
དུས་རབས་གསར་པ་མདུན་ནས་མདུན་དུ་བསྐྱོད། ལས་འགན་གསར་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འགོ་རྩོམ་པའི་ལོ་ཡིན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལས་བརྒྱུད་སྤྲོད་བྱས་པའི་སྲོག་ཤིང་དུ་གྱུར་བའི་ངོས་འཛིན་གཅིག་མཐུན་ནི་གསལ་ཞིང་བརྟན་པོ་ཡིན་ཏེ། “སྲིད་འབྲས་ལྟ་བ་ཡང་དག་ཆགས་པ་དང་ལག་ལེན་བྱེད་པ། ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤེས་པ་དང་། བརྩེ་བ་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། དོན་དངོས་ནས་འགོ་བརྩམས་ནས་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་སྒོས། རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་བརྩོན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན་དགོས།” འདི་ནི་སྲིད་སྐྱོང་གི་གནད་འགག་དང་སྲིད་སྐྱོང་གི་རྩ་དོན་ཡིན་ལ། མི་དམངས་བསམ་པ་དང་ལས་དོན་སྒྲུབ་པའི་རྨང་གཞི་ཡང་ཡིན་ལ། ཞིང་ཆེན་དར་རྒྱས་ཀྱི་ཐབས་ཇུས་དང་འབད་བརྩོན་གྱི་བླ་སྲོག་ཀྱང་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་པའི་འགག་རྩའི་དུས་རིམ་དུ་ལངས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་བརྟན་པོར་འཁུར་བ་དང་། ལས་འགན་ལག་ལེན་བསྟར་ཏེ། ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤེས་པ་དང་། བརྩེ་བ་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། རང་རྟོགས་ངང“ཡིད་ཆེས་བརྟན་པོ་དང་། དངོས་སྒྲུབ། འགན་ཁུར། རང་གཅུན་བཅས་ཀྱི་བླང་བྱ་གལ་ཆེན་ལག་ལེན་བསྟར་བ་དང་། བསམ་བློ་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། དངོས་སྒྲུབ་བྱས་ནས་རང་སྟོབས་འཕེལ་བ། ཁྲིམས་སྐྱོང་གིས་སྲུང་སྐྱེལ། སྤྱོད་གཙང་ལ་བརྟེན་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་གཏོད་དགོས།
སྲིད་འབྲས་ལྟ་བ་ཡང་དག་གིས་ཐོག་མར“སུ་ཞིག་གི་ཆེད་དུ་གསར་གཏོད”བྱེད་པའི་རྩ་བའི་གནད་དོན་ལ་ལན་འདེབས་དགོས། ཚོགས་འདུ་ལས“རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་བརྩོན”ཞེས་ནན་བཤད་བྱས་པ་དེས་ཆབ་སྲིད་བྱས་འབྲས་ཀྱི་མི་དམངས་རང་བཞིན་གྱི་ངོ་བོ་གསལ་སྟོན་བྱས་ཡོད། བཀའ་དྲིན་ཤེས་པ་དང་། བརྩེ་བ་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། མི་དམངས་ཀྱི་ལངས་ཕྱོགས་སེམས་སུ་ངེས་ནས་མང་ཚོགས་ཀྱི་རེ་སྒུག་དེ་འབད་འཐབ་ཀྱི་ཁ་ཕྱོགས་སུ་བརྩི་དགོས། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུས་ཚེ་ཆབ་སྲིད་བྱས་འབྲས་ལ་གཞི་ནས་རྨང་གཞི་བརྟན་པོ་དང་ཡུན་རིང་གི་རིན་ཐང་ལྡན་ཐུབ། སྲིད་འབྲས་ལྟ་བ་ཡང་དག་གིས་གཙོ་བོ“གསར་གཏོད་ཇི་ལྟར”བྱེད་པའི་ཚན་རིག་གི་ཐབས་ལམ་ཁོང་དུ་ཆུད་དགོས། “དོན་དངོས་ནས་འགོ་བརྩམས་ནས་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ”དང“དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན”ཞེས་པ་འདིས་གྲུབ་འབྲས་དངོས་གཏོད་པའི་བརྟག་ཐབས་སྨྲ་བ་གསལ་སྟོན་བྱས་ཡོད། འདིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་དངོས་དང་ཁ་བྲལ་ལ་ཆོས་ཉིད་དང་རྒྱབ་འགལ་བྱས་ཡོད་པའི་གཟུགས་བརྙན་བཟོ་བཀོད་མཐའ་གཅིག་ཏུ་དོར་ནས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་ཡུལ་དངོས་དང་པོར་སོང་ནས་བརྟག་དཔྱད་ཞིབ་འཇུག་བརྒྱུད་དེ་བྱ་བ་རེ་རེར་ལག་ལེན་དང་ལོ་རྒྱུས་ཀྱི་བརྟག་བཤེར་ཐེག་ཐུབ་པའི་བླང་བྱ་བཏོན་ཡོད།
སྤྱོད་ཚུལ་བཟང་པོ་ནི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་འདེགས་སྐྱོར་ཡིན། བསམ་བློའི་སྦྱོང་བརྡར་ལ་བརྟེན་ནས་རྨང་གཞི་བརྟན་པོ་འདིང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བསམ་བློར་ངེས་ཤེས་བསྐྱེད་པ་དང་བློ་སྒྲིལ་སེམས་སྐྱེད་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་དགོས། སྒྲིག་ཁྲིམས་ནི་ཏང་གི་སྲོག་རྩ་ཡིན་པ་དང་། ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱ་རྒྱུ་ནི་ཏང་གིས་དཀའ་ངལ་འགག་སྒྲོལ་བྱེད་པའི་ཐབས་མཆོག་ཡིན། སྒྲིག་ཁྲིམས་ནན་མོར་བརྟེན་ནས་ཁོར་ཡུག་ལེགས་སྒྱུར་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་མོ་དང་། འཚོ་བ་གྲོན་ཆུང་གིས་རོལ་བར་གོམས་པ། ནོར་འཁྲུལ་གྱི་སྲིད་འབྲས་ལྟ་བ་ཆགས་པའི་ཁོར་ཡུག་མེད་པར་བཟོས་ནས་བྱ་བ་རེ་རེ་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། ཕན་འབྲས་མཐོང་ཐུབ་པར་ཁག་ཐེག་བྱེད་དགོས། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་ལས་སྒྲུབ་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྐྱོང་གི་ཚད་ཐིག་ལ་བརྟེན་ནས་བདེ་འཇགས་ཀྱི་ཚད་མཐའ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ཁྲིམས་སྐྱོང་གིས་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་བཅས་ལ་ཁྲིད་སྟོན་དང་། ཚད་ལྡན་དུ་གཏོང་བ། འགན་སྲུང་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ལས་བྱེད་པས“ལས་ཀ་སྒྲུབ་པ”གཙོ་བོར་འཛིན་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། བྱ་བ་དང་ལས་འགན་སོ་སོ་དཀའ་ཚེགས་ཆེ་ཞིང་། གནས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ཀྱིས་ཏང་ཡོན་ལས་བྱེད་པའི་ནུས་པ་དང་སྤྱོད་ཚུལ་ལ་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། “ལག་བསྟར་པ་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་པ”བཅས་ལེགས་པོ་བྱས་ཏེ་འགན་འཁྲི་ཁུར་ལེན་གྱིས་སྤྱོད་ཚུལ་ལ་བརྟག་དགོས། ཞབས་ཞུའི་ནུས་ཆོད་མཐོ་རུ་གཏོང་རྒྱུ་དང་། སེམས་ཤུགས་དང་བརྩེ་བ་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ། འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་དང་མང་ཚོགས་ཀྱི་བསྔགས་བརྗོད་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟག་བཤེར་བྱེད་དགོས།
སྤྱོད་ཚུལ་གཙང་ན་དྲང་གཞག་སྐྱོང་། དྲང་གཞག་བསྐྱངས་ན་ལས་རིགས་དར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་བརྩམས་ཏེ་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོའི་ཐོག་ནས་སྲིད་འབྲས་ལྟ་བ་ཡང་དག་སེམས་སུ་ངེས་ནས་སྤྱོད་ཚུལ་བཟང་པོའི་ཐོག་ནས་ལས་དོན་སྒྲུབ་པ་དང་། ཆོས་ཉིད་ཁོང་དུ་ཆུད་པའི་ཁྲོད་ཚན་རིག་དང་མཐུན་པར་བྱས་རྗེས་འཇོག་པ། དམ་འཛིན་དངོས་སྒྲུབ་ཁྲོད་རྣམ་པ་གསར་འབྱེད་བཅས་བྱས་ཏེ་སྤྱོད་ཚུལ་ལེགས་པོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱེད་དགོས།
མཚོ་མོ་སྐྱིད་ཀྱིས་བསྒྱུར།