
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་དཔྱིད་མགོའི་ཁ་བ་བབས་པས། མེ་ལྷ་གངས་དཀར་མཛེས་ལྗོངས་ཁུལ་དུ་ཁ་བའི་འདབ་མ་གང་སར་འཕུར་ཞིང་། མདོ་ལའི་གངས་རིས་དངུལ་མདོག་གི་ལྭ་བ་བཀླུབས་ནས། བརྗིད་ཆགས་མཛེས་སྡུག་གི་མཐོ་སྒང་ཁ་བའི་ལྗོངས་ཀྱི་མཛེས་རིས་ཤིག་ངང་གིས་གྲུབ། གྲང་རླུང་དང་ཁ་བ་གདོང་གིས་བསུ་དགོས་རུང་། མཛེས་ལྗོངས་ཁུལ་དུ་སྔར་བཞིན་ཡུལ་སྐོར་པས་ཁེངས་ཤིང་། ཚང་མས་ཁ་བ་རྡོག་པས་གནོན་བཞིན་ཡུལ་ལྗོངས་ལ་རོལ་བ་དང་། མཛེས་ལྗོངས་པར་དུ་བླངས་ནས། དཔྱིད་དུས་ཀྱི་གངས་རིའི་མཛེས་ལྗོངས་ཁྲོད་བཟི་འདུག

“མགོ་བོ་ཡར་ལ་ཁྱོག བར་སྣང་ལ་ལྟོས་་་་་་” སེམས་སྦྲེལ་མཚེའུའི་འགྲམ་དུ། ཡུལ་སྐོར་པས་ཕན་ཚུན་བར་ལ་པར་རྒྱག་སྟངས་ཁྲིད་པ་དང་། རྒྱབ་ཕྱོགས་ཀྱི་གངས་རི་དཀར་པོ་དང་དྭངས་གསལ་མཚེའུ་གཉིས་མཉམ་དུ་བརྙན་མིག་གཅིག་ལ་ཚུད་པར་བྱས་ཏེ། མཐོ་སྒང་ཁོ་ནར་ལྡན་པའི་མཛེས་ལྗོངས་པར་དུ་བཀོད། “གཞི་ནས་འདུན་མ་མངོན་འགྱུར་བྱུང་སོང་། དེབ་ཆུང་དམར་པོ་ལས་ཐེངས་དང་པོར་མེ་ལྷ་གངས་དཀར་མཐོང་བས་ཡིད་དབང་རབ་ཏུ་འཕྲོག དེ་རིང་ཆེད་དུ་ལན་ཀྲོའུ་ནས་ཡོང་བ་ཡིན་ལ། མི་ཚེའི་གངས་རི་དང་པོ་བདེ་བླག་ངང་པར་རྒྱག་ཐུབ་བྱུང་།”ཡུལ་སྐོར་པ་ཀུའོ་ཅ་ཡིས་སྐད་ཆ་དེ་བཤད་ཚར་མ་ཐག་ཏུ། འགྲམ་གྱི་གྲོགས་པོ་ཕེང་ཆན་ཝུན་གྱིས་དེར་མཐུད་ནས“རིགས་གཅིག་པའི་མཛེས་ལྗོངས་ཁུལ་གཞན་དག་དང་བསྡུར་ན། ངའི་བསམ་པར་མེ་ལྷ་གངས་དཀར་གྱི་གདོད་མའི་རང་མདངས་ཡལ་མེད་པས། ལྗོངས་ཁུལ་ཞབས་ཞུའི་རླངས་འཁོར་ལས་བབས་མ་ཐག གཡུ་མདོག་གི་མཚེའུས་ང་ཚོའི་ཡིད་དབང་བཀུག་ཅིང་། མཛེས་ལྗོངས་ལྟ་བས་ཆོག་མི་ཤེས།”ཞེས་བཤད།
མིན་ཡོན་རྫོང་དུ་གནས་པའི་མེ་ལྷ་གངས་དཀར་ནི་མདོ་ལའི་རི་རྒྱུད་ཀྱི་ཤར་མཚམས་སུ་འགྱིང་བའི་རི་རྩེ་མཐོ་ཤོས་དེ་ཡིན་ལ། གཙོ་རིའི་མཚོ་འཕགས་ལ་སྨི5254.5དང་། བར་རི་དང་རི་རྩེ་གསུམ་པ་གཉིས་ལ་སྨི5150དང་སྨི5005ཡོད། རི་རྩེ་ལོ་ངོ་མང་པོར་གངས་ཀྱིས་གཡོགས་ཤིང་། རྒྱལ་ནང་གི་གྲོང་ཁྱེར་དང་བར་ཐག་ཉེ་ཤོས་ཀྱི་མཚོ་འཕགས་མཐོ་བའི་གངས་རིའི་གྲས་ཀྱི་གཅིག་རེད། 2011ལོ་ནས་བཟུང་། གནས་དེ་གར་བསྟུད་མར་མེ་ལྷ་གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་སྤེལ་རེས་ཚོགས་ཆེན་སྐབས་བདུན་ལ་འཚོགས་པ་དང་། 2016ལོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་འགུལ་སྐྱོད་དོ་དམ་ལྟེ་གནས་ཀྱིས“རྒྱལ་ཁབ་ཀྱི་གངས་ཤུད་རི་འཛེག་སྦྱོང་བརྡར་རྟེན་གཞི”ཞེས་མིང་བཏགས་ཏེ། རང་རྒྱལ་གྱི་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་ཆ་རྐྱེན་ལེགས་ཤོས་ཀྱི་གངས་ཤུད་རི་འཛེག་རྟེན་གཞི་རུ་གྱུར།
“ཡུལ་སྐོར་པ་མང་ཆེ་བ་རི་རྩེ་གསུམ་པར་འཛེག་བཞིན་ཡོད་ལ། གནས་དེའི་མཚོ་འཕགས་ནི་ཏག་ཏག་རྒྱལ་ཁབ་ཀྱི་སྨི5སྟོང་རིམ་པའི་གངས་རིའི་ཚད་གཞིར་སླེབས་པ་དང་། ལུས་རྩལ་ཅུས་སུ་ཐོ་འགོད་སྙན་སེང་ཞུས་རྗེས་རི་ཁུལ་དུ་སོང་ཆོག རི་འཛེག་རིམ་སྤོར་སྦྱོང་བརྡར་གྱི་བླང་བྱ་དང་འཚམ་ཞིང་། ལས་དང་པོ་བའི་ཉམས་ལེན་དགོས་མཁོ་དང་ཡང་མཐུན། ”མེ་ལྷ་གངས་དཀར་ལྗོངས་ཁུལ་གྱི་སྤྱི་གཉེར་པ་མ་ལིའང་གིས་ངོ་སྤྲོད་བྱས་པ་ལྟར་ན། “དགེ་མཚན་དེ་ལྟ་བུ་རྨང་གཞིར་བཟུང་ནས། ང་ཚོས་རི་རྩེ་གསུམ་པ་དེ‘མི་ཚེའི་གངས་རི་དང་པོའི’ཁྱད་ལྡན་ཟོང་རྟགས་སུ་བསྐྲུན་པ་དང་། རི་འཛེག་དགའ་མོས་མཁན་སྔར་ལས་མང་པོ་ཞིག་གིས་གནས་དེ་ནས་གངས་རིའི་རི་རྩེ་སྙེག་པའི་འགྲུལ་བཞུད་མགོ་རྩོམ་བཞིན་ཡོད།”

“གནས་དེ་ནས་གངས་རྩེར་སྙེག་ན་དཀའ་ཚེགས་ཆེན་པོ་མེད་ལ། ཡུལ་ལྗོངས་ཀྱང་ཤིན་ཏུ་མཛེས་པས། དགའ་མོས་མཁན་གསར་པ་རྣམས་ཀྱི་འཇུག་སྒོ་མཆོག་ཏུ་གྱུར་པ་ཞིག་རེད།”རི་འཛེག་དགའ་མོས་མཁན་མང་པོ་ཞིག་གིས་ལྷུག་པོར་བརྗོད་རྒྱུར། མེ་ལྷ་གངས་དཀར་གྱི་ལམ་ཐིག་ཁོད་སྙོམས་ཤིང་། སྒྲིག་ཆས་འཐུས་སྒོ་ཚང་བས། མཚོ་འཕགས་མཐོ་བའི་རི་འཛེག་གི་སྤྲོ་སྣང་ཉམས་སུ་མྱོང་ཐུབ་ལ། འཁྱགས་ཀླུང་དང་སྤྲིན་གྱི་རྒྱ་མཚོ། ཚོན་མདངས་སྣ་བདུན་གྱི་རྦབ་ཆུ་བཅས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཡང་འཕྲད་ཐུབ་པས། རྨང་གཞི་མེད་པའི་རི་འཛེག་མཁན་སྔར་ལས་མང་པོ་ཞིག་དེ་རུ་ཡོང་ནས་འདུན་མ་མངོན་འགྱུར་བྱས་དང་བྱེད་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2025ལོར། མེ་ལྷ་གངས་དཀར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་འབུམ་དགུ་དང་ཁྲི་བདུན་བཞི་བརྒྱ་སྣེ་ལེན་བྱས་ནས། ཡུལ་སྐོར་སྤྱིའི་ཡོང་སྒོ་སྒོར་མོ་བྱེ་བ་བདུན་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་དགུ་སྟོང་ལྔ་བཙལ་ཡོད་པ་དང་། ད་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་ཡུལ་སྐོར་པ་མི་ཐེངས་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ས་ཡ་གཅིག་འབུམ་ལྔ་ཁྲི་བདུན་སྣེ་ལེན་བྱས་ཤིང་། “གྲང་ངར་ཐོན་ཁུངས”དེ་རྒྱུན་མཐུད་ངང“ཚ་བའི་དཔལ་འབྱོར”དུ་བསྒྱུར་པས། མདོ་ལ་རིང་མོ་དང་མེ་ལྷ་གངས་དཀར་གྱི་ཕྱི་རོལ་འགུལ་སྐྱོད་ལས་གཞིའི་དམིགས་ས་དེ་དགུན་དུས་མཐོ་སྒང་གི་ཡུལ་སྐོར་མཛེས་ལྗོངས་པར་ལེན་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། གངས་འཁྱག་ཡུལ་སྐོར་ནི་རིག་གནས་ཡུལ་སྐོར་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།
མཛེས་ལྗོངས་ཁུལ་གྱི་ཚ་རླབས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དེས། ས་གནས་དེ་གའི་ཁྱད་ལྡན་ཡུལ་སྐོར་ཉམས་ལེན་ལས་གཞིའི་དར་ཁྱབ་ཆེ་རུ་བཏང་། “རི་ལ་འགོ་སྐབས་ལུས་པོ་མདུན་དུ་ཅུང་ཟད་སྒུར་དགོས་པ་དང་། རྐང་པ་བརྟན་པོར་སྤོས་ནས་གན་རྐྱལ་དུ་མི་འགྱེལ་བ་བྱེད་དགོས་་་་་་” ཚོན་མདངས་བདུན་ལྡན་རྦབ་ཆུའི་མདུན་གྱི་རྟའི་རུ་ཁག་གི་འགྲམ་དུ། ལས་སྒྲུབ་པས་སྙིང་ཉེ་བའི་ངང་ཧྲང་ཧའེ་དང་ཝུའུ་ཧན་སོགས་ནས་ཡོང་བའི་ཡུལ་སྐོར་པར་རྟར་ཞོན་སྟངས་དམར་ཁྲིད་བྱེད་བཞིན་ཡོད་ལ། རྟར་ཞོན་ནས་གངས་རིར་འཛེག་སྐབས་མཉམ་འཇོག་བྱ་དགོས་པའི་དོན་ཚན་དག་ཞིབ་ཕྲའི་ངང་གདམས་བཞིན་འདུག
ལམ་བར་དུ། སྣེ་ཤན་པས་ཐོག་མཐའ་བར་གསུམ་དུ་རུ་སྣ་འདྲེན་ཞིང་། ཕྱིར་མིག་ལྟ་བཞིན་རུ་ཁག་ལ་མིག་བཤེར་བྱེད་ཀྱིན་འདུག རྟ་ཁྱུ་ཀྱག་ཀྱོག་གི་རི་ལམ་དུ་གྲལ་བསྒྲིགས་ནས་སྐྱོད་ཐུབ་པ་དང་། འཚང་ཁ་མི་རྒྱག་པའི་ཆེད་དུ། ཐེངས་རེ་རེར་རི་ལ་མ་འགོས་གོང་། ལས་སྒྲུབ་མི་སྣས་ནན་ཏན་གྱིས་རྟ་རྗེས་མའི་མཐུར་མདའ་དེ་རྟ་སྔོན་མའི་སྒ་ལ་དམ་པོར་སྡོམ་པ་ཡིན། སྲབ་མདའ་ཕན་ཚུན་སྦྲེལ་ཚེ། གོམ་སྟབས་གཅིག་ཡིན་ལ། རྟ་རྨིག་གིས་རྡོ་ལམ་བཅད་ནས། ཡུལ་སྐོར་པ་རྣམས་བདེ་བླག་གིས་གངས་རིའི་ཁོང་གསེང་དུ་སྐྱེལ་བཞིན་འདུག
“མིག་སྔར་ང་ཚོར་རྟ200ལྷག་ཡོད་ལ། དེའི་ཁྲོད་ཀྱི་ཁག་ཅིག་ནི་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་འགག་ལུང་ཞོལ་མ་སྡེ་བའི་སྡེ་དམངས་ཀྱིས་མ་རྐང་དུ་བཞག་པའི་རྟ་ཡིན། རྟ་ཚང་མ་ང་ཚོས་གཅིག་གྱུར་ངང་གཉེར་སྐྱོང་དོ་དམ་བྱེད་བཞིན་ཡོད་ལ། ཟླ་རེར་སྡེ་དམངས་ལ་ཁེ་སྤོགས་བགོ་བཤའ་རྒྱག་བཞིན་ཡོད། རྟ་རེར་ཟླ་རེར་ཁེ་སྤོགས་སྒོར་ཁྲི་གཅིག་ནས་ཁྲི་གཅིག་དང་སྟོང་ལྔ་ཙམ་ཡོད། གལ་ཏེ་སྡེ་དམངས་མ་རྐང་དུ་ཞུགས་པ་མ་ཟད། སྣེ་ཤན་པའང་བྱས་ཚེ། དེ་ལས་གཞན་པའི་གླ་ཕོགས་མང་པོ་ལེན་ཐུབ།”རྟའི་རུ་ཁག་གི་འགན་འཁུར་པ་མ་ཝུན་ཝེས་ངོ་སྤྲོད་བྱེད་རྒྱུར། ཉེ་ཆར་ལྗོངས་ཁུལ་དུ་ཉིན་རེར་ཡུལ་སྐོར་པ་རྒྱུན་མི་ཆད་པ་དང་། ལོ་གསར་སྐབས་སུ་རྟ་གཅིག་ཀྱང་གཡར་དཀའ། རྟ80ལྷག་དུས་མཉམ་དུ་འཁོར་སྐྱོད་བྱས་ཀྱང་། སྔར་བཞིན་ཡུལ་སྐོར་པའི་ཉམས་ལེན་དགོས་མཁོ་བསྐང་ཐུབ་ཀྱིན་མེད།
མིག་སྔར། འགག་ལུང་ཞོལ་མ་སྡེ་བ་ཁོ་ནར་མེ་ལྷ་གངས་དཀར་རི་འཛེག་ཡུལ་སྐོར་གྱི་འབྲེལ་ཡོད་ལས་ཀ་གཉེར་མཁན་གྱི་མི30ལྷག་ཡོད། མིན་ཡོན་རྫོང་དུ། ཐོན་ལས་དེས་ས་གནས་དེའི“སྣེ་ཤན་དཔལ་འབྱོར”དང“ཐང་བཤམས་དཔལ་འབྱོར”། “རྟ་ཁྲིད་དཔལ་འབྱོར”སོགས་ཁྱད་ལྡན་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། ཉེ་འཁོར་གྱི་མི2000ལས་བརྒལ་བ་ཞིག་འབྲེལ་ཡོད་ཐོན་ལས་སུ་ཞུགས་པར་ཡོངས་ཁྱབ་སྐུལ་ཁྲིད་བྱས་ཡོད་པ་དང་། “ལྗོངས་ཁུལ་དར་བ་དང་ཉེ་འཁོར་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་འཕར། མི་རིགས་འཆམ་མཐུན”བཅས་ཀྱི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད།
ད་སྐབས་མེ་ལྷ་གངས་དཀར་རི་བོར་ཕེབས་མཁན་ལ། ས་ཕྱོགས་ཀུན་གྱི་ཡུལ་སྐོར་པ་མང་པོ་དང་ཆེད་ལས་ཀྱི་རི་འཛེག་ལུས་རྩལ་པ་ཡོད་པར་མ་ཟད། གངས་རིར་ཐོག་མར་འགོ་བའི་འདུན་མ་མངོན་འགྱུར་གྱི་ཆེད་དུ་ཡོང་བའི་རྨང་གཞི་མེད་པའི་རི་འཛེག་དགའ་མོས་མཁན་གསར་པའང་ཡོད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་སློབ་མས་ཚོགས་པ་བཙུགས་ནས་གནད་དེར་ཡུལ་སྐོར་པར་ལེན་བྱེད་བཞིན་ཡོད་ལ། དབུ་སྐྲ་དཀར་བའི་རྒན་རྒོན་གྱིས་རེ་སྨོན་འཆང་བཞིན་གངས་རིའི་མཛེས་ལྗོངས་ཉམས་སུ་མྱོང་བའང་ཡོད། ལོ་ན་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་ཡུལ་སྐོར་པ་རྣམས་གངས་རིའི་དབང་གིས་གནས་དེར་འཛོམས་ཏེ། མཛེས་ལྗོངས་ལ་རོལ་བ་དང་གངས་རིར་འཛེག་པ། རང་བྱུང་ཁམས་ཀྱི་མཛེས་པ་ཉམས་སུ་མྱོང་བ་བཅས་བྱེད་བཞིན་ཡོད་ལ། ཆུ་རྒྱུན་བཞིན་ཆད་པ་མེད་པའི་མི་ཚོགས་ཀྱིས་མེ་ལྷ་གངས་དཀར་གྱི་གྲགས་པ་མུ་མཐུད་རྒྱས་སུ་བཅུག་པས། མཐོ་སྒང་གི་དགུན་དུས་ཡུལ་སྐོར་གྱི་མིག་དབང་འཕྲོག་པའི་མིང་བྱང་ཞིག་ཏུ་གྱུར་ཡོད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།