


ངའི་མིང་ལ་བསོད་ནམས་ཆོས་སྐྱིད་ཟེར། ཡུས་ཧྲུའུ་རུ་སྐྱེས་ཤིང་ཡུས་ཧྲུའུ་ནས་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་ཞིག་ཡིན། ཕ་ཡུལ་དང་བྲལ་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་། ད་ལྟ་ཕྱིར་ཕ་ཡུལ་དུ་ལོག་ཚེ། བྱིས་དུས་ཀྱི་དྲན་པ་ཉར་སའི་མཐོ་སྒང་གི་ཡུལ་གྲུ་འདི་རུ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་འདི་ལྟ་བུ་ཞིག་བྱུང་ཡོད་པ་སེམས་ལའང་དྲན་མ་མྱོང་ལ། ད་ནི་ང་རང་ཕ་ཡུལ་དུ་ལོག་པའི་ལས་གཏོད་པ་ཞིག་ཡིན་པའི་ཆ་ནས་འཕོ་འགྱུར་ཆེན་པོ་དེའི་ཁྲོད་དུ་ཞུགས་ཤིང་དེར་དངོས་སུ་བརྒྱུད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས།
དྲན་ངོས་སུ་འཆར་བའི་བྱིས་དུས་ནི་འབྲོག་པའི་རྩྭ་ཐང་གི་རླུང་དང་འབྲི་ཆུའི་འགྲམ་རྒྱུད་ཀྱི་ཉི་ཟེར། བཟའ་མི་གང་པོ་ས་ཁང་ཁང་མིག་གཉིས་ཀྱི་ནང་དུ་སྡོད་པའི་དྲོད་ཁོལ་དེ་དག་ཡིན། ཕ་མ་གཉིས་ཀྱིས་རྒྱུན་དུ་བཤད་པའི“འཚོ་བ་རིམ་གྱིས་ཇེ་བཟང་དུ་འགྲོ་ངེས། རྐང་འོག་གི་ས་གཞི་འདི་བརྗེད་མི་རུང་། དྲིན་ཤེས་དགོས”ཞེས་པའི་སྐད་ཆ་དེ་དག་ནི་མཐོ་སྒང་དུ་འཕྲོས་པའི་ཉི་འོད་དང་འདྲ་བར་ངའི་སེམས་ཀྱི་གཏིང་རིམ་དུ་དཔར།
སྔར་བས་ཁོད་ཡངས་པའི་ཁོར་ཡུག་ཅིག་འཚོལ་ཆེད། ལོ་ན་གཞོན་དུས་ཕ་ཡུལ་དང་བྲལ་ནས་གཞན་ཡུལ་དུ་བསྙེགས་མོད། འོན་ཀྱང་ཕ་ཡུལ་དང་བར་ཐག་ཇི་ལྟར་རིང་ནའང་ཕ་ཡུལ་གྱི་རྩྭ་ཐང་དང་གངས་རི། རྫི་གླུ་སོགས་ནི་ངའི་སེམས་གཏིང་གི་ཞེན་ཆགས་སའི་དྲན་ཤིང་དུ་གྱུར། དར་མའི་ལོ་ཚོད་དུ་ཐོན་པ་ན་ཕ་ཡུལ་གྱིས་བསྐྱངས་པའི་དྲིན་དང་ཕ་མ་གཉིས་ཀྱི་མངགས་བཅོལ་བསམས་ནས་ཕྱིར་ཕ་ཡུལ་ཡུས་ཧྲུའུ་རུ་ལོག་རྒྱུའི་སེམས་ཐག་བཅད། 2021ལོར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་རིམ་གྱིས་བཀོད། ང་ཡང་ཕ་མ་གཉིས་ཀྱིས་བསྐྱུར་བའི་གཞིས་རྙིང་དུ་ལོག་ནས་ལས་གཏོད་ཀྱི་འཐབ་ལམ་ལ་ཆས་མགོ་བརྩམས། ངའི་དྲན་ཕྱོགས་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་པ་སྟེ། ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་ཞིག་ཕྱེ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་པ་རྣམས་བསུས་ནས་ཡུས་ཧྲུའུ་ཡི་གནས་ཚུལ་དངོས་ལ་བལྟ་རུ་འཇུག་པ་དང་ངེད་ཚང་གི་གཏམ་རྒྱུད་ལ་ཉན་དུ་འཇུག་པ། ང་ཚོ་ཕ་ཡུལ་གྱི་ལོ་འདི་དག་གི་གཏམ་རྒྱུད་ལ་ཉན་དུ་འཇུག་བསམ་པ་དེ་ཡིན།
ལས་གཏོད་ཀྱི་དུས་མགོར། དམངས་སྲོལ་མགྲོན་ཁང་གི་ཕྱིའི་བཀོད་པ་མཛེས་དགོས་ལ་ནང་ལ་རིག་གནས་ཀྱི་ནང་དོན་ཡང་ཡོད་དགོས་པར་འདོད། ཡུས་ཧྲུའུ་ནི་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་ཡིན་ལ། འཛོམ་ཉག་ཐང་ག་དང་སེང་ཟེའི་རྡོ་བརྐོས། ཨ་འཁྲོ་བོད་གྲི་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྩ་ཆེན་མང་པོ་ཡོད། དེ་དག་ཚང་མ་ཕ་ཡུལ་གྱི་ཆེས་རྩ་ཆེ་བའི་རྒྱུ་ནོར་ཡིན། དམངས་སྲོལ་མགྲོན་ཁང་གི་སྒོ་ཆེན་ནས་སྒོ་ཟ་བར་དང་། དེ་ནས་གྱང་ངོས་ཀྱི་ལྡེབས་རིས་མཛེས་སྤྲས་ཚང་མ་ཆེད་དུ་རང་ཡུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་གདན་དྲངས་ནས་ལག་བཟོ་དང་འབྲི་རུ་བཅུག་པ་ཡིན།
ངའི་སེམས་པ་དྲོ་རུ་བཅུག་པ་ནི་ངའི་ལས་གཏོད་ལམ་ཁ་རུ་ཁེར་རྒྱུག་ཁེར་འཐབ་བྱེད་མ་དགོས་པ་དེ་ཡིན། ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཁུལ་དང་གྲོང་ཁྱེར་གྱིས་ཁེ་ལས་དང་དམངས་ལ་ཕན་འདོགས་པའི་སྲིད་ཇུས་རབ་དང་རིམ་པ་བཏོན། དེ་ནི་མཐོ་སྒང་གི་སྦྲང་ཆར་བསིལ་མ་ཞིག་དང་འདྲ་བར་ང་དང་ང་འདྲ་བའི་ན་གཞོན་ལས་གཏོད་པ་རྣམས་དྲིན་གྱིས་བསྐྱངས། ཡུས་ཧྲུའུ་ཁུལ་གྱིས“ཁེ་ལས་དང་དམངས་ལ་ཕན་འདོགས་པའི་བྱེད་ཐབས36”གནད་འཁེལ་སྒོས་དངོས་འབེབས་བྱས། དེ་ཡིས་ང་ཚོར་ལས་གཞིའི་མ་དངུལ་རོགས་སྐྱོར་བྱས་པར་མ་ཟད་ལས་གཏོད་ཀྱི་གནོན་ཤུགས་ཇེ་ཡང་དུ་བཏང་། ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་རང་འགུལ་གྱིས་འབྲེལ་ཟམ་འཕངས་ནས། ང་ཚོ་ཁེ་ལས་དག་ཁྲིད་ནས་རྒྱལ་སྤྱིའི་བཤམས་སྟོན་སྣ་ཚོགས་ལ་ཞུགས་སུ་བཅུག་པར་མ་ཟད་ད་རུང་ང་ཚོར་བཤམས་སྟོན་དུ་ཞུགས་པའི་ཁ་གསབ་སྦྱིན།
ངའི་མིག་རྒྱ་ཡངས་པོར་བསྐྱེད་པ་ནི། ཡུས་ཧྲུའུ་བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་ཀྱིས་ང་ཚོ་ནེ་པ་ལ་སོགས་ཀྱི་ས་ཆར་མངགས་ནས་སློབ་སྦྱོང་བརྗེ་རེས་བྱེད་དུ་བཅུག་པ་དང་། ཐོན་རྫས་འོས་སྦྱོར་བྱས་ཤིང་ང་ཚོས་སྔོན་ཐོན་གྱི་ཉམས་མྱོང་བསླབས་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་སྔར་བས་རྒྱ་ཆེ་བའི་ཚོང་རར་བཙོང་དུ་བཅུག་པ་དེ་རེད།
རོགས་སྐྱོར་དེ་དག་གིས་ངའི་ཐོག་མའི་བསམ་འདུན་སྔར་བས་བརྟན་པོར་བཏང་། 2022ལོར་ངས་སྐྱིད་ཆུ་དམངས་སྲོལ་འགྲུལ་ཁང་ཕྱེ་བ་ཡིན། དེར་བརྟེན་ནས་རང་ཉིད་ལ་དབང་བའི་ཟོང་རྟགས་ཏེ་ཡུས་ཧྲུའུ་དབྱར་རྩྭ་དགུན་འབུ་དང་ཡུས་ཧྲུའུ་ནས་ཀྱི་ཐོན་རྫས་སོགས་གསར་སྤེལ་བྱས་པ་ཡིན། བཤམས་སྟོན་དང་ཕྱིར་འཚོང་གི་སྟེགས་བུ་མེད་ནའང་། ཡུས་ཧྲུའུ་ཡི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་ཧ་ཅང་བཟང་།
མཐོ་སྒང་གི་ཐོན་རྫས་བཟང་པོ་དེ་དག་གི་ཚོང་བྲིན་ཆེད། ང་ཚོས་ཡུས་ཧྲུའུ་ཤེལ་དཀར་དབྱར་རྩྭ་དགུན་འབུ་ཚོང་རའི་ནང་དུ་སྨི་གྲུ་བཞི་མ200ལྷག་ཡོད་པའི་ཡུས་ཧྲུའུ་ཁུལ་ཞིང་ཕྱུགས་ཐོན་རྫས་ཉམས་ལེན་ཚོང་ཁང་ཞིག་ཕྱེ་བ་ཡིན། དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་ཆེད་དུ་རང་ཡུལ་གྱི་བུད་མེད60ལྷག་བསྡུས་ནས་ཁྱིམ་ཚང་གི་སྒོ་ཁ་རུ་ལག་ཟུང་ལ་བརྟེན་ནས་ཡོང་སྒོ་འཕར་དུ་བཅུག་ལ། དེ་དང་མཉམ་དུ། ང་ཚོས་ད་རུང་ཡུས་ཧྲུའུ་གནམ་གྲུ་ཐང་གི་ཐོག་ཁང་གཉིས་པར་སྨི་གྲུ་བཞི་མ360ལྷག་ཡོད་པའི་ཡུས་ཧྲུའུ་ཁུལ་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ལྟེ་གནས་ཤིག་ཕྱེ་ནས། ཁུལ་ཡོངས་ཀྱི་རྫོང་ལྔ་དང་གྲོང་ཁྱེར་གཅིག་གི་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་སྐྲུན་ཐོན་རྫས་སྣ་ཁ་བརྒྱ་ལྷག་གཅིག་བསྡུས་ཀྱིས་འཚོང་བཞིན་ཡོད།
བཤམས་འཚོང་ལྟེ་གནས་ཀྱི་སློབ་ཆེན་པའི་ལས་བཟོ་པ་རྣམས་བོད་རྒྱ་སྐད་གཉིས་ལ་ཐོགས་པ་མེད་ལ། ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་རེ་རེར་ཞབས་འདེགས་དང་སྣེ་ལེན་བྱས་ཏེ། ཡུས་ཧྲུའུ་ཡི་སྐྱེ་ཁམས་ཀྱི་མཛེས་པ་དང་རིག་གནས་ཀྱི་མཛེས་པ་ཐག་རིང་ནས་ཐོན་པའི་མགྲོན་པོར་བརྒྱུད་སྒྲོག་བྱེད་བཞིན་ཡོད།
ད་ལྟ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་དམངས་སྲོལ་འགྲུལ་ཁང་དུ་བསྡད་ནས་ཞིམ་མངར་ལྡན་པའི་ནས་ཆང་སྔོན་མོ་དང་འཚོ་བཅུད་སྣ་འཛོམས་ཀྱི་དབྱར་རྩྭ་དགུན་འབུའི་གསོལ་ཇ་ལ་རོལ་མྱོང་བྱེད་པ་དང་། འགྲོ་ཁར་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་འགའ་ཉོས་ནས་འགྲོ་བཞིན་ཡོད། མཐོ་སྒང་གི་གནང་འབུལ་མཚོན་པའི་ཐོན་རྫས་དེ་དག་ཡུས་ཧྲུའུ་ནས་གཞན་ཡུལ་དུ་ཐོན་པའི་ཚུལ་དེ་དག་མཐོང་ན། “ཕ་ཡུལ་གྱི་དངོས་པོ་ལེགས་པོ་མི་སྔར་བས་མང་པོ་ཞིག་ལ་ཤེས་སུ་འཇུག་པའི”རང་ཉིད་ཀྱི་ཕུགས་བསམ་རིམ་པ་བཞིན་མངོན་འགྱུར་འབྱུང་བཞིན་པ་ཚོར།
དེ་བས་ཀྱང་དགའ་འོས་པ་ཞིག་ནི། མིག་སྔར་ང་ཚོས་རང་ཡུལ་གྱི་མང་ཚོགས14ལས་ཀར་ཞུགས་སུ་བཅུག་ཡོད་ལ། དེའི་ནང་དུ་སློབ་མཐར་ཕྱིན་མ་ཐག་པའི་སློབ་ཆེན་པ་དང་། དབང་པོ་སྐྱོན་ཅན། ཕ་མ་ཁེར་རྐྱང་གི་མི་སྣ་བཅས་ཡོད། ཁོ་ཚོས་རང་ཉིད་ཀྱི་རྩོལ་བར་བརྟེན་ནས་ཡོང་སྒོ་བཙལ་ཏེ་འཚོ་བ་ཇེ་བཟང་དུ་འགྲོ་བཞིན་པ་མཐོང་ན། ངའི་སེམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་ཆེན་པོ་སྐྱེས།
ད་ལྟ། ཡུས་ཧྲུའུ་རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་གྱུར་ཡོད་ལ། རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས669ཡོད། རྒྱུན་འཛིན་པ730ཡུལ་འདིར་གཞི་ཚུགས་ཏེ་བཟོ་རྩལ་རྒྱུན་འཛིན་དང་དེང་རབས་ཐོན་ལས་གཏིང་ཟབ་མཉམ་འདྲེས་བྱས་ནས། རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་བཞིན་ཡོད། ཕ་ཡུལ་གྱི་སྐྱེ་ཁམས་ཇེ་བཟང་ནས་ཇེ་བཟང་དང་ཐོན་ལས་ཇེ་དར་ནས་ཇེ་དར། ཡུལ་མི་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བཞིན་པ་མཐོང་ན་ང་རང་ཤིན་ཏུ་དགའ་བ་ཞིག་རེད།
ཕྱིར་རང་ཡུལ་དུ་ལོག་པའི་ལས་གཏོད་པ་ཞིག་ཡིན་པའི་ང་རང་ལ་མཚོན་ན་དུས་རབས་ཀྱི་འགྱུར་ལྡོག་འདིའི་ཁྲོད་ཀྱི་འོད་སྣང་ཕྲ་མོ་ཞིག་ཡིན། དོན་ངོ་མས་འདི་དག་ཚང་མ་སྐྲུན་མཁན་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡིན་པ་དང་། ཏང་ཨུ་དང་སྲིད་གཞུང་གིས་ཡང་དག་སྒོས་སྣེ་འདྲེན་བྱས་པ་ལས་ཐོན་པ་ཡིན་ལ། ཡུས་ཧྲུའུ་ཡི་བུ་བུ་མོ་རེ་རེའི་འབད་བརྩོན་ལྷོད་མེད་བྱས་པ་ལས་ཐོན་པའང་ཡིན།
ཤ་བོ་རིན་མཚོས་བསྒྱུར།