ་སྦྱོང་མ་ལག་རགས་ཙམ་ཆགས་པ་རེད།    

གནའ་དེང་ཟུང་འབྲེལ་བྱེད་པའི་ཐབས་ཤེས་འདིའི་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་དུའང་མངོན་ཡོད་ལ། སྨན་ཁང་གིས་ལག་ཏུ་བསྟར་གྱིན་པའི“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”རྣམ་པ་འདིས་ན་གཞོན་སྨན་པ་བོད་ལུགས་སྨན་པ་རྒན་པའི་རྗེས་སུ་འབྲངས་ནས་རི་ལ་སྨན་རྩྭ་ངོས་འཛིན་བྱེད་དུ་འགྲོ་བ་དང་། སྲོལ་རྒྱུན་གྱི་འདུལ་སྦྱོང་བྱེད་ཐབས་སློབ་སྦྱོང་བྱེད་པ།     ཚོད་ལྟ་ཁང་དུ་སོང་ནས་དེང་རབས་ཀྱི་ཞིབ་འཇུག་ལག་རྩལ་ཁོང་དུ་ཆུད་པར་ཡང་བྱེད་ཀྱིན་ཡོད།

བོད་སྨན་ལག་རྩལ་འདི་དག་རྒྱུན་འཛིན་བྱེད་པའི་ཐད་བོད་སྨན་ནི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་སྨོས་མ་དགོས།     བོད་སྨན་གྱི་ཐོན་ཁུངས་ནི་བོད་སྨན་གྱི་བྱ་གཞག་དང་བོད་སྨན་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་དང་དངོས་པོའི་འགན་སྲུང་གལ་ཆེན་ཡང་ཡིན།    

བསམ་འགྲུབ་ནོར་བུ་ཡིས“ས་བོན་རྡོག་པོ་འདི་དག་ལོ་འགའ་དང་ཡང་ན་ལོ་བཅུ་ཕྲག་ཁ་ཤས། ཐ་ན་དེ་ལས་ཀྱང་དུས་ཡུན་རིང་བོར་བཀོལ་སྤྱོད་མི་བྱེད་ནའང་ཐང་མོད། འོན་ཀྱང་འདི་དག་མཁོ་བའི་དུས་ཤིག་བྱུང་ཚེ་འདི་ཉིད་སྐྱེ་འཚར་བྱུང་ནས་ནུས་པ་ཐོན་ངེས་ཡིན”ཟེར།

སྒེའུ་ཁུང་གི་ཕྱི་རོལ་དུ་དགུན་ཁའི་ཉི་ནུབ་རྩི་གོར་ཐང་གྲོང་རྡལ་དུ་འཕྲོས་ཡོད།    གསོག་མཛོད་ཁང་དུ་ས་བོན་རྡོག་པོ་རེ་རེ་འཇམ་ཅག་གེར་ཉར་ཡོད་པ་དང་། འདི་དག་གིས་སྐྱེ་དངོས་ཀྱི་ཚེ་སྲོག་ཅིག་རུམ་ཡོད་པ་མ་ཟད།     གནའ་བོའི་གསོ་རིག་སྲོལ་རྒྱུན་གྱི་མ་འོངས་པའང་ཡིན།

ཞིན་ཧེ་རྫོང་བོད་སྨན་ཁང་གི་གཏམ་རྒྱུད་ནི་ས་བོན་རྡོག་པོ་ཞིག་དང་འདྲ་བར་ཆུང་ཡང་སྟོབས་ཤུགས་ཆེན་པོ་མངའ། མདོ་དབུས་མཐོ་སྒང་གི་བོད་སྨན་སྲུང་སྐྱོབ་པ་འདི་དག་གིས་རང་ཉིད་ཀྱི་ཐབས་ཤེས་ལ་བརྟེན་ནས་ཇི་སྲིད་དུ་གནས་པའི་གནད་དོན་ཞིག་ལ་ལན་འདེབས་ཀྱིན་ཡོད།   ང་ཚོས་སྲོལ་རྒྱུན་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ་མ་འོངས་པར་ཇི་ལྟར་ཕྱོགས་དགོས་སམ། རང་བྱུང་བེད་སྤྱོད་བྱེད་པའི་ཞོར་དུ་རང་བྱུང་ལ་ཇི་ལྟར་དྲིན་གཟོ་དགོས་སམ།

འཇམ་ཅག་གེར་ཉར་བའི་ས་བོན་རྡོག་པོ་ས་ཡ་བདུན་འབུམ་བརྒྱད་ཀྱི་ནང་དུ་ཁོ་ཚོའི་དྲིས་ལན་གསལ་བོར་མངོན་ཡོད།     

མཚོ་མོ་སྐྱིད་ཀྱིས་བསྒྱུར།